སྨན་པ་གཡང་འབུམ་རྒྱལ།
ལྷ་རྗེ་དགེ་བ་འབུམ་ནི་དེང་སང་ལྟར་བཤད་ན་དམངས་ཕན་དགེ་སྒྲུབ་ཀྱི་ལས་ལ་གཏོང་ཕོད་ཆེ་བའི་བྱམས་བརྩེའི་བདག་ཉིད་(philanthropist) ཅན་ཞིག་ཡིན། ཁོང་ནི་དུས་རབས་བཅུ་གཉིས་པར་ལྷ་སའམ་སྐྱིད་ཤོད་དུ་འཁྲུངས་ཤིང་། གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པའི་སློབ་མ་ཡིན་ལ། ཆོས་ཀྱི་བྱ་བ་དང་སྨན་དཔྱད་ཀྱི་འགྲོ་དོན་རྒྱ་ཆེར་གནང་སྟེ་བཞུགས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཞིག་ཡིན།
ཁོང་གིས་ཐེངས་ཤིག་ལྷ་སའི་གཙང་པོ་ཆེར་རྒྱས་ཏེ་ཆུ་ལོགས་ཀྱི་འཇིགས་པ་ཆེན་པོ་ཡོད་པ་མཐོང་སྟེ། དུས་རབས་བརྒྱད་པའི་སྐབས་དུས་ཤིག་ལ་གཙང་ཆུ་ཤོར་ནས་ལྷ་སར་ཆུ་ཉེན༌ཤིན་ཏུ་ཆེ་བ་བྱུང་སྐབས་ཉང་ཉི་མ་འོད་ཟེར་གྱིས་བསྐྲུན་པའི་ཆུ་རགས་ཇོ་བོ་རགས་ཁའི་རྨང་གཞིའི་ཁ་སྣོན་དུ། ཆུ་རགས་ཇེ་བརྟན་དང་རྒྱ་ཆེན་པོ་ཅན་ཞིག་བརྒྱབ་ཏེ་གཙུག་ལག་ཁང་གི་རྟེན་དང་བརྟེན་པ་དང་ལྷ་སའི་མི་དམངས་དང་བཅས་པ་ཆུ་ཉེན་ལས་སྐྱོབ་ཆེད་རང་ཉིད་ཀྱིས་སྨན་བཅོས་ཀྱི་འགྲོ་དོན་བསྐྱངས་པ་ནས་བྱུང་བའི་སྨན་ཡོན་ཡོད་དོ་ཅོག་ཆུ་རགས་ཀྱི་འགྲོ་གྲོན་དུ་ནར་གཏོང་བྱས་ཡོད། ཁོང་གི་རླབས་ཆེན་གྱི་དམངས་ཕན་དགེ་བསྒྲུབ་ཀྱི་མཛད་རྗེས་རྣམས་ཕྱི་རབས་པ་ཚོས་དྲན་གསོ་ཞུ་ཆེད་ཁོང་གི་སྐུ་བརྙན་བཞེངས་ཏེ་ལྷ་སའི་གཙུག་ལག་ཁང་གི་བྱམས་པ་མཆེད་བཞིའི་ལྷ་ཁང་དུ་བཞུགས་སུ་གསོལ་ཡོད་པ་དང་། དེང་སང་ཡང་ཁོང་གི་སྐུ་བརྙན་དངོས་སུ་མཇལ་རྒྱུ་ཡོད་པ་དེ་ཡིན།
ཁོང་གིས་ད་དུང་ལྷ་ས་གཙུག་ལག་ཁང་གི་དཀོར་གཉེར་རྒྱུན་རིང་གནང་མྱོང་བ་དང་། སྐུ་གཤེགས་ཁར་ཞལ་ཆེམས་བཞག་སྟེ་གཙུག་ལག་ཁང་ལ་ཆུའི་གནོད་པ་མི་ཡོང་བའི་ཆེད་དུ་བྱམས་པ་མཆེད་བཞིའི་ལྷ་ཁང་གི་སྒྲོལ་དཀར་སྐུ་འདྲ་ཞིག་ཏུ་ཁོང་གི་སྐུ་གདུང་ཧྲིལ་པོ་གཟུངས་བཞུགས་སུ་འཇོག་གནང་བཅུག་ཡོད་པའི་ཤོད་སྲོལ་ཞིག་དང་། གཞན་ཡང་ཁོང་གི་སྐུ་གདུང་ཆ་ཚང་ཆུ་རགས་ཀྱི་འགྲམ་དུ་བཞེངས་པའི་སྐུ་འབུམ་ཐང༌མཆོད་རྟེན་ཞེས་པའི་ནང་དུ་བཞུགས་ཡོད་པའི་བཤད་སྲོལ་གཉིས་ཡོད། ཡིན་ནའང་དུས་འགྱུར་རྗེས་སུ་རིག་གནས་གསར་བརྗེའི་སྐབས་མཆོད་རྟེན་དེ་དང་གཙུག་ལག་ཁང་གི་སྒྲོལ་མ་ངོ་མ་གཉིས་ལ་གཏོར་བཤིགས་ཐེབས་ཏེ་ཤུལ་མེད་དུ་གྱུར་ནའང་རྗེས་སོར་སྒྲོལ་མའི་སྐུ་འདྲ་ཚབ་མ་ཞིག་གསར་བཞེངས་བྱས་ཡོད་པར་བཤད།
དེ་ལྟར་ལྷ་རྗེ་དགེ་བ་འབུམ་མཁས་གྲུབ་གཉིས་ལྡན་གྱི་སྨན་པ་མཛད་རྗེས་ཅན་ཞིག་ཡིན་དོན་ཡང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་༼གསོ་རིག་སྨན་གྱི་ཁོག་འབུགས་༽ནང་དུ་ཡོངས་སུ་གྲགས་པའི་སྨན་པའི་མཚན་བགྲངས་སྐབས་ལྷ་རྗེ་དགེ་བ་འབུམ་གྱི་མཚན་ཡོད་པ་དང་། ༼སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་འཁྲུངས་རབས་གསོལ་འདེབས་བྱིན་རླབས་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ་༽ཞེས་པར། ལུས་སེམས་ནད་སེལ་སུམ་སྟོན་ཡེ་ཤེས་གཟུངས། དལ་འགྲོའི་འཇིགས་སྐྱོབས་ལྷ་རྗེ་དགེ་བ་འབུམ། འཁོན་རིགས་བཙུན་པ་བདེ་ཆེན་བློ་གྲོས་རྒྱལ། རིན་ཆེན་མཁྱེན་མཆོག་གྲུབ་ལ་གསོལ་བ་འདེབས། ཞེས་དང་། ཡང་འབྲི་གུང་སྨན་རྩིས་ཕྱོགས་བསྒྲིགས་དང་འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་བླ་མ་ཁག་ཅིག་གི་གསུང་ཕྱོགས་བསྒྲིགས་ཀྱི་ ༼སྨན་བླ་ལོངས་སྐུ་གཙོ་འཁོར་ལྔའི་སྒྲུབ་ཐབས་དངོས་གྲུབ་ཀྱི་བང་མཛོད་ཁ་འཕང་བཀླག་ཆོག་ཏུ་བཀོད་པ་བཞུགས་སོ༽ཞེས་པར། གཟི་བརྗིད་འབར་དང་རྫ་སྟོན་སུམ་པ་དང༌། ཞང་སྟོན་ཞིག་པོ་ལྷ་རྗེ་དགེ་བ་འབུམ། སྨན་མོ་ཆེ་དང་རཏྣའི་མཚན་ཅན་དང༌། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། ཞེས་དེ་དག་གི་སྨོན་ལམ་གསོལ་འདེབས་ཀྱི་ཁོངས་སུའང་ལྷ་རྗེ་དགེ་བ་འབུམ་གྱི་མཚན་བརྗོད་ཡོད་པ་ལས་ཤེས་ཐུབ།
དེང་སང་བོད་ཕྱི་ནང་ཀུན་ཏུ་བོད་ལུགས་དང་ཕྱི་ལུགས་སྨན་དཔྱད་དོན་གཉེར་བ་ཆར་རྗེས་ཀྱི་མྱུ་གུ་བཞིན་མང་ནས་མང་དུ་འཕེལ་བཞིན་ཡོད་པ་དང་། སྤྱི་ཚོགས་འཕེལ་རྒྱས་དང་བོད་ཀྱི་གསོ་རིག་བསྟན་པ་གོང་འཕེལ་དུ་འགྲོ་བ་དང་བསྟུན་ནས་དཔལ་འབྱོར་འཁོས་ཀ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པའི་སྨན་དཔྱད་དོན་གཉེར་བ་གང་མང་ཡོད། ཁོང་ཚོ་ཁག་ཅིག་གིས་ལྷ་རྗེ་དགེ་བ་འབུམ་གྱི་རང་མི་རིགས་ལ་བཅངས་ཤིང་ཕུལ་བའི་བྱམས་བརྩེའི་སྙིང་སྟོབས་དང་ལྷག་བསམ་བྱས་རྗེས་ལ་དཔེར་བལྟས་ཏེ་མི་རིགས་ཆགས་འཇིག་དང་འབྲེལ་བའི་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་བོད་སྤྱི་ཚོགས་སྲ་བརྟན་ཡོང་བའི་ཞབས་ཞུ་དང་ལྷག་པར་དུ་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཡ་གྱལ་གསོ་རིག་སྨན་དཔྱད་འདི་ཉིད་མི་ཉམས་དར་སྤེལ་བྱེད་པའི་བྱ་གཞག་སྟེང་རྣམ་པ་མི་འདྲ་བའི་སྟེང་ནས་འཛམ་གླིང་ཡུལ་གྲུ་གང་སར་ལས་དོན་བསྒྲུབས་དང་བསྒྲུབ་བཞིན་པ་ཡིན་ནོ།།
དཔྱད་གཞི།
བྱམས་པ་འཕྲིན་ལས་ཀྱིས་མཛད་པའི་༼གངས་ལྗོང་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས༽
སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་༼གསོ་རིག་སྨན་གྱི་ཁོག་འབུགས་༽
དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་༼དུང་དཀར་ཚིག་མཛོད༽