སྤྲུལ་སྐུ་དབང་ཆེན།
——-རྒྱལ་སྤྱིའི་ཨ་མའི་ཉིན་མོར་ཕུལ།
ཨ་མ་བཞུད་ནས་ཕྱིར་མཇལ་མེད་པ་དང་།།
ཨ་མ་བཞུགས་ཀྱང་མཇལ་དབང་མེད་པ་ཡི།།
ཨ་མ་དང་བྲལ་ས་མཐའི་དྭ་ཕྲུག་ཚོར།།
ཨ་མའི་ཉིན་འདི་སྐྱོ་བའི་སྣོན་མ་ཞིག །
ཨ་མས་ཟླ་བཅུ་ཁོག་ཏུ་ཁུར་བ་དང་།།
ཨ་མར་བཙས་པས་མནར་བའི་སྡུག་བསྔལ་ནས།།
ཨ་མས་བསྐྱངས་བས་དཀའ་སྡུག་རྔུལ་ཆུས་ཁྲོད།།
ཨ་མས་བཞག་པའི་བརྩེ་བ་ཀུན་ལས་ལྷག །
ཨ་མ་དེ་རིང་དྲན་པ་མ་ཡིན་ལ།།
ཨ་མ་མི་དྲན་ཉི་མ་གཅིག་མེད་ཀྱང་།།
ཨ་མའི་སྐུ་ལུས་ཞིམ་པའི་གྲིབ་མ་ནི།།
ཨ་མས་ང་ལ་གནང་བའི་རྨི་ལམ་ཡིན།།
ཨ་མ་སྙིང་ཆུང་དམར་པོའི་དབྱིབས་གྲུབ་ནས།།
ཨ་མ་གཏན་དུ་སྙིང་གི་སེམས་ལ་གནས།།
ཨ་མ་གཤེགས་དང་བྲལ་བ་སྒྲོ་བཏགས་ལས།།
ཨ་མ་ངེད་གཉིས་སྐད་ཅིག་འབྲལ་མ་མྱོང་།།
ཨ་མའི་སེམས་ཀྱི་བུ་ཆུང་ང་རང་ཡིན།།
ཨ་མ་ཁྱེད་རང་བུ་ངའི་སེམས་པ་ཡིན།།
ཨ་མ་ཁྱེད་ནི་རྗེ་བཙུན་སྒྲོལ་མ་ཡིན།།
ཨ་མའི་བྱམས་བརྩེ་བྱང་ཆུབ་ལམ་སྒྲོན་ཡིན།།
ཨ་མ་རིན་པོ་ཆེ་ལ་གསོལ་བ་འདེབས།།
ཨ་མའི་བུ་ཆུང་ཚེ་རབས་རྗེས་འཛིན་མཛོད།།
ཨ་མ་ཡིད་བཞིན་ནོར་བུའི་བཀའ་དྲིན་ལས།།
ཨ་མའི་བུ་ལ་ཐར་བའི་ས་བོན་ཐེབས།།
ཨ་མ་དེ་རིང་གོ་ལའི་སྒང་ན་རྒྱལ།།
ཨ་མར་གུས་པས་ཡ་རབས་ལུགས་སྲོལ་གྱི།།
ཨ་མར་ལེགས་སྐྱེས་སེམས་ཀྱི་མེ་ཏོག་འདི།།
ཨ་མའི་བུ་ངས་སེམས་ཀྱིས་སེམས་ལ་ཕུལ།།
༠༥/༡༢/༢༠༡༣
སྤྲུལ་སྐུ་ལགས།
ཨ་མའི་དུས་ཆེན་ནི་རྒྱལ་སྤྱིའི་དུས་ཆེན་ཞིག་མ་རེད། སྤྱིར་གུང་ཁྲན་གྱི་དུས་ཆེན་རེ་རེའི་མདུན་ལ་རྒྱལ་སྤྱི་ཞེས་པའི་ཐ་སྙད་འཇོག་སྲོལ་ཡོད་པས་རྒྱལ་སྤྱི་དུས་ཆེན་ཆེ་གེ་མོ་ཡོད་དོ་ཅོག་གུང་ཁྲན་གྱི་དུས་ཆེན་ཡིན་པས་ཁྱབ། ཨ་མའི་དུས་ཆེན་ནི་གུང་ཁྲན་གྱི་དུས་ཆེན་ཞིག་མིན་ལ་རྒྱལ་སྤྱིའི་དུས་ཆེན་ཞིག་ཀྱང་མིན་པས་རྒྱལ་སྤྱི་ཞེས་པའི་ཐ་སྙད་འདི་དེའི་མདུན་ལ་སྦྱར་ན་མི་འཚམས། དུས་ཆེན་འདི་ནི་གནའ་བོའི་གེ་སེར་ཡུལ་ནས་༼Greece༽་འགོ་ཚུགས་ཤིང་༡༩༠༧་ལོའི་ཡས་མས་སུ་ཨ་རི་རྒྱལ་ཁབ་ལ་དར་བ་ཞིག་ཡིན་ལ་དུས་ཕྱིས་སུ་རྒྱལ་ཁབ་རེ་འགས་ནང་འདྲེན་བྱས་པའི་དུས་ཆེན་ཞིག་ཡིན།
ཨ་མའི་བུ་ལ་ཡོན་ཏན་མེད།
དགའ་ལྡན་ཁྲི་ལ་འདུག་ཐབས་བྲལ།
ཨ་མའི་བུ་ནི་ས་མཐར་ལྷུང་།
ཨ་མ་དྲན་ནས་སྐྱོ་བ་ལ།
དང་པོ་ལུས་སེམས་སྐྱེད་པའི་མ།།
བར་དུ་ཟས་གོས་སྦྱིན་པའི་མ།།
ཐ་མ་སྐྱེ་མེད་སྟོན་པའི་མ།།
མ་དྲིན་མོ་ཆེ་ལ་གསོལ་བ་འདེབས།།
མ་ཅིག་ལབ་སྒྲོན་ལུགས་ཀྱི་གཅོད་གཞུང་ལས་འདི་ལྟར་བྱུང་།
ཞལ་རས་དཀར་སེར་ཟླ་བ་འཛུམ་མུལ་མུལ།།
སྙིང་གཏམ་བུང་བའི་གླུ་དབྱངས་སྙན་ལྷུང་ལྷུང་།།
བརྩེ་སེམས་གངས་རི་དཀར་པོས་རྟག་ཏུ་བསྐྱངས།།
དྲིན་ཆེན་ཨ་མ་དྲན་པའི་གདུང་གླུ་ཞིག།
ཨ་མའི་ཉིན་མོ།