རྔ་བ་ཚེ་སྐྱིད་ཀྱིས།
སྒོ་སྔུན་བརྩོན་འགྲུས་ལགས་ནི།《ཡོངས་གྲགས་སུ་(སྒོ་བརྩོན་)ཞེས་འབོད།》 ཕྱི་ལོ་ ༡༩༣༡ ལོར་བོད་མདོ་སྨད་རྔ་བའི་ཁཱ་ཤུལ་སྒོ་སྔུན་ཚང་དུ་ཡབ་སྒོ་འབྲུག་དང་ཡུམ་ནོར་སྐྱིད་གཉིས་སུ་འཁྲུངས། ཕྱི་ལོ་ ༡༩༣༧ ལོར་ཡབ་ཡུམ་གཉིས་ཀྱི་བཀའ་བཀོད་བཞིན་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་དུ་ཆོས་སྒོར་ཞུགས། ཕྱི་ལོ་ ༡༩༣༨ ལོར་ནང་མི་དང་ལྷན་དུ་ལྷ་སར་སོང་ནས་ཕྱིར་ཡོང་སྐབས་ནད་ཡམས་དྲག་པོ་ཞིག་གིས་ཁོང་གི་ནང་མི་རྣམས་ནི་ཁོང་དང་གཏན་ནས་ཁ་བྲལ་བས་ཁེར་རྐྱང་དུ་བཞུགས་དགོས་བྱུང་། སྤྱིར་ན། སྒོ་སྔུན་ཚང་ནི་རྨེའུ་རྒྱལ་བོའི་ནང་བློན་དུ་གཏོགས་པའི་ཁྱིམ་རྒྱུད་གལ་གནད་ཆེན་པོ་ཞིག་ཆགས་ཡོད་སྟབས། ཁོང་གི་ཉེ་འབྲེལ་ཀུན་གྱིས་སྒོ་སྔུན་ཚང་གི་རྒྱུད་འཛིན་པ་ཁོང་གཅིག་པུ་ལས་མེད་པས་ཁྱིམ་རྒྱུད་སྐྱོང་དགོས་པར་ནན་ཏན་གྱིས་བསྐུལ་ངོར་བརྟེན། ཕྱི་ལོ་ ༡༩༥༠ ལོར་རྨེའུ་རྒྱལ་བོའི་བློན་པོ་ཆེན་པོ་མཐུ་སྟོབས་ཀྱི་སྲས་མོ་སྒྲོལ་དཀར་སྐྱེས་སྨན་དུ་བཞེས། དེ་ནས་བཟུང་ལོ་ཤས་རིང་རྨེའུ་རྒྱལ་བོའི་ཕོ་བྲང་དུ་ཕྱག་ལས་གནངས། ཕྱི་ལོ་ ༡༩༥༧ ལོར་༸གོང་ས་མཆོག་མཇལ་བཅར་དང་། ལྷག་པར་དུ། མདོ་སྨད་སྤྱི་མཐུན་ནས་༸གོང་ས་མཆོག་ལ་གསེར་ཁྲི་ཞིག་བོད་ཀྱི་རྒྱལ་ས་ལྷ་ས་ནས་བཞེངས་སྐབས་རྔ་བ་མི་མང་གི་སྐུ་ཚབ་བྱས་ཤིང་དེ་རྗེས་ཕྱིར་ཕ་ཡུལ་ལ་ཁོང་ཕེབས་སྐབས། རྒྱ་ནག་དམར་ཕྱོགས་སྲིད་གཞུང་གིས་ཆབ་སྲིད་ཀྱི་ནག་ཉེས་ཚབས་ཆེན་ཞིག་བཙུགས་ནས་ལོ་གཅིག་རིང་བཙོན་འཇུག་བྱས། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་ཕྱོགས་སྲིད་གཞུང་གིས་བོད་ཁམས་ཡོངས་སུ་དྲག་ཤུགས་ཀྱིས་བཙན་གནོན་བྱེད་དུས། བོད་ཀྱི་གནད་ཡོད་མི་སྣ་མང་བོ་ཞིག་དང་མཉམ་དུ་ཁོང་བཀྲ་ཤིས་གླིང་ཁྲིམས་ཁང་དུ་ཁོང་ཟླ་གསུམ་ལས་བཙུན་འཇུག་མ་བྱས་ཀྱང་བཙོན་རོགས་གང་མང་ཞིག་མནར་གཅོད་དྲག་རྩུབ་ཀྱི་འོག་དཀའ་སྡུག་ཚད་ལས་བརྒལ་བ་མྱངས་ནས་འདས་གྲོངས་སུ་གྱུར། དེ་ནས་ཁོང་འབར་ཁམས་ཁྲིམས་ཁང་དུ་ལོ་ངོ་ཧྲིལ་བོ་བཞི་ལྷག་ཅིག་ལ་མནར་གཅོད་བཙོན་འཇུག་བྱས། ཕྱི་ལོ་ ༡༩༦༢ ལོར་རྒྱ་ནག་དམར་ཕྱོགས་ཀྱི་སྲིད་བྱུས་ལ་འགྱུར་བ་ཐེབས་ནས་སྐབས་དེའི་བཙོན་པ་མང་པོ་ཀློད་གྲོལ་ཐོབ་ན་ཡང་། ཁོང་ལ་ཆབ་སྲིད་ཀྱི་ནག་ཉེས་ཆེན་པོ་ཡོད་ཚུལ་ལ་ཁ་གཡར་ཏེ་བཙོན་པའི་ཞང་ལས་ངལ་རྩོལ་ལ་བཏང་སྟེ། ཕྱི་ལོ་ ༡༩༦༣ ལོའི་ཟླ་གསུམ་པའི་ནང་ཁོང་རྔ་བར་རྔ་ཆུའི་ཟམ་པ་ལས་མིའི་ཁོངས་སུ་མངགས། ཁོང་ཚད་ལས་བརྒལ་བའི་མནར་གཅོད་བཙན་གནོན་གྱིས་བཙོན་འོག་ཏུ་དཀའ་སྡུག་མྱངས་སྐབས། བཙན་རོགས་གྲངས་ལས་འདས་པ་ཞིག་འདས་གྲོངས་སུ་གྱུར་བ་མཐོང་དུས། བོད་མི་རིགས་འདི་འདྲའི་གཉའ་གནོན་ཐུབ་ཚོད་ལས་གྲོལ་བའི་ཆེད་དུ། དེ་ནས་བཟུང་ཁོང་གི་ནུས་སྟོབས་ཡོད་ཚད་ཀྱིས་བོད་མི་རིགས་ཀྱི་དོན་དུ་ཕྱག་ལས་གནང་རྒྱུའི་དམ་བཅས་པ་ནང་བཞིན། ཕྱི་ལོ་ ༡༩༦༧ ལོར་རྒྱ་ནག་དམར་ཕྱོགས་ནང་ཁུལ་དཔོན་གནས་འཐབ་རྩོད་ཀྱི་འགལ་ཟླ་ཆེན་པོ་ཆགས་པའི་སྐབས་དང་བསྟུན་ནས་ཁོང་དང་། འཛམ་བརྩེ་བཀྲ་ཤིས་སོགས་ཀྱིས་སྣེ་ཁྲིད་བྱས་ནས་རྨེའུ་རུ་མའི་མི་ཉིས་བརྒྱ་ལྷག་མཉམ་ཞུགས་ཀྱིས་《གཅིག་གཅིག་དྲུག་》ཅེས་པའི་རྩ་འཛུགས་ཤིག་བཙུགས་ནས་ཡར་ལངས་ཆེན་པོ་བྱས་པ་རེད། སྐབས་དེར་མའོ་ཕྱོགས་ཁག་གིས་《ཁྲིན་ཏུའུ་ཧུང་ཡིན་པེན་》ཟེར་བའི་རྩ་འཛུགས་གསར་བ་ཞིག་ཐོན་པ་མ་ཟད། དེ་ལ་《ཁྲོང་ཆེན་བརྒྱད་གཅིག་ལྔ་》ཟེར་བའི་རྒྱབ་སྐྱོར་ཡོད་ཚུལ་གྱིས་རྩ་གཏོར་དུ་བཏང་མོད།
འོན་ཀྱང་དེ་འཕྲལ་ཁཱ་ཤུལ་སྒོ་བརྩོན་ཁོང་དང་། འཇིགས་མེད་བསམ་གཏན། འཛམ་བརྩེ་བཀྲ་ཤིས། སྤྲེལ་མགོའི་ཆུ་སྣང་། མདོའི་དཔའ། རྔ་བའི་ས་ཐབས། ཀིརྟིའི་མའི་ཆོས་འབྱོར། རྟ་ཁོའི་རབ་ཁོ། ཁྲིན་བཀྭན་གཡག་མགོ། མགར་ཆོས་བཅས་ཀྱིས་ཡང་བསྐྱར་གཙོ་འགན་འཁུར་ནས་ས་གནས་དམར་བོའི་སྲིད་གཞུང་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་བཟུང་སྟེ། འཛམ་བརྩེ་བཀྲི་ཤིས་དང་། གཡག་མགོ། རབ་ཁོ་རྣམས་རྒྱ་ནག་ཁྲིན་ཏུའུ་ལ་ཧུང་ཁྲན་ངོས་འཛིན་ཡིག་ཆ་ལེན་དུ་སོང་འཕྲལ། སྒོ་བརྩོན་སོགས་ཀྱིས་རྔ་བའི་མདོ་སྨད་བར་གསུམ་ལ་འབྲེལ་འཛུགས་ཀྱིས་དམག་དཔུང་གཞི་རྒྱ་ཆེན་པོ་ཞིག་རྩ་འཛུགས་བྱས། རྒྱ་ནག་ཁྲིན་ཏུའུའི་དམག་སྤྱི་ནི། དེ་སྔོན་ལྷ་སའི་དམག་སྤྱི་ཡང་ཡིན་པའི་ཀྲང་གོ་ཧྭ་ཟེར་བའི་ལག་ནས་འཛམ་བརྩེ་བཀྲ་ཤིས་སོགས་ཀྱིས་ཧུང་ཁྲན་ངོས་འཛིན་ཡིག་ཆ་ལྔ་བརྒྱ་བླངས་ནས་ཡོང་དུས། རྔ་བའི་ས་གནས་དམག་གིས་ངོས་ལེན་ཆེན་པོ་བྱས་ཏེ། སྐབས་དེར། སྒོ་བརྩོན་སོགས་ཀྱིས་དམག་དཔུང་རུ་ཁག་ཆ་བགོས་ཀྱིས་འགོ་བ་སོ་སོར་ཧུང་ཁྲན་གྱི་ཡིག་ཆ་རྣམས་འགྲེམས་སྤེལ་དང་བཀོད་འདོམས་ཚགས་ཚུད་བྱས། དེའི་སྟབས་ཀྱིས། རྩ་འཛུགས་དེ་ནུས་པ་དང་གཞི་རྒྱ་ཆེན་པོ་གྱུར་ནས་རྔ་བའི་རྫོང་ཐོག་ཏུ་མི་ཆིག་ཁྲི་ལྷག་ཅིག་འདུ་འཛོམས་བྱུང་ནས་《ཧུང་ཁྲན་》ཞེས་རྩ་འཛུགས་ཀྱི་མིང་ལ་དེ་ལྟར་བཏགས། ཁོང་ཚོའི་རྩ་འཛུགས་ཀྱི་སྟོབས་ཤུགས་དེ་རྔ་བ་རྫོང་གཅིག་པོ་མིན་པར་ཧོང་ཡོན་རྫོང་། མཛོད་དགེ་རྫོང་། འབར་ཁམས་རྫོང་། འཛམ་ཐང་རྫོང་། ཟུང་ཆུ་རྫོང་། གཅིག་སྒྲིལ་རྫོང་། དགའ་བདེ་རྫོང་། པད་མ་རྫོང་། བླ་བྲང་བཀྲིས་འཁྱིལ་སོགས་ལ་ཁྱབ་ནས་རྒྱབ་སྐྱོར་དང་རྒྱ་ནག་དམར་ཕྱོགས་ལ་ངོ་རྒོལ་རབ་དང་རིམ་པས་ཧ་ཅང་གཞི་རྒྱ་ཆེན་པོ་བྱས། དེ་ནས་སྒོ་བརྩོན་སོགས་ཀྱིས་སྣེ་ཁྲིད་པའི་དམག་དཔུང་གིས་རྔ་བ་རྫོང་གི་དམར་ཕྱོགས་སྲིད་གཞུང་མཐའ་སྤྲོད་གཏོང་ཐབས་སུ། དམག་དཔུང་ཆ་བགོས་ཀྱིས་འཇིགས་མེད་བསམ་གཏན་ཚང་དང་། དབུར་འཇམ། བ་བུན་སོགས་ཀྱིས་སྐོར་ཁག་རྔ་ཁོག་ཏུ་འགྲོ་བཞིན་པའི་སྐབས། རྒྱ་དམག་རླངས་འཁོར་གཉིས་ལ་ཐུག་ནས་འཐབ་འཁྲུགས་བྱས་སྐབས། རྒྱ་དམག་འགའ་ཤས་བསད་ཅིང་རྒྱ་དམག་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག རྒྱ་ནག་གིས་ཚུར་ཕྱོགས་སྟོན་ཟེར་བའི་བོད་དམག་ཅིག་བསད་ཅིང་ཕུར་སྐྱབས་རྨས་ནས་སེ་འཛོའི་ཕྱོགས་སུ་ཐར་ཙམ་བྱུང་འདུག་པའི་གནས་ཚུལ་དེ། སྒོ་བརྩོན་གྱིས་སྣེ་ཁྲིད་པའི་དམག་དཔུང་གིས་གོ་མ་ཐག་ཏུ། ཁོང་ཚོས་དམག་དཔུང་ཕྱོགས་ཁག་གསུམ་ལ་བགོས་ནས་རྒྱ་དམག་ལ་གཡུལ་འཐབ་ཆེན་པོ་བཤམས་ཀྱང་། གཅིག་ནས་རྒྱ་དམག་ལ་འཐབ་རྭ་བཙན་པོ་དང་སོ་ཁང་གང་བཟང་ཡོད་པ་དང་། གཉིས་ནས་འཕྲུལ་མདའ་དང་མདེའུ་རྫོགས་རྒྱུ་མེད་པ། གསུམ་ནས་མང་ཉུང་དང་སྦྱོང་བརྡར་ཡོད་མེད་སོགས་ཀྱི་དབང་གིས་བོད་དམག་ཕྱོགས་ཁག་གསུམ་པོར་ཕམ་ཉེས་ཆེན་པོ་བྱུང་།
དེ་ནས་རྔ་བའི་ས་ཕྱོགས་གང་ས་ནས་རྒྱ་དམག་ལ་ངོ་རྒོལ་རིམ་པར་བྱེད་བཞིན་པའི་སྐབས་དེར། སྒོ་བརྩོན་སོགས་ཀྱིས་སྣེ་ཁྲིད་བྱས་ནས་སྐྱ་དམག་སུམ་བརྒྱ་ལྷག་ཅིག་ཁྲིད་ནས་གོ་ལག་དང་དམག་དཔུང་མཁོ་སྒྲུབ་ཆེད་དུ། རྒྱལ་རོང་ཕྱོགས་སུ་སོང་ནས་རྒྱ་ནག་དང་འཐབ་འཁྲུགས་ཀྱིས་རྒྱལ་རོང་ཚོ་བདུན་ཕྱོགས་ཀྱི་རྒྱ་དམག་དང་ལས་བྱེད་རྣམས་མཐར་སྐྲོད་བཏང་སྟེ་རྒྱུ་དངོས་གང་ཡོད་མི་མང་ལ་འདྲ་མཉམ་གྱིས་ཆ་བགོས་བྱས། དེ་སྔ་རྒྱ་དམག་མ་ཐོན་གོང་གི་སྡེ་པ་སོ་སོའི་སྡེ་དཔོན་དག་ལ་འགོ་ཁྲིད་ཀྱི་མིང་བཏགས་ནས་འགན་འཁུར་དུ་བཅུགས། དེ་ནས་རྫི་འགག་ལ་དམག་འཁྲུག་བྱེད་པར་འགྲོ་གྲབས་བྱས་ཀྱང་ཟམ་ཁ་ནས་རྒྱ་དམག་འབོར་ཆེན་གྱིས་བཀག་འགོག་བྱས་པས་མཚན་མོར་དམག་ཁ་ཕྱིར་རྔ་བའི་ཕྱོགས་སུ་འཁོར་ནས་ཀིརྟི་མ་དང་སྨེ་བ། སེ་འཛོ་མ་དང་ཨ་མཆོག་མ་སོགས་ཀྱི་ཕྱོགས་སུ་ཡོད་པའི་རྒྱ་དམག་དང་ལས་བྱེད་རྣམས་མཐར་སྐྲོད་བཏང་ནས་རྒྱུ་དངོས་ཡོད་ཚད་རང་རང་གི་མི་མང་ལ་ཆ་བགོས་བྱས། ཡར་རྔ་བ་རྫོང་དུ་ཡོང་གྲབས་བྱས་དུས་རྔ་ཁོག་གི་ཧུང་ཁྲན་ལའང་ཕམ་ཉེས་ཆེན་པོ་བྱུང་ནས་བོད་དམག་ཕལ་ཆེར་བ་རོང་ཁོག་ཏུ་འཛོམས་ཡོད་སྟབས། ལྡོང་ཁུ་ཨ་ལགས་དང་སྒོ་བརྩོན་སོགས་དེར་སོང་ནས་དམག་འཐབ་སྐོར་ལ་གྲོས་བསྡུར་བྱས་ཤིང་། དེ་ནས་རྒྱ་དམག་དང་འཐབ་འཁྲུགས་རབ་དང་རིམ་པ་མང་པོ་བྱས་ཀྱང་མཐར། གོ་ལན་བཟང་ངན་དང་དམག་གྲངས་མང་ཉུང་གིས་བོད་དམག་རྣམས་རྩ་གཏོར་དུ་བཏང་། དེ་ནས་བཟུང་ཧུང་ཁྲན་གྱི་སྣེ་ཁྲིད་པ་སྒོ་བརྩོན་ལགས་ཀྱིས་རྒྱ་གཞུང་ལ་ལོ་བཞི་ལ་མགོ་འདོགས་མ་བྱས་པར་གང་སར་བྲོས་ཡུབ་བྱས་པས། ཁོང་གི་སྐྱེས་སྨན་སྒྲོལ་དཀར་ལ་གཅར་རྡུང་གིས་རྐང་བཅག་ལག་བཅག་བྱས་པ་སོགས་ཀྱིས་མཚོན་པའི་མནར་གཅོད་ཚད་མེད་བཏང་། རྒྱ་གཞུང་གིས་སྒོ་བརྩོན་གྱིས་མགོ་བཏགས་མིན་ལ་མ་ལྟོས་པར་སྲོག་ཁྲིམས་གཅོད་རྒྱུ་ཡིན་པའི་ཁྱབ་བསྒྲགས་གང་སར་བྱས། སྟབས་ལེགས་པ་ཞིག་ལ་ཕྱི་ལོ་ ༡༩༧༡ ལོར་ཧུང་ཁྲན་ཅུང་དཀར་འདོན་བྱེད་ཀྱིན་པའི་སྐབས་དེར། ཁོང་གི་སྤུན་མཆེད་བསོད་དགྲ་དང་ཆུང་མ་སྒྲོལ་དཀར་སོགས་ཀྱིས་ཐབས་ཤེས་སྣ་ཚོགས་འཐེན་ནས་སི་ཁྲིན་ཞིང་ཆེན་དམག་ཁུལ་སྤྱི་ཁྱབ་ཁང་ནས་མགོ་འདོགས་བྱས་ན་སྲོག་ཁྲིམས་མི་གཅོད་རྒྱུ་བྱས་ཤིང་། རྗེས་ནས་ཆབ་སྲིད་ཀྱི་དབང་ཆ་མེད་པ་དང་མེ་མདའ་སོགས་མཚོན་ཆའི་རིགས་གང་ཡོད་རྩིས་སྤྲོད་བྱེད་དགོས་པ་བཅས་དོན་ཚན་ལྔ་ཅན་གྱི་འགན་འཁུར་གན་རྒྱའི་ཡི་གེ་ཞིག་ལེན་ཐུབ་བྱུང་བས། ཕྱི་ལོ་ ༡༩༧༢ ལོར་རྔ་བ་རྫོང་ལ་མགོ་བཏགས་ཤིང་། ཁོང་ལ་དུས་དེ་ནས་བཟུང་དུས་བཅད་ལམ་ནས་འདྲི་གཅོད་ཞི་འཇམ་སྣ་ཚོགས་དང་བཟང་བཙོན་ལྟ་བུར་ཆགས་པ་རེད།
ཕྱི་ལོ་ ༡༩༨༢ ལོར་སྒོ་བརྩོན་གྱི་ཉེ་འབྲེལ་ཨ་རྒན་སོག་སྐོར་ཚང་གི་ཚུལ་ཁོ་རྒྱ་གར་ནས་ཕྱིར་འབྱོར་སྐབས། ༸སྐྱབས་རྗེ་ཀིརྟི་སྐུ་ཕྲེང་བཅུ་གཅིག་པས་སྒོ་བརྩོན་ལ་རེ་སྐུལ་གནང་བར་ལྟར། རྔ་ཡུལ་ཀིརྟིའི་མཆོད་རྟེན་ཆེན་མོ་ཞེས་པ་དེ་བཞེང་རྒྱུའི་སྤྱོར་བ་དངོས་ཤུགས་བརྒྱུད་གསུམ་བརྩམས་རུང་། སྔ་མའི་ཆབ་སྲིད་ནག་ཉེས་ཀྱི་དབང་གིས་མཆོད་རྟེན་ཆེན་མོ་བཞེངས་སྤྱད་ཀྱི་དངུལ་དངོས་ཆ་ཚང་རྒྱ་ནག་དམར་ཕྱོགས་ཀྱིས་བཙན་འཕྲོག་བྱས་སོང་བའི་སྐབས་ཤིག་ལ། ཕྱི་ལོ་ ༡༩༨༤ ལོར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་རང་ཡུལ་བོད་ལ་ཆིབས་བསྒྱུར་བསྐྱངས་དུས། སྒོ་བརྩོན་ལ་རྒྱ་སྒོར་ ༣༠༠༠༠ དང་། དངུལ་རྒྱ་མ་ ༦ གནང་བ་དང་། ལྷག་པར་དུ་ཁོང་གིས་འབད་འབུངས་ཆེན་པོ་ལ་བརྟེན་ནས། ཕྱི་ལོ་ ༡༩༨༨ ཟླ་ ༤ བའི་ནང་རྔ་ཡུལ་ན་ཆེས་ཆེ་བའི་མཐོང་གྲོལ་མཆོད་རྟེན་རིན་པོ་ཆེ་རྟེན་དང་བརྟེན་པ་ལེགས་པར་གྲུབ་པས་ན། ཁོང་ལ་ཀིརྟི་དགོན་པ་དང་མི་མང་གི་ངོས་ནས་ལེགས་སྐྱེས་གཟེངས་བསྟོད་ཆེན་པོ་གནང་། ཕྱི་ལོ་ ༡༩༨༩ ལོར་ཡང་བསྐྱར་ཁོང་ལྷ་སར་ཕེབས་ཏེ་༸གོང་ས་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་འབུལ་ཉིན་དང་སྟབས་བསྟུན། ཁོང་གིས་སྣེ་ཁྲིད་ནས་བོད་མི་གང་མང་ཞིག་གིས་རྒྱལ་བའི་སྐུ་པར་མདུན་ལ་ཁ་བཏགས་སྣ་ཚོགས་ཤིག་འབུལ་སྐབས་སུའང་ཁོང་གིས་རྩ་ཆེ་བའི་རིན་པོ་ཆེ་ཞིག་ཕུལ། དེ་ནས་ཁོང་གི་རོགས་པ་གཉིས་དང་མཉམ་དུ་བོད་རང་བཙན་གྱི་སྤྱར་ཡིག་མང་པོ་ཞིག་གྲ་སྒྲིག་བྱས་ནས་ཕ་ཡུལ་ལ་སོ་སོ་བྱས་ནས་འགྲོ་སྐབས། རོགས་པ་གཉིས་སྔོན་ལ་ཐོན་ནས་ཡི་གེ་སྤྱར་འགྲེམས་བྱས་པས་འཛིན་བཟུང་བཙོན་བྱས་མ་ཐག་ཁོང་ལ་གློ་བུར་དུ་ཁ་པར་ཞིག་འབྱོར་ནས་མགྱོགས་མྱུར་གྱིས་འབྲོ་ཐབས་ཀྱིས་མ་གཏོགས་འཛིན་བཟུང་བྱེད་མཁན་མི་མང་པོ་ཞིག་བཏང་འདུག་ཅེས་བརྡ་འབྱོར་མ་ཐག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས།
དེ་ནས་བཟུང་༸གོང་ས་མཆོག་ལ་ཞལ་མཇལ་གསུང་ཐོས་ཀྱི་སྐལ་ལྡན་པ་མ་ཟད། བཙོན་བྱོལ་བོད་གཞུང་ལ་ཁོང་གིས་སྔར་བརྩམས་ཟིན་པའི་རླབས་ཆེན་བྱ་བཞག་དག་གི་རྒྱབ་ལྗོངས་འབྲེལ་བཤད་ནན་ཏན་བགྱིས། ད་དུང་ཁོང་གི་རྩ་བའི་བླ་མ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེས་ཕྱག་འདེབས་མཛད་པའི་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་གནད་ཡོད་མི་སྣ་རྣམས་ལ་དུས་རྒྱུན་དུ་བོད་ཀྱི་ལོ་རྒྱུས་སྤྱི་དང་བྱེ་བྲག་མ་བློན་རྨེའུ་ཚང་གི་ལོ་རྒྱུས་ཀྱི་འཕེལ་འགྲུབ། གཞན་ཡང་རྔ་ཡུལ་གྱི་རི་ཆུ་ནགས་སོགས་ཁོར་ཡུག་གི་བཀོད་དབྱིབས་དང་ཆགས་རིམ། རྔ་ཡུལ་མི་མང་གི་འཚོ་བའི་གནས་སྟངས་དང་གོམས་གཤིས། ལྷག་པར་དུ་རྔ་ཡུལ་ན་ཆོས་བརྒྱུད་རིས་མེད་ཀྱི་དགོན་ཁག་ཅི་ཡོད་དང་དེ་ཚོའི་གནས་བབ། དེ་ལས་ཀྱང་རིགས་དང་ལ་རྒྱའི་དོན་དུ་དཀའ་ལས་ག་ཚོད་ཅིག་བརྒྱབས་དང་རྒྱག་གིན་པའི་གནས་སྟངས་སོགས་ཞིབ་ཕྲ་ངོ་སྤྲོད་མཛད་ཡོད། དེ་རྗེས་བལ་ཡུལ་ལ་བཞུགས་སྐབས་ཁོང་དང་འབྲེལ་གཏོགས་མི་སྣ་ཆེས་མང་པོ་ཞིག་ལ་སློབ་སྟོན་ཡང་གང་ཟབ་བགྱིས་ཡོད་འདུག མཐར་ཕྱི་ལོ་ ༡༩༩༨ ལོར་སྐུ་ཚེ་འདས་སུ་གྱུར།
རིགས་དང་ལར་ཞེན་ཆེ་ཞིང་བྱས་རྗེས་རླབས་ཆེན་འཇོག་མཁན་དམ་པ་ཁོང་གི་ལོ་རྒྱུས་ཆེས་བསྡུས་པ་འདི་འཚོལ་སྒྲིག་བྱེད་སྤྱད་ཀྱི་རྒྱུ་ཆ་ཁག་ནི། གཤམ་གསལ་ལྟར་ཡིན།
༡༽ ཀིརྟིའི་བྱེས་པ་གྲྭ་ཚང་གིས་རྩོམ་སྒྲིག་འགྲེམས་སྤེལ་བྱེད་ཀྱིན་པའི་ཟླ་གསུམ་ཤེས་ཡོན་གསལ་ཤོག 《རྩོམ་རིག་གར་ཕྲེང་།》 ཞེས་པའི་སྤྱིའི་འདོན་ཐེངས་ ༤༠ མཇུག་ཤོག་ཐོག་ཏུ་ཁོང་གི་ལོ་རྒྱུས་ཤིག་ཡོད་པ།
༢༽ ཨ་ལགས་ཙཱ་ཡས་བསྟན་འཛིན་དཔལ་འབར་གྱིས་མཛད་གནང་བའི་《ཡ་ང་བའི་ངའི་ཕ་ཡུལ།》
༣༽ ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཚུང་གིས་འགྲེམས་སྤེལ་བྱས་པའི་《མི་ཐོག་གསུམ་གྱི་རྨ་ཁ།》
༤༽ རྔ་བའི་གཞོན་སྐྱེས་ཁག་ཅིག་ནས་བཏོན་པའི་《སྙན་པའི་རྔ་བརྡ།》
༥༽ འགོ་ལོག་དམ་ཆོས་དཔལ་བཟང་ལགས་ཀྱིས་བརྩམས་གནང་བའི་《གཉན་པོ་གཡུ་རྩེའི་བསངས་བདུད།》བཅས་ཡིན།
འ་རོ་རྔ་བ་ཚེ་སྐྱིད་ལགས་ང་དང་འདྲ་བའི་མི་མང་པོ་ཞིག་གི་སྒོ་བརྩོན་ལགས་ཀྱི་མཚན་སྙན་ཚོང་བའི་མཚན་ཐོག་ནས་གོ་བ་ཡིན་རང་གི་ལོ་རྒྱུས་འདིའི་ནང་ཁོང་གི་ཚོང་རྒྱབ་པའི་ཕྱག་ལས་གནང་བའི་བསྐོར་གང་ཡང་བཀོད་མེད་པས་ཡང་སྙིང་ཁོང་ཚོང་བ་ཞིག་འེ་རེད།སྤྱིར་ཁོང་མི་བྱས་རྗེས་ཅན་ཞིག་རེད་ཟེར་ནས་ལན་མང་གོ་མྱོང།
མྱི་རླབས་ཆེན་འདི་ཚོའི་གྲས་ཀྱི་མི་ཚེའི་ལོ་རྒྱུས་ཞིབ་ཚགས་ཞིག་འབྲི་ཐུབ་ན་དངོས་ནས་ཕན་ས་རེད། ང་ཚོའི་ལོ་རྒྱུའི་ཁྲོད་ཀྱི་སྟོང་ཆ་ཆེན་པོ་དེར་ཁ་སྐོང་ཅུང་རེ་བྱེད་ཐུབ་སྙམ། དེ་མིན་རྒྱས་བཟུང་བ་དང་བཟུང་མ་ཐག་གི་ལོ་འཁོར་དེ་ཚོའི་སྐོར་བོད་ནང་བཤད་མི་ཆོག་ལ། ཕྱི་ཡུལ་ན་བཤད་མཁན་ཉུང་བས་མག་མོག་ཞིག་ཆགས་བསྡད་ཡོད། ཁུ་སིམ་མེར་ལྷག་བསྡད་ཡོད།
རྔ་བ་ཚེ་སྐྱིད་ལགས་ཀྱིས་འབྲི་སྟངས་འདི་ལ་བྲེལ་བྲེལ་འཚབ་འཚབ་འདྲ་བོ་ཞིག་འདུག ཡིན་ནའང་གནས་ཚུལ་འདི་འདྲ་མཁོ་སྤྲོད་བྱས་པ་ཡག་མོ་གདའ། ཁྱོ་ཁ་དྲོ།
རྔ་བ་ཚེ་སྐྱིད་ལ་ཐུགས་རྗེ་ཆེ་ཞུ། །སྒོ་རྩོན་ནི་དཔའ་རྒོད། བསལ་བློ་བ། །ཐབས་འཇུས་མཁས་པ། །ལྷག་བསམ་ཆེ་བ། ལ་རྒྱ་ལྡན་པ། འཇོན་ཐང་ཡོད་པ། འཇིག་རྟེན་གྱི་ཕོ་རྒོད་ཟེར་བའི་ཁྱད་ཆོས་ཡོངས་རྫོགས་ཚང་ཡོད་པ་ཞིག་རེད། དེར་མ་ཟད་རྒྱ་ནག་གི་སོ་ཁང་བཅོ་བརྒྱད་གཏོར་བ་སྐབས་མེ་མདའ་ཆར་བཞིན་ཏུ་བབ་པ་ཚང་མ་ལྭ་བ་ཕྱི་མའི་ནང་ལས་རྟོལ་མ་་ཐུབ་པར། མདེའུ་རུམ་གང་ཡོད་ཚུལ་དང་། རེབ་གོང་འཇིགས་མེད་བསམ་གཏན་ཚང་ལ་རྟ་མི་སྐད་གོ་མཁན་ཞིག་ཡོད་རབས། །རྔ་བའི་མཆོད་རྟེན་ཆེན་མོ་བཞེངས་དུས་ཤིང་ཆ་ལྷ་འདྲེས་འབོར་ལེན་བྱས་ཚུལ། ལྷ་ས་ནས་༧གོང་ས་མཆོག་གི་འཁྲུགས་སྐར་སྐབས། རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། ཞེས་པའི་མགུར་ཞིག་གློ་བུར་ཏུ་ཞལ་ནས་རྡོལ་ཚུལ། དེ་ནས་བྲོས་བྱོལ་ཏུ་གནང་སྐབས་ཀིརྟིའི་རྒྱལ་པོས་རྟགས་དང་ཆོ་འཕྲུལ་སྣ་ཚོགས་བསྟན་ཚུལ་སོགས་སྒྲུང་གཏམ་སྙན་མོ་མང་པོ་ཡོད། །
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
ངའི་ངོ་དེབ་ནང་དུ། དམ་པ་ཁོང་གི་བྱུང་བ་འདི་བཀོད་མ་ཐག་དྲ་རོགས་རྣམ་པའི་བསམ་ཚུལ་རྣམས་འདིར་དཀྱུས་གཅིག་ཏུ་འགོད་ཀི་ཡིན་ལགས་ན། གཟིགས་ཞིབ་ཡོང་བར་ཞུའོ།།
Kalsang Gyatsoནས།
ཚེ་སྐྱིད་ལགས་ཀྱིས་བཤད་པ་ལྟར། སྒོ་བརྩོན་ནི་རྔ་བ་མི་མང་གི་ངོས་ནས་ཧ་ཅང་གལ་གནད་ཆེ་བའི་ལོ་རྒྱུས་ཀྱི་སྣ་གལ་ཆེན་ཞིག་རེད་ལ། ཁོང་གིས་རྔ་བ་མི་མང་ལ་བོད་ཀྱི་ལར་ཞེན་དང་། ལྷག་པར་དུ་༸གོང་ས་ཆེན་པོའི་སྤྱན་སྔར་མ་འོངས་བོད་རང་བཙན་ཐོབ་ན། བོད་ཀྱི་དུས་འཁོར་དབང་ཆེན་ཐེངས་དང་པོ་དེ་རྔ་བར་བསྩལ་དགོས་པའི་རེ་སྐུལ་མཛད་པས་མགོན་པོ་གང་ཉིད་ཀྱིས་ཀྱང་ཞལ་བཞེས་མཛད་པའི་ལོ་རྒྱུས་ཡོད་པས། ངས་ངོས་ནས་ནམ་ཡང་སྒོ་བརྩོན་ལྟ་བུའི་ལྷག་བསམ་དང་ལར་ཞེན་ཅན་གྱི་མི་ཚོར་སེམས་གཏིང་ནས་གུས་བཀུར་བྱེད་ཀྱི་ཡོད་ལ། དེ་མཚུངས་སུ་རྗེས་དྲན་ཡང་བྱེད་ཀྱི་ཡོད།
ཙག་ཀློག་ནས།
འདིར་ཁོང་གི་ལོ་རྒྱུས་བཀོད་པར་ཐུགས་རྗེ་ཆེ། གང་ཟེར་ན། ངར་ལོ་འགའི་གོ་ནས་དམ་པ་ཁོང་གི་ལོ་རྒྱུས་ཤིག་འཚོལ་སྒྲུབ་བྱེད་པར་མི་རེ་འགས་་སྐུལ་མ་བྱས་ནའང་། རྐྱེན་མང་པོ་ཞིག་གིས་ལག་ཏུ་རགས་པའི་ལོ་རྒྱུས་ཚང་མ་ཡིག་ཐོག་ཏུ་ཕབ་ཐུབ་མ་སོང་བ་ངས་འདི་ནས་ཁོ་ཚོར་དགོངས་དག་ཞུ་བ་ཡིན་ནོ།།
Sonam Tseringནས།
ངའི་སེམས་གཏིང་ནས་བཤད་མི་ཤེས་བའི་ཁོང་ཁྲོ་ཞིག་ལངས་སོང་། གང་ཡིན་ཟེར་ན། མི་སེམས་བཟང་ཅན་དང་། ཀུན་ལ་ཕན་ཐོགས་ཡོད་རིགས་ཚོས་ཚེ་ཧ་ཅང་མི་རིང་བ་དང་། ཀུན་ལ་ཕན་མི་ཐོགས་པ་དང་གཏོར་བརླག་གཏོང་མཁན་རྣམས་ཚེ་རིང་ཞིང་རྒྱུ་ཐོག་བརྒྱབ་སྟེ་འཚོ་བ་ཡང་སྐྱིད་པོར་རོལ་བཞིན་འདུག ང་ཚོར་སྤྱི་ཚོགས་ནང་།
Blue Sparkནས།
མི་ཚེ་ཞིག་་དེ་ལྟར་རྫོགས་ཟིན མི་རབས་ཤིག་དེ་ལྟར་རྫོགས་ཟིན མི་རབས་དེ་དང་མི་ཚེ་དེའི་དུས་སྐབས་ཀྱི་སྐྱོ་སྡུག་གི་གཏམ་རྒྱུད་དེའང་ཕྱི་རབས་པ་དག་གི་སྣང་ངོར་ནས་ག་ལེར་ག་ལེར་ཡལ་གྱིན་འདུག མི་རབས་དེས་བསྐྱེད་པའི་ཕྱི་རབས་པ་ལ་ལ་ཞིག་ནི་མི་རིགས་གཞན་ཞིག་གི་ངོ་བོར་ད་བ་དལ་བུར་འཐིམ་བཞིན་འདུག སྒོ་བརྩོན་དང་སྒོ་བརྩོན་ལྟ་བའི་ལོ་རྒྱུས་ཀྱིས་གླེང་རིན་པའི་སྣ་མི་དག་འདི་ལྟར་བཞུད་ཟིན ཁོ་ཚོ་བཞུད་ཟིན་ནའང་སྒོ་བརྩོན་ལྟ་བུ་དག་གིས་སྒོ་ཤེར་དང་སྒོ་ཤེར་ལྟ་བུའི་འུ་ཚོ་ཕྱི་རབས་པ་དག་གི་མིག་འབྲས་དང་སྒལ་ཚིགས་ལྟ་བུའི་སྐྱེས་བུ་སྐོར་ཅིག་ཀྱང་གནང་བྱུང དེ་ནི་ཁོ་ཚོའི་ཕྱི་གཙང་ནང་གཙང་གི་རིགས་ཞེན་དངོས་གནས་པ་དེའོ།།
དགའ་འོས་པ་ཞིག་ལ་འདི་ནའང་ཤ་གསེང་ན་རུས་རྐང་རྣལ་མ་ཞིག་མཆིས་པའི་མི་བུ་རང་ཚུགས་ཅན་ཞིག་གི་ལོ་རྒྱུས་བཀོད་འདུག ཁོང་གིས་མི་རབས་ཕྱི་མར་སྤྲད་པའི་དཔའ་མཛངས་ཀྱི་ལོ་རྒྱུས་དང་མི་རབས་འདི་ལ་མཁོ་བའི་མི་བུ་རྣམ་དཔྱོད་ཅན་ཞིག་ཀྱང་བཞག་ནས་བཞུད་སོང་། དེ་ལྟར་བཞུད་སོང་། གང་ལྟར། ཅི་འདྲའི་ཕངས་སེམས་འཆོར་བའི་ནོར་བུ་ཞིག་གམ། ཅི་འདྲའི་སུབ་མི་ཐུབ་པའི་དྲན་ཤིང་ཞིག་རེད་ཨང་།
རྔ་བ་ཚེ་སྐྱིད་ལ་ཐུགས་རྗེ་ཆེ་ཞུ། །སྒོ་རྩོན་དཔའ་བོ་བདེ་བ་ཅན་ཏུ་སྐྱེ་བར་ཤོག །
བཀུར་འོས་དྲ་གྲོགས་རྨ་ཆུ་སྐལ་བཟང་ལགས།
ཉིད་ཀྱིས་དྲི་བ་དྲིས་པ་དེ་འགྲིགས་སོང་། ང་ལའང་བློ་བསྐྱེད་ཅིག་རག་བྱུང་ངོ་།། དེ་འདྲ་ཡིན་དུས། ངའི་ངོས་ནས་བཀའ་དྲིན་ཆེའོ།། གང་ལྟར། དམ་པ་ཁོང་གིས་ཕྱི་ལོ་ ༡༩༨༢ ལོ་ནས་བཟུང་ནས། རྔ་ཡུལ་ཀིརྟིའི་མཆོད་རྟེན་ཆེན་མོ་ལེགས་མ་བྱུང་བར་ཁོང་གིས་འབད་འབུངས་ཆེན་པོ་ལ་བརྟེན་ནས་ཚོང་དོན་གྱི་ལས་གཉེར་ཡོད་པ་མ་ཟད། ཕྱི་ལོ་ ༡༩༨༩ ལོར་ཁོང་སྐྱབས་བཅོལ་ལ་ཕེབས་རྗེས། བལ་ཡུལ་ནས་ཀྱང་ཚོང་ལས་གཉེར་མྱོང་ཡོད་པ་རེད་དེ། ཁོང་གི་མཚན་སྙན་རྒྱས་བྱེད་གཙོ་བོ་ནི།《ཧུང་ཁྲན་》ཞེས་རྩ་འཛུགས་ཀྱི་མིང་ཐོག་ནས། རྒྱ་གཞུང་ལ་ངོ་རྒོལ་ཆེན་པོ་བྱས་པ་མ་ཟད། རྒྱ་ནག་གི་ས་གནས་སྲིད་གཞུང་མང་པོ་རྩ་རྫོགས་བཏང་ནས། ས་གནས་བོད་མི་རྣམས་ལ་དབང་ཆ་ཆ་བགོས་དང་རྒྱུ་འབྱོར་འདྲ་མཉམ་གྱིས་བྱས་པ་ལྷག་པར་དུ། དེའི་ཤུགས་རྐྱེན་ནི་སྐབས་དེའི་ རྔ་བ་རྫོང་གཅིག་པོ་མིན་པར་ཧོང་ཡོན་རྫོང་། མཛོད་དགེ་རྫོང་། འབར་ཁམས་རྫོང་། འཛམ་ཐང་རྫོང་། ཟུང་ཆུ་རྫོང་། གཅིག་སྒྲིལ་རྫོང་། དགའ་བདེ་རྫོང་། པད་མ་རྫོང་། བླ་བྲང་བཀྲིས་འཁྱིལ་སོགས་ལ་ཁྱབ་པས་རེད་ལགས།
བཀུར་འོས་དྲ་གྲོགས་སྦྲ་ནག་གཡག་སྙིང་ལགས།
བདེན་པ་རེད་ལགས། བོད་ཀྱི་འདས་མ་འོངས་ད་ལྟ་གང་ཞིག་ཡིན་རུང་། བོད་མི་རིགས་དང་རིག་གཞུང་གི་ཆེད་དུ། རླབས་ཆེ་བའི་ཕྱག་ལས་གནང་མཁན་དང་བྱས་རྗེས་འཇོག་མཁན། བློ་སེམས་དཀར་མཁན་དང་ཐབས་ནུས་འདོན་སུ་ཞིག་བྱུང་ན། ཁོང་ཚོར་ང་ཚོས་ངོས་འཛིན་དང་རྒྱབ་སྐྱོར་བྱེད་དགོས་པ་ནི། མི་རིགས་དང་རིག་གཞུང་གི་རིན་ཐང་ལ་བརྩི་འཇོག་བྱེད་ཀྱིན་པ་དང་ཨ་ན་མ་ན་ཡིན་པས་སོ།། གཞན་ཡང་། ང་ཚོ་ལ་དངོས་ཡོད་ལོ་རྒྱུས་ཀྱི་གཞི་རྟེན་ཞིག་དགོས་ན། འདི་རིགས་ལ་དོ་སྣང་དང་མཐོང་ཆེན་བྱེད་དགོས་པ་དེ་བས་ཀྱང་གལ་གནད་ཆེན་པོ་རེད། དེ་ནི། དྲ་གྲོགས་ཁྱེད་དང་ངེད་གཉིས་ཀྱི་བསམ་ཚུལ་མཐུན་སྟབས་མང་པོ་མི་སྤྲོས་སོ།། ལྷག་པར་དུ། དྲ་གྲོགས་ཉིད་ཀྱིས་གསུངས་པ་ལྟར། ངས་དམ་པ་ཁོང་གི་བྱུང་བ་མདོར་བསྡུས་འདི་འབྲི་དུས། གཅིག་ནས། དུས་ཚོད་ཏག་ཏག་ཅིག་གིས་མ་འདང་བའི་སྐྱོན། གཉིས་ནས། དམ་པ་ཁོང་གི་བྱུང་བ་ལ་རྒྱུས་མངའ་ཆེན་པོ་ཞིག་མེད་པ། གསུམ་ནས། དཔྱད་གཞིའི་ཆ་རྒྱུ་ཆེས་ཤིན་ཏུ་དཀོན་པ། བཞི་ནས། ཡུལ་ཐང་གི་དབང་གིས་དམ་པ་ཁོང་གི་བྱུང་བ་འདྲི་ཞིབ་བྱེད་ས་མ་རྙེད་པ། ལྔ་ནས། འབྲི་ཐབས་དང་ངོ་སྤྲོད་བྱེད་སྟངས་མ་འགྲིགས་པ་སོགས་ཀྱིས་ཅི་རིགས་ནོར་སྐྱོན་ཡོད་ལགས་ན། དམ་པ་ཁོང་དང་ཁོང་གི་མཛད་རྗེས་དོ་གལ་འཛིན་མཁན་རྣམས་ལ་བཟོད་གསོལ་སྙིང་ནས་ཞུའོ།།
བཀུར་འོས་དྲ་གྲོགས་དྲི་མེད་ལྷག་བསམ་ལགས།
ཉིད་ཀྱིས་ཟེར་ན། 《སྒོ་བརྩོན་ནི་དཔའ་རྒོད། བསལ་བློ་བ། ཐབས་ཇུས་མཁས་པ། ལྷག་བསམ་ཆེ་བ། ལ་རྒྱ་ལྡན་པ། འཇོན་ཐང་ཡོད་པ། འཇིག་རྟེན་གྱི་ཕོ་རྒོད་ཟེར་བའི་ཁྱད་ཆོས་ཡོངས་རྫོགས་ཚང་ཡོད་པ་ཞིག་རེད།》 ཅེས་པ་ལ་ངོས་ལེན་དང་གུས་བརྩི་ཞུའོ།། ཡིན་ན་ཡང་། དེང་སང་ནི། དངོས་ཡོད་ལ་ཕྱོགས་ཟིན་པའི་དུས་རབས་ཤིག་དང་དངོས་ཡོད་གཟིགས་འཛིན་བྱས་དང་བྱེད་ཀྱིན་པའི་དུས་རབས་ཤིག་ཡིན་དུས། ཉིད་ཀྱི་མཆན་བུ་སྨད་ཕྱོགས་དེ་གནས་ཚུལ་ལས་སྣང་ཚུལ་གཙོ་བོར་འཆད་ཀྱིན་པའི་རྣམ་འགྱུར་འདི་ལ། དང་ལེན་བྱེད་མ་སོང་། དེའི་རྒྱུ་མཚན་ཡང་། གཅིག དུས་རབས་ཀྱི་འཕེལ་ཕྱོགས་དང་མི་མཐུན་པ། གཉིས། བདེན་དཔང་བྱེད་སྤྱད་ཀྱི་སྟོབས་ཤུགས་ཞན་པ། གསུམ། དངོས་ཡོད་དང་རྒྱང་ཐང་རིང་བ། བཞི། ང་རང་གི་ལངས་ཕྱོགས་དང་ལྟ་ཚུལ་ལ་རྒྱབ་འགལ་དུ་ཆགས་པ་སོགས་ཀྱིས་སོ།།
བཀུར་འོས་དྲ་གྲོགས་རྒྱང་འཁྱམས་པ་ནས།
ཁྱེད་ཀྱིས་ཁོང་ལ་གདེང་འཇོག་གནང་བ་ནི། ཇི་འདྲ་མཛའ་ཞིང་བདེན་པ་ཞིག་ཏུ་མད་དོ།། གང་ལྟར། ང་ཚོའི་ངོས་ནས་དམ་པ་ཁོང་ལྟ་བུའི་མཛད་རྗེས་དང་ཁོང་ལྟ་བུས་སྐྱེད་སྲིང་གནང་བའི་རང་ཚུགས་རང་རྟོན་ཡོད་མཁན་གྱི་ཕྱི་རབས་པ་རྣམས་ཀྱིས་ཕྱོགས་སྟོན་གྱི་ཕྱོགས་ལ། ང་ཚོ་འགྲོ་དགོས་ཤིང་དང་ལེན་བྱེད་དགོས་པ་ནི། ང་ཚོའི་རྣམ་དཔྱོད་དང་མིག་རྒྱང་ལ་ཐུག་ཡོད་པ་རེད་དོ།།
ངའི་ངོ་དེབ་ནང་དུ། དྲ་གྲོགས་Gay Dunལགས་ནས།
ང་ཚོའི་དམ་པ་སུ་དང་གང་གི་མཛད་རྗེས་གླེང་སྐབས་དངོས་ཐོག་བདེན་ཚོལ་དང་། གོ་ལ་འདིའི་མི་རྣམས་ཀྱི་སྣང་ངོར་དང་མཐུན་པའི་བདེན་གཏམ་གླེང་རྒྱུ་གལ་ཆེན་ཡིན། དེ་མིན་རྒྱལ་དབང་ལྔ་པ་ཆེན་པོའི་རྒྱལ་རབས་ལྟར་བྱས་ནས་བྲིས་ན་རིན་ཐང་གང་འདྲ་ཡིན་བསམ་བློ་ཞིབ་མོ་གཏོང་དགོས་ངེས་སོ།།
བཀུར་འོས་དྲ་གྲོགས་Kalsang Gyatsoལགས།
དམ་པ་ཁོང་གི་ལམ་སྟོན་དང་དགོངས་གཞི་གང་ཡོད་རྣམས་ང་ཚོ་ཕྱི་རབས་རྣམས་ཀྱི་ངོས་ནས་འགྲུབ་ཨེ་ཐུབ་ལ་འབད་འབུངས་བྱེད་དགོས་པ་ནི། ཁོང་གི་ལམ་སྟོན་སོགས་ལ་རིན་ཐང་ཆེ་བས་རེད་ལགས། ཉིད་ཀྱིས་ཟེར་ན། 《ལྷག་པར་དུ་༸གོང་ས་ཆེན་པོའི་སྤྱན་སྔར་མ་འོངས་བོད་རང་བཙན་ཐོབ་ན། བོད་ཀྱི་དུས་འཁོར་དབང་ཆེན་ཐེངས་དང་པོ་དེ་རྔ་བར་བསྩལ་དགོས་པའི་རེ་སྐུལ་མཛད་པས་མགོན་པོ་གང་ཉིད་ཀྱིས་ཀྱང་ཞལ་བཞེས་མཛད་པའི་ལོ་རྒྱུས་ཡོད།》ཅེས་པ་ལ་བསམ་ཞིབ་དང་ལག་ལེན་གྱིས་འགྲུབ་ཐབས་བྱ་རྒྱུ་གལ་ཆེན་དོན་ཆེན་ཞིག་ཡིན་པས་ན། ང་ཚོའི་ནུས་པ་དང་མཉམ་འབྲེལ་དེ་གཅིག་ཏུ་སྤུངས་ནས། དམ་པ་ཁོང་དང་ཁོང་ལྟ་བུ་གང་ཞིག་ན་ཡོད་ན། ཁོང་རྣམ་པའི་དགོངས་གཞི་འགྲུབ་པའི་ཆེད་དུ། ང་ཚོའི་སེམས་སྟོབས་ཆེན་པོ་ཞིག་བསྐྱེད་ནས། ལག་ལེན་གྱི་རྣམ་གཞག་ཅིག་བཏོན་ནས། ཁ་ཕྱོགས་གསལ་བའི་ལམ་ཞིག་བཙལ་ནས། མདུན་ནས་མདུན་དུ་བསྐྱོད་དགོས་པ་ནི། ང་ཚོའི་འགན་བབ་ཅིག་ཡིན་པ་ངོས་འཛིན་དང་ལག་བསྟར་དགོས་པ་དེ་ཧ་ཅང་གི་གལ་ཆེན་ཞིག་རེད་ལགས།
བཀུར་འོས་དྲ་གྲོགས་Sonam Tseringལགས།
དེ་ནི། དེ་འདྲ་ཞིག་ཡིན་ནི་རེད་དེ། ཞི་ལྷོད་ཅིག་གནང་རོགས་ཞུའོ།། མ་གཏོགས་ཁོང་ཁྲོ་ཆེན་པོ་ལངས་ན། རང་ཉིད་ནས་འཕྲོད་བསྟེན་ལ་གནོད་ཀི་རེད་ལགས། ཨ་ལ་ཀུ་རེ་ཡིན། གང་ལྟར། ཁོང་རྣམ་ལྟ་བུ་སྐུ་ཚེའི་རིང་ཐུང་ལ་མ་ལྟོས་པར་ཁོང་རྣམ་པའི་ངོས་ནས་བཞག་པ་ནི། རླབས་ཆེ་བའི་མཛད་རྗེས་ཤིག་དང་རིན་ཐང་ཆེ་བའི་མཛད་རྗེས་ཤིག་ཡིན་པས་ན། ང་ཚོའི་མིག་དཔེ་དང་ལམ་སྟོན་ལ་ནམ་ཞིག་ཡིན་རུང་། འགྱུར་བ་ཡོད་པ་མ་རེད་ལ། ནོར་བ་ཡང་ཡོད་པ་མ་རེད། དེས་ན། ང་ཚོའི་ངོས་ནས། ཁོང་རྣམ་པའི་ལམ་སྟོན་སོགས་ལ་ཉམས་ལེན་ཞུ་དགོས་པ་ནི། ཁོང་རྣམ་པའི་ཐུགས་རེ་ཆེ་ཤོས་དེ་རེད་ལགས།
བཀུར་འོས་དྲ་གྲོགས་Blue Sparkལགས།
ཉིད་ཀྱིས་ངོས་འཛིན་དང་ཕྱོགས་སྡོམ་དེས། ང་ཡང་བདེ་ལ་བབས་སོང་ཡ། ད་རུང་ཡིན་ཡང་། འདི་ལྟ་བུའི་ངོས་འཛིན་ཞིག་དང་ཕྱོགས་སྡོམ་རེ་གལ་གནད་ལ་ཐུག་དུས། རྒྱུན་པར་གནང་རྒྱུ་གལ་འགངས་ཆེའོ།། གང་ཡིན་ཟེར་ན། ང་ཚོའི་སྤྱི་ཚོགས་ཆུང་རུང་ཕྱོགས་རིས་ཆེ་བ། ང་ཚོའི་སྤྱི་ཚོགས་རྨོངས་པས་ཨུ་ཚུགས་མཁྲེགས་འཛིན་ཆེ་བ། དེའི་ཕྱིར་ན། ང་ཚོའི་སྤྱི་ཚོགས་ཀྱི་བསམ་བློ་དང་ལྟ་ཚུལ་འཁུར་མཁན་རྩོམ་པ་པོའི་མིང་འཛིན་རེ་གཉིས་དང་ཟིན་བྲིས་པ་འགའ་ཤས། ད་དུང་མཆན་འདེབས་འགའ་ཤས་ཀྱིས་དུས་ནམ་ཡིན་རུང་། བདེན་པ་དང་དངོས་ཡོད་ལ་རྒོལ་ནས་ང་ཚོའི་སྤྱི་ཚོགས་ཀྱི་རྣམ་དཔྱོད་དང་ངོས་འཛིན་གུ་དོག་ཅན་དུ་བསྒྱུར་ཡོད་སྟབས། འདི་དག་གི་དམིགས་ཡུལ་ཕྱོགས་རིས་པ་དང་ལངས་ཕྱོགས་རྫོབ་པོ་དེ་མཐའ་གཅིག་ཏུ་ཕྱིར་བསྒྲགས་དང་ལྷིང་ལ་འབུད་ཐབས་བྱ་དགོས་སོ།།
རྔ་བ་སྒོ་བརྩོན་ཞེས་གོ་མྱོང་མྱོང་ཞིག་འདུག ༡༩༩༦ ལོའི་དུས་འཁོར་དབང་ཆེན་གྱི་ཐོག་ཏུ་རྔ་བའི་ཚོང་པ་རྒྱ་རྨེའི་མཉམ་དུ་རྒད་པོ་ཞིག་འདུག་ལ། རྒད་པོ་དེས་སྔར་རྒྱ་གར་དུ་འགྲོ་མཁན་མང་པོར་ལྷ་ས་ནས་རོགས་རམ་བྱས་ཚུལ་ཞིག་གོ་བས། མི་འདི་གཉིས་གཅིག་པ་ཨེ་ཡིན་བསམ་ནས་ངོ་སྤྲོད་འདི་ཅིག་བཀླགས་ཀྱང་བརྡར་ཤ་གཅོད་ཐུབ་མ་སོང་།
མི་ཐོག་འདི་ཕལ་ཆེར་རྫོགས་ཚར་སོང་། མཚམས་མཚམས་ལ་སྐྱོ་སྣང་ཞིག་འབྱུང་བ་ནི། ང་ཚོའི་མི་ཐོག་འདིས་ཁོང་ཚོའི་འཐབ་འཛིང་དང་འགོག་རྒོལ་གྱི་གཏམ་རྒྱུད་བརྗོད་པའི་རྒྱལ་སྤྱིའི་ཚད་ཀྱི་དཔེ་དེབ་ཅིག་ཀྱང་བོད་ཡིག་ཏུ་འབྲི་ཐུབ་མེད་པ་འདི་རེད། ནགས་ཚང་ནུས་བློ་ཡང་མི་ཐོག་འདིའི་གྲས་མ་རེད་དམ།
རྔ་བའི་དཔའ་མོ་ཚེ་སྐྱིད་ལགས། ལོ་རྒྱུས་དང་མི་རིགས། རང་དབང་དང་འཐབ་རྩོད་སོགས་ཁྱོད་དགའ་སའི་རིག་གཞུང་དེ་དག་ཐམས་ཅད་མི་རེ་གཉིས་སམ། ཚོགས་པ་ཞིག་གམ། ས་གནས་ག་གེ་མོའི་མི་རིགས་ཤིག་གི་སྣང་ཚུལ་གཙོ་བོར་བྱས་ནས་བཤད་ཅིང་། སྣང་ཚུལ་གཙོ་བོར་བྱས་ནས་ཐག་གཅོད་པ་དེ་འཇིག་རྟེན་ལ་ཡོངས་སུ་གྲགས་པའི་བདེན་པའམ་དངོས་ཡོད་རེད། སྒོ་རྩོན་གྱིས་གང་བཤད་པ་དེ་སྒོ་རྩོན་གྱི་རིགས་སུ་གཏོགས་པ་རྣམས་ལ་བདེན་པ་དང་། སྐབས་དེའི་མི་རྣམས་ལ་དངོས་ཡོད་རེད།དེང་དུས་ཚན་རིག་པས་བདེན་དཔང་བྱེད་སྤྱད་ཀྱི་སྟོབས་ཤུགས་ཟེར་བ་དེ་མིག་ཤེས་རྣ་བ་གསུམ་ཁ་མཐུན་པ་རེད། དེའི་ཆོས་གསུམ་ཀྱང་སྒོ་རྩོན་དང་། མགོ་ལོག་རྐང་ལོ། ཨ་ལགས་འཇིགས་མེད་བསམ་གཏན་གསུམ་ལ་ཚང་ཡོད། ཚན་རིག་པའི་གནས་ལུགས་བདེན་པ་དེ་རྡུལ་ཕྲན་ཞིག་དང་། །ནང་ཆོས་ཀྱི་བདེན་པའམ་གནས་ལུགས་མཐར་ཐུག་ཏེ་སྟོང་པ་ཉིད་རེད། དེ་ཁོ་ན་དབང་བཙན་བྱས་ན། མི་རིགས་ཀྱི་ལ་རྒྱ་དང་། ལོ་རྒྱུས། རང་དབང་གི་འཐབ་རྩོད་སོགས་སུ་ཡིས་སུ་ལ་བྱེད། ངས་གོང་ཏུ་སྒྲུང་གཏམ་ཞེས་བཤད་ཡོད་པ་ལས་ཐག་བཅད་དེ་ང་ཉིད་བདེན་པ་གཅིག་པུའོ་ཞེས་སྨྲས་མེད། དེས་ན་ངས་མིག་ཤེས་རྣ་བ་ལ་སྣང་ཚུལ་བརྗོད་པ་ཡིན་པས་གནས་སྣང་རྟེན་འབྱུང་ཡིན་པས་འགལ་བ་མེད། འཇིག་རྟེན་གྲགས་པའི་གནས་་ཚུལ་དང་དུས་རབས་ཀྱི་འཕེལ་ཕྱོགས་དང་འགལ་བ་ཡང་ག་ལ་ཡོད། བསམ་ཕོད་པ། བཤད་ཕོད་པ། བྱེད་ཕོད་པའི་མི་རིག་གསར་བ་ཚོས་ང་ལས་ལྷག་པ་མེད་དོ་སྙམ་པའི་ང་རྒྱལ་གྱིས་གནམ་རྟོལ་འདོད་ཁོ་ན་མིན་པར། བོད་ཀྱི་མིང་ཚིག་ཡི་གེའི་འགྲོ་སྟངས་དང་། དེའི་བརྡ་དོན་སོགས་ལ་ཐུགས་ཞིབ་ཅུང་ཟད་གནང་ན་ཅི་མ་རུང་། །
སྒོ་སྔུན་ཚང་གི་མི་ཐོག་རིམ་པའི་བོད་མི་རིགས་ལ་བཅང་བའི་བརྩེ་སེམས་དང་དཔའ་ངལ་གྱི་བྱུང་བ་བརྗོད་པ་ཞེས་པའི་ལོ་རྒྱུས་དེབ་ཕྲེང་གསུམ་ཅན་ཞིག་མི་འགྱིངས་པར་པར་སྐྲུན་བྱེད་ལ་ཉེ་བའི་གཏམ་བཟང་ཐོན་འདུག
བཀུར་འོས་དྲ་གྲོགས་ལྷ་ལུང་དོན་འགྲུབ་ལགས།
ཉིད་ཀྱིས་ཟེར་བའི་རྨེའུ་སྒང་རྒྱ་མེ་ནི་རྔ་བའི་ཚོང་པ་སྔ་གྲས་ཤིག་རེད་ལ། རྨེའུ་རྒྱལ་བོའི་འབྲེལ་གཏོགས་ཤིག་ཀྱང་རེད་ལགས། གཞན་ཡང་། སྒོ་བརྩོན་ལགས་ནི། རྨེའུ་ཚང་གི་ཉེ་འབྲེལ་རྩ་བ་ཞིག་ཡིན་པ་མ་ཟད། རྩ་དོན་དང་ལ་རྒྱའི་ཆེད་དུ་ཕྱག་ལས་གནང་མཁན་རྔ་བའི་གལ་ཆེན་ཞིག་རེད། མདོར་ན། ཉིད་ཀྱིས་མཐོང་བའི་རྨེའུ་སྒང་རྒྱ་མེའི་ཟུར་གྱི་མི་དེ་སྒོ་བརྩོན་ཡིན་མིན་ངས་ཤེས་མ་སོང་རུང་། རྨེའུ་སྒང་རྒྱ་མེ་དང་སྒོ་བརྩོན་གཉིས་མི་གཅིག་མ་རེད་ལགས།
བཀུར་འོས་དྲ་གྲོགས་ལྷ་ལུང་དོན་འགྲུབ་ལགས།
བདེན་པ་རེད་ལགས། ཁོང་རྣམ་པ་ལྟ་བུ་བོད་ཁམས་མདོ་སྨད་བར་གསུམ་གང་ན་མཆིས་ཤིང་མི་རིགས་དང་ལ་རྒྱའི་ཆེད་དུ། རིན་ཐང་ལྡན་ཞིང་རླབས་པོ་ཆེའི་ ཕྱག་ལས་ཀྱི་གྲུབ་འབྲས་ནི། ང་ཚོའི་མི་རབས་ཀྱི་སྤོབས་པའི་འབྱུང་ཁུངས་ཤིག་དང་མིག་དཔེ་ཞིག་ཆགས་བསྡད་ཡོད་དུས། ང་ཚོའི་ངོས་ནས་ཀྱང་ཡི་རངས་དང་ངོས་འཛིན་ཟབ་མོ་འཐོབ་དགོས་པ་ནི། གལ་ཆེན་དོན་ཆེན་ཞིག་ཡིན་རུང་། སྤྱི་ཡོངས་ནས་ཉིད་ཀྱིས་བཤད་པར་ལྟར། 《ཁོང་ཚོའི་འཐབ་འཛིང་དང་འགོག་རྒོལ་གྱི་གཏམ་རྒྱུད་བརྗོད་པའི་དཔེ་དེབ་ཚད་ཐུབ་ཅིག་ཀྱང་བོད་ཡིག་ཏུ་འབྲི་ཐུབ་མེད་པ་འདི་རེད།》ཅེས་པ་ནི། དངོས་ཡོད་གནས་ཚུལ་གྱི་བདེན་ཆ་ཞིག་ཡིན་སྟབས། ང་ཚོ་མི་རབས་གསར་བ་རྣམས་ཀྱིས་དེའི་ཉམས་མྱོང་ཐོད་དུ་བླངས་ནས། སྔར་འདས་ཀྱི་ནོར་འཁྲུལ་གྱི་ཆ་ལྟ་བུ་མི་འབྱུང་བའི་ཆེད་དུ། ང་ཚོས་རྣམ་དཔྱོད་བསྒྲིམས་ནས། ང་ཚོས་ལག་ལེན་གྱི་གནད་ཅིག་བསྟན་ནས། ང་ཚོས་གྲུབ་འབྲས་ཤིག་རྩོད་ལེན་བྱས་ནས། ང་ཚོས་མ་འོངས་པའི་མི་རབས་ཀྱི་ཆེད་དུ། ང་ཚོས་མངོན་གསལ་མིན་པའི་ལོ་རྒྱུས་སོགས་ཀྱི་ཆེད་དུ། ང་ཚོའི་ནུས་པ་དང་མཉམ་རུབ་འདོན་དགོས་པ་ནི། དུས་བབ་ཅིག་དང་དངོས་ཡོད་ཅིག་གིས་དེད་པའི་ང་ཚོའི་ལས་འགན་ཞིག་རེད།
དྲ་གྲོགས་དྲི་མེད་ལྷག་བསམ་ལགས།
སྤྱིར་ན། སྣང་ཚུལ་ནི་གནས་ཚུལ་མ་ཡིན་ཞིང་གནས་ཚུལ་དེ་དངོས་བདེན་ཞིག་ཡིན་པས་ན། སྣང་ཚུལ་འཇོག་ཚུལ་ནི། རྣམ་རྟོག་གིས་བསྐྲུན་པའི་འདུ་ཤེས་ཤིག་ལས་དངོས་ཡོད་ཡིན་པའི་མ་ཁྱབ་པའོ།། དེའི་སྟབས་ཀྱིས། རྣམ་རྟོག་དང་སྣང་ཚུལ་གྱིས་ནམ་ཞིག་ཡིན་རུང་། བོད་མི་རིགས་ཀྱི་བྱུང་རབས་དང་རིག་གནས། འཚོ་གནས་དང་ངོས་འཛིན་སོགས་ལ་ཤུགས་རྐྱེན་ཇི་ཙམ་ཆེ་ན་དེ་ཙམ་གྱིས་རྫུན་པའི་རྫུནཔར་འགྱུར་ཞིང་། དངོས་བདེན་གྱི་ལྡོག་པར་ཕྱོགས་ནས། འཛིན་བཟུང་ཅི་ཡང་མེད་པའི་འཇའ་གཟུགས་ལྟ་བུར་འགྱུར་རོ།། དེ་དུས། བོད་ཀྱི་བྱུང་བ་དང་འཚོ་བ་སོགས་ནི། ལྷ་སྒྲུང་ལས་ཐོན་ཞིང་ཀླུ་ཡུལ་དུ་ཡུབ་འགྲོ་བ་ལྟ་བུ་རེད། འདིའི་ལྟ་ཕྱོགས་ནི། ཆོས་ལུགས་པས་གཙོར་འཛིན་བྱེད་ན་ཐང་མོད། འོན་ཏང་། འཇིན་རྟེན་ཡོངས་ཀྱིས་འཚོལ་རྙེད་ཐུབ་པ་ཞིག་དང་ཁས་ལེན་བྱེད་ཐུབ་པ་ཞིག་དེ་བས་ཀྱང་མ་རེད། དེའི་དབང་གིས། བོད་ཀྱི་རིག་གནས་སྙིང་སྟོབས་དང་རང་ཚུགས་རང་རྟོན་གྱི་རྣམ་གཞག་ཡལ་བར་འགྱུར་གི་རེད། ད་གཟོད་བོད་ཀྱི་ངོས་འཛིན་དེ་ལུགས་འདི་ཡིན་མེད་པའི་སྐྱ་ཆད་སྔོ་སྡུག་ཅིག་ཏུ་འགྱུར་གྱི། རང་རྣམ་རང་སྲུང་གིས་རང་སྟོབས་ཤིག་མེད་པར་མཛོ་སྣ་སུས་ཁྲིད་ཁྲིད་ཅིག་ཏུའང་འགྱུར་གི་རེད་དོ།། མདོར་ན། དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས། སྣང་ཚུལ་ལས་གནས་ཚུལ་གཙོ་བོར་བཟུང་ནས། དེང་དུས་ཀྱི་རིག་ཚན་བྲེ་བྲག་པའི་དཔྱད་ཐབས་ཤིག་སྤྱད་ནས། གཞན་གྱིས་བཏོན་ཟིན་པའི་ལམ་དང་ལུགས་སྲོལ་གཅིག་པོ་མ་ཡིན་པར་རང་ཉིད་ཀྱི་གནས་བབ་ལ་མཛའ་ཞིང་ཛ་དྲག་ཆེ་བའི་དུས་ཚིགས་འདི་ལ་བོད་ལ་ལམ་ཞིག་འདོན་དགོས་པ་ལས། ག་དུས་ཡིན་རུང་། གཞན་གྱི་ལམ་ལུགས་ཀྱིས་སྲུང་གི་མ་རེད་ལ། དེ་ལས་ཀྱང་སྐྱོབ་ཐུབ་ཀི་མ་རེད། གང་ཡིན་ཟེར་ན། གཅིག་ནས། ནམ་ཞིག་ཡིན་རུང་གཞན་གྱི་ལམ་དེ་ང་ཚོར་མི་མཛའ་བ་ཡོད་པས་དང་། གཉིས་ནས། རང་ལམ་ཞིག་མེད་ན་གཞན་བརྟེན་རྐྱང་རྐྱང་གིས་མཐའ་འཁྱོངས་དཀའ་བ། གསུམ་ནས། ག་དུས་ཡིན་ན། དུས་རྟག་ཏུ་གཞན་ལམ་ཞིག་ལས་འཚོལ་མ་ཐུབ་པ་ཡིན་ན། རང་དབང་དང་ཐོབ་ཐང་སོགས་གང་ཞིག་ཏུ་བུད་འགྲོ་གི་རེད་དམ།
གང་ལྟར། བོད་མི་རིགས་ཀྱི་འགན་འཁུར་དེ་སྔ་རུང་ཕྱིས་རུང་གཞོན་སྐྱེས་རྣམས་ཀྱི་བློ་གྲོས་དང་ལག་ལེན་གྱི་འོག་ཏུ་ཤོར་བསྡད་ཡོད་པ་རེད། དེའི་སྟོབས་ཀྱིས། མི་རབས་གསར་བའི་རྣམ་དཔྱོད་དང་ཆོད་སེམས་སོགས་སྦྱང་བརྡར་ཞིབ་ཅིང་ཕྲ་བ་ཞིག་བྱས་ན། མཐོ་དམན་སུ་གང་ལ་འགལ་འདུ་མེད་པས་བསྙད་པ་ཡིན་ནོ།།
ད་ལྟའི་བར་དུ། ངས་བཏབས་ཟིན་པའི་མཆན་བུ་ཁག་དང་བསམ་ཚུལ་རྣམས་གང་ཐུབ་ཅི་ཐུབ་ཀྱི་སྒོ་ནས། གོ་སླ་ཞིང་ངོ་སྤྲོད་བདེ་བ་ཡོང་ཐབས་སུ་འབད་འབུངས་བྱས་ཡོད་མོད། འོན་ཀྱང་། ངས་ད་ལྟའི་བར་དུ་བྲིས་པའི་བརྡ་སྟོན་རྣམ་གཞག་དེ་འཐུས་སྒོ་མ་ཚང་ས་དང་གོ་བརྡ་མ་འཕྲོད་ས། ཚིག་སྤྱོར་མ་འགྲིགས་པ་སོགས་ཡོད་སྲིད་པས་ན། རྗེས་ཕྱོགས་གཟབ་ནན་བྱེད་ཡ།
དྲ་གྲོགས་རྔ་བ་དབྱངས་ཅན་ལགས།
ཉིད་ཀྱིས་གཏམ་བཟང་འདི། དོན་དངོས་ཡིན་ན། ཅི་འདྲའི་གསར་འགྱུར་གལ་ཅན་ཞིག་རེད། དེས་ན། ངས་ཁྱེད་ལ་དེའི་སྐོར་ནས་འདྲི་ཆོག་པར་ཞུའོ།།
སུ་ཞིག་རྩོམ་སྒྲིག་བྱེད་ཀིན་པ་རེད་དམ། གཞིས་བྱེས་གང་ཞིག་ནས་ཡོང་གི་རེད་དམ། གམ་ཞིག་ལ་འགྲེམས་སྤེལ་བྱེད་ཐུབ་ཀི་ཡོད་མེད་སོགས་ཀྱི་ལན་ཞིག་གནང་སྐྱོང་ཡོང་བར་ཞུའོ།།
དཔའ་མོ་ཚེ་སྐྱིད་ལགས། ཉིད་ཀྱིས་(སྣང་ཚུལ་འཇོག་ཚུལ་ནི། རྣམ་རྟོག་གིས་བསྐྲུན་པའི་འདུ་ཤེས་ཤིག)ཅེས་དེ་ཐ་ཆད་ལྟ་བུར་བཞག་པའི་རྗེས་སུ། (བོད་མི་རིགས་ཀྱི་བྱུང་རབས་དང་རིག་གནས། འཚོ་གནས་དང་ངོས་འཛིན་)ཞེས་པ་གནས་ཚུལ་ཏུ་བཤད་འདུག རྣམ་རྟོག་ལ་མ་བརྟེན་པའི་(འཚོ་གནས་ངོས་འཛིན་)ཞིག་བསྐལ་བའི་བར་བཙལ་ཀྱང་རྙེད་རྒྱུ་མེད། ཡང་ (མི་རབས་གསར་བའི་རྣམ་དཔྱོད་དང་ཆོད་སེམས)ཞེསཔའི་(རྣམ་དཔྱོད་དང་ཆོད་སེམས)ཐམས་ཅད་རྣམ་རྟོག་ལས་འགྲོ་ས་མེད་པས་ཁྱོད་ཀྱི་ཁས་ལེན་ཐམས་ཅད་སྣང་ཚུལ་ཁོ་ན་བྱས་འདུག་མོད། གནས་སྣང་གི་གོ་བ་ལོག་པའམ་བསམ་བཞིན་གནས་ཚུལ་ཡིན་པའི་ལྷན་པ་ཞིག་བརྒྱབ་འདུག འདི་དེང་རབས་པར་འདོད་པ་རྣམས་ཀྱི་ནང་འགལ་ཆེ་ཤོས་ཏེ་རེད། འོན་ཀྱང་ཁྱོད་ཅག་གི་སྙིང་སྟོབས་དང་ཆོད་སེམས་ལ་གུས་པ་ཡོད། རྩོད་ཡུལ་རྒད་མོ་སྡུག འགྲས་ཡུལ་ཁྲམ་པ་ངན་ཟེར་བ་ལྟར། བུ་མོ་ཁ་དགུ་མ་ཚོའི་ཁ་ཉུལ་ནས་བསྡད་ན་དགོས་པ་ཆེར་མེད་པས་རེ་ཞིག་བདེ་མོ་གྱིས། ཐུགས་རྗེ་ཆེ།
དེ་རིང་ཕྲན་འགྲོགས་འདྲེས་ཡོད་པའི་རྒན་རབས་པ་ཞིག་གི་ལོ་རྒྱུས་ལ་མཇལ་རྒྱུ་བྱུང་།
ཕྲན་༡༩༩༢་ལོར་བོད་ནས་བལ་ཡུལ་སྣེ་ལེན་ཁང་དུ་སླེབ་ཉིན་ནས་སྒོ་བརྩོན་འགྲུས་ཀྱིས་རང་ཁྱིམ་དུ་བསུ་མྱངས་ཡོད་ལ། དེ་ནས་བཟུང་ངེད་གཉིས་ཀྱིས་ཕན་ཚུན་བསམ་ཚུལ་གང་མང་རེ་བཤད་པས་འགྲོགས་འདྲེས་ཇེ་ཟབ་ཏུ་ཆགས། སྒོ་བརྩོན་འགྲུས་ལ་བྱས་རྗེས་ཡོད་པ་གོང་གསལ་ཚེ་སྐྱིད་ལགས་ཀྱིས་གསལ་བཤད་ལྟར་རེད། ཁོ་མོ་ལ་དེ་རིང་ངས་འདི་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་བྱུང་།
དེ་མིན་སྒོ་བརྩོན་འགྲུས་ཁོང་གིས་ང་ལ་འབྱུང་འགྱུར་གྱི་གནད་དོན་འགའ་ཞིག་ལ་འགྱུར་བ་འབྱུང་ཚུལ་གྱི་སྐོར་འགའ་རེ་བཤད་མྱངས་ཡོད་ལ། ངོ་མ་ལོ་བཅུ་སྐོར་གྱི་རྗེས་ནས་ཁོང་གིས་བཤད་པ་ལྟར་བྱུང་གི་འདུག སྐབས་དེར་རྒན་རབས་པ་དེའི་བསམ་བློ་ལ་ང་ཧང་སང་སོང་།
རྒན་རབས་པ་དེ་འདྲ་ང་ཚོའི་སྤྱི་ཚོགས་ཁྲོད་དུ་དཀོན་བ་ད་གཟོད་ཕན་ངས་ཤེས་སོང་། འོན་ཀྱང་་་་
དྲ་གྲོགས་དྲི་མེད་ལྷག་བསམ་ལགས།
དུས་ཐོག་ཏུ་ལན་ཞིག་འབྱོར་བར་བདེ་སོང་། གང་ལྟར། གནས་ཚུལ་ནི། དབང་ལྔའི་ཡུལ་ལ་མངོན་སུམ་དུ་གྱུར་བ་ཞིག་ཡིན་རུང་། སྣང་ཚུལ་ནི་དེ་ལས་ལྡོག་ནས། རྣམ་རྟོག་གིས་བསྐྲུན་པའི་འཆར་སྣང་ཞིག་ཡིན་པས་སོ།། དེ་གཉིས་ཀྱིས་མི་འདྲ་སའི་ཁྱད་པར་ཆེན་པོ་ཞིག་ཡོད་པ་ནི། དང་པོ། དངོས་ཡོད་ཅིག་ཡིན་སྟབས་ཚད་འཛིན་ཡོད་པའི་ཕྱིར་རོ།། གཉིས་པ། རྟོག་བཟོས་བསླངས་པའི་འདུ་ཤེས་ཤིག་ཡིན་པས་བདེན་འཛིན་མེད་པའི་ཕྱིར་རོ།།
ད་རུང་། ངས་བལྟས་ན། ནང་ཆོས་ཀྱིས་སྣང་ཚུལ་མང་པོ་འཚོལ་བཞིན་པ་རེད་བསམ་གི དེའི་རྒྱུ་མཚན་ནི། འཇིག་རྟེན་གྱི་ཕུན་ཚོགས་དོན་གཉེར་གྱི་འདུན་པ་དེར་རྒྱབ་ཀྱིས་ཕྱོགས་ནས། དེ་ལས་གཞན་པའི་སེམས་ཀྱི་ཞི་བདེ་ཞིག་བཙལ་དང་འཚོལ་བཞིན་པ་རེད། དེའི་སྟོབས་ཀྱིས། འཁོར་བར་སྙིང་པོ་མེད་པར་ལྟ་བ། འཁོར་བའི་ཕུན་ཚོགས་ལ་དོན་སྙིང་ཡང་མེད་པ་སོགས་ཀྱི་འདུ་ཤེས་ཀྱིས་འཛིན་སྟངས་ཆེས་དམིགས་བསལ་བ་གནའ་ནས་ད་ལྟའི་བར་དུ་རྒྱུན་འཁྱོངས་བྱས་ནས་ཚད་མེད་པའི་སྙིང་རྗེ་དང་ཀུན་ཁྱབ་བྱམས་བྱམས་པ། གནས་དང་གནས་མིན་ལ་དཔྱོད་པའི་ཤེས་རབ་སོགས་འཚོལ་བཞིན་པ་ནི། ནང་ཆོས་རིག་གནས་ཁོ་རང་གི་རིན་ཐང་དང་གཟི་བརྗིད་ཅིག་ཡིན་རུང་། དེ་ནི། གཙོར་ཆེར་སྣང་ཚུལ་གྱི་ཕྱོགས་སུ་བསྐྱོད་ཡོད་པས་སོ།། གནས་ཚུལ་ནི། གང་ཡང་རུང་བའི་ཆོས་ལུགས་རིག་གནས་ཀྱི་ལྟ་སྟངས་ཀྱིས་སླད་མ་ཞུགས་པའི་དབང་ལྔའི་སྤྱོད་ཡུལ་དུ་གྱུར་པའི་གནས་ཚུལ་རྣམས་ཏེ། དཔེར་ན། རྒྱུ་འབྱོར་དང་ཐོབ་ཐང་། དབུལ་ཕྱུག་དང་ཡག་སྡུག་སོགས་མཐོང་ཐོས་མྱོང་རེག་ཡོད་པའི་དངོས་ཡོད་གནས་ཚུལ་ཞིག་གོ ། དེའི་དབང་གིས། ཆོས་སྲིད་གཉིས་ཀྱི་ལྟ་བ་དང་ལག་ལེན། སྤྱོད་པ་དང་ངོས་འཛིན་རྦད་དེ་སོ་སོ་ཡིན་པས་ན། རང་རང་གི་མཛེས་པ་དང་རིན་ཐང་རྙེད་ཕྱིར་རང་རང་ལ་མཛའ་བའི་ལམ་ཞིག་གི་ཐོག་ཏུ་བསྐྱོད་ན། འཇུག་རིམ་དང་གྲུབ་དོན་མ་འདྲ་བས་སོ།།
བཀུར་འོས་དྲ་གྲོགས་འོ་མ་ལགས།
ཁྱེད་དང་དམ་པ་སྒོ་བརྩོན་གཉིས་ཀྱི་བར་ན། ཐུགས་རྒྱུས་ཟབ་མོ་ཡོད་པ་དེ་ཤེས་སོང་བས་ན། དགའ་སོང་བདེ་སོང་ལགས། རྗེས་ཕྱོགས་ང་ལ་གོ་སྐབས་རེ་ཡོད་ན། དམ་པ་ཁོང་གི་སྐོར་ལ་བཅར་འདྲི་དང་རྒྱུས་ལོན་རེ་བྱེད་རྒྱུ་ཡོད་ལགས་ན། དེ་དུས། རོགས་འདེགས་ཤིག་ཡོང་བར་ཞུའོ།།
སྒོ་སྔུན་བརྩོན་འགྲུས་ཀྱི་ལོ་རྒྱུས་མདོར་བསྡུས།
གཟི་བརྗིད་དང་སྤོབས་སེམས་ཀྱིས་ཡོངས་སུ་གང་བའི་སྒོ་སྔུན་བརྩོན་༼ཡོངས་གྲགས་ལྟར་ན་སྒོ་བརྩོན་ཟེར།༽ལགས་ནི། ཨ་མདོ་རྔ་བའི་ཁ་ཤུལ་ནས་སྐྱེས་ཤིང་འཚར། སྐུ་ཞབས་ཁོང་གི་ཡབ་མེས་ཚོའི་རིང་རྨེའུ་ཚང་གི་བློན་ཆེན་གྱི་གོ་གནས་ཡོད་པ་བསྟུན་མར་བཞི་བྱུང་འདུག ཁོང་ཡང་རྨེའུ་ཚང་གི་བློན་པོ་ཞིག་ཡིན་པ་མ་ཟད། སྐབས་དུ་མར་རྨེའུ་ཚང་གི་བློན་ཆེན་དང་དམག་དཔོན་གྱི་ལས་འགན་གཅིག་ལྕོགས་ཀྱིས་བཞེས་མྱོང་། དེ་ཡང་རྔ་བའི་ཤོག་སྟོད་མའི་དམག་དཔོན་མཚན་སྙན་ཅན་ཞིག་རེད། སྐུ་གཞོན་ནུའི་སྐབས་ཕོ་གསར་གྱི་ཉམས་དང་བཟོ་རྟ་ཧ་ཅང་ཡག་པོ་ཡོད་སྟབས། རྔ་བ་དང་ས་ཕྱོགས་གཞན་པའི་གཞོན་ནུ་མ་ཚོ་ཆེད་དུ་སྒོ་བརྩོན་གྱི་ཕོ་ཉམས་ལ་ལྟ་བར་ཡོང་བའི་ལོ་རྒྱུས་ཀྱང་གང་སར་གྲགས།
ཁོང་གི་ཕའི་ཕ་ཡི་ཕའི་མིང་ལ་སྒོ་ཚེ་ཟེར་ཞིང༌། ཧ་ཅང་གི་དཔའ་རྒོད་ཅིག་ཡོད་ཚུལ་ཐོས། ཁོང་གི་ཕ་ཡི་ཕའི་མིང་ལ་སྒོ་ཀླུའམ་ཀླུ་ཕྱུག་དང་། ཡང་ཁོང་གི་ཕའི་མིང་ལ་སྒོ་འབྲུག་གྲགས། ཁོང་གི་ཡབ་དམ་པ་དེ་ཁོང་༼སྒོ་བརྩོན་གྱི་༽ལོ་དགུར་སླེབས་དུས་སྐུ་གཤེགས། སྐབས་དེར་ཁྱིམ་ཚང་གང་བོ་ལྷ་སར་སོང་སྟེ་གྲོངས་པ་རེད་ཟེར། སྐབས་དེར་སྒོ་བརྩོན་ལགས་རྔ་བ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་གྲྭ་སར་བསྡད་འདུག རྗེས་སུ་རྨེ་རྒྱལ་པོའི་དགོངས་བཞེད་བཞིན་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་དུ་ནང་ཆེན་ཞིག་རྒྱག་རྒྱུ་དང༌། གྲྭ་རྒྱུན་གཉིས་འཇོག་རྒྱུ། བཀའ་འགྱུར་ཅིག་བཞེངས་རྒྱུའི་ཁས་ལེན་བྱས་ཏེ་ཁྱིམ་སར་བབས་འདུག་པ་མ་ཟད། ལོ་ཆུང་ཆུང་སྐབས་ནས་རྨེ་ཚང་གི་རྒྱལ་ཁང་ནང་གཏན་འཇགས་ཀྱིས་བཞུགས་པ་འདྲ། ཕལ་ཆེར་ལོ་བཅོ་ལྔའི་ཐོག་ནས་རེད།
ཁོང་གི་ལས་འཁན་གཙོ་བོ་ཤོག་ཁ་ཕན་ཚུན་བར་གྱོད་བཤད་དེ་གཟི་དཔང་བྱེད་རྒྱུ་དེ་ཡིན་ཞིང༌། ལས་རོགས་སུ་རྨེའུ་ཚང་གི་བློན་ཆེན་མཁས་ཁོ་བསྐོ་བཞག་བྱས། ༼བློན་ཆེན་ཁོང་དགུང་ལོ་བརྒྱད་ཅུའི་ཐོག་སྐུ་གཤེགས་འདུག༽
ཁོང་༼སྒོ་བརྩོན།༽དགུང་ལོ་བཅུ་དགུར་སླེབས་དུས་རྨེའུ་ཚང་དང་ཁྲོ་ཆུའི་བར་དམིག་འཁྲུག་ཤོར་ཏེ་ཕར་ཚུར་གཉིས་ཀའི་དམག་རྟ་གྲངས་མེད་ཅིག་ཤི་རྨས་ཐེབས། དེ་དུས་ཁོང་གིས་དམག་དཔོན་གྱི་ལས་དོན་བླངས་ཤིང༌། མི་རིང་བར་རྨེའུ་ཚང་གི་གསང་བའི་ལས་དོན་པའི་འགན་དབང་ཡང་བཞེས།
དེ་རྗེས་རྨེའུ་ཚང་གི་ཚོང་བའི་དོན་དམ་པ་དང་ཚོང་ལས་པ་གཅིག་ལྕོགས་བྱས་ཏེ་ལོ་ལྔ་ལྷག་གི་རིང་མགོ་ལོག་དང༌། དཀར་མཛེས། ལི་ཐང་སོགས་སུ་ཚོང་ལས་གཉེར་བར་ཕེབས། ལོ་ངོ་དེ་གའི་རིང་རྨེའུ་ཚང་དང་རྦད་དེ་ཁ་གྱེས། ཕལ་ཆེར་སྐབས་དེའི་ཡས་མས་ཤིག་ནས་གུང་བྲན་གྱིས་ཁོང་ཚོའི་འདྲེ་ལག་ནག་པོ་དེ་རྔ་ཁོག་ཏུ་བསྲིངས་ནས་ཐོག་མའི་གཞི་འཛིན་འགོ་ཚུགས།
ཕྱི་ལོ་ ༡༩༥༠ ཡས་མེས་ཤིག་ནས་ཁོང་༼སྒོ་བརྩོན།༽གིས་གཉེན་སྒྲིག་བྱས་ཤིང༌། ཕྱི་ལོ་ ༡༩༥༦ ལོར་བློན་པོ་མཐུ་སྟོབས་དང་མཉམ་དུ་ལྷ་སར་གནས་མཇལ་དུ་ཕེབས། དེར་ྋགོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཆེས་ཐོག་མ་དེ་གནང་སར་མཇལ་བ་མ་ཟད། ཆུ་བཞི་སྒང་དྲུག་གིས་ྋགོང་ས་མཆོག་གི་གསེར་ཁྲིར་བཞེངས་བཞིན་པར་འབྲེལ་འཇོག་དོན་ལྡན་དང༌། ཆུ་བཞི་སྒང་དྲུག་དང་མཉམ་འབྲེལ་གྱིས་ཇོ་བོ་རིན་པོ་ཆེའི་མདུན་དུ་གསེར་དོ་ལ་༧༠༠ ཅན་གྱི་གསེར་ཀོང་ཞིག་བཞག་ཡོད་སྟབས། གསེར་ཀོང་དེའི་སྦྱིན་བདག་གི་གྲས་སུ་རྨེའུ་རྒྱལ་བློན་དང་ཀིརྟི་ཚང་གི་མཚན་སོགས་འཁོད་པ་བྱུང༌།
དེ་རྗེས་སངས་རྒྱས་ཀྱི་དུས་དྲན་དང་སྟབས་བསྟུན་རྒྱ་གར་གྱི་མོའོ་བྷེ་དང་། རྡོ་རྗེ་གདན། ག་སྦུག་སོགས་སུ་གནས་མཇལ་གཉེར། ཕྱི་ལོ་ ༡༩༥༨ ལོར་རྒྱ་གར་ནས་ཕ་ཡུལ་དུ་ལོག ས་གནས་ས་ཐོག་ཏུ་འབྱོར་མ་ཐག་ས་གནས་རྒྱ་དམག་གིས་འབར་ཁམས་ཀྱི་ཁྲིམས་ཁང་ཞིག་ཏུ་ལོ་བཞིར་བཙོན་འཇུག་བྱས། དེའི་རིང་འཇིགས་མེད་བསམ་གཏན་གྱི་ཞལ་བཀོད་བཞིན་དམིགས་བརྩེ་མ་བྱེ་བ་དྲུག་ལྷག་ཁ་འདོན་བྱས། ཕྱི་ལོ་ ༡༩༦༢ ལོར་ཐོག་མར་སྐུ་འབུམ་དགོན་དུ་ཆོས་སྒོ་ཕྱེས་ནས་བཙོན་པ་ཚང་བ་བཏང་བ་དེར་ཚུད།
ཕྱི་ལོ་ ༡༩༦༣ ལོར་ཁོང་༼སྒོ་བརྩོན།༽ཚོ་མི་འགས་གྲོས་བསྡུར་གྱིས་རྒྱ་ནག་དང་སུའུ་ལེན་སོགས་ཀྱི་བརྙན་འཕྲིན་དང་གློག་འཕྲིན་གསར་ཤོག་སོགས་གང་ལ་བསམས་ཀྱང་རྒྱ་ནག་གཞུང་ལ་འགྱུར་ལྡོག་ཅིག་ཡོང་རྒྱུ་ཐག་གཅོད་ཡིན་སྟབས། རྒྱ་ནག་གཞུང་གིས་ང་ཚོར་དུས་རྒྱུན་དུ་ནས་བསམ་ཡུལ་ལས་འདས་པའི་གཉའ་གནོན་དང་ཐུབ་ཚོད་བྱེད་ཀྱི་འདུག་པས། ང་ཚོས་ཀྱང་རང་རང་སོ་སོ་བོད་ཅིག་ཡིན་པ་དང་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་སོ་སོར་ས་ཆ་དང་རྒྱལ་ཁབ་ཅིག་ཡོད་པའི་རྟགས་ཤིག་ངེས་པར་དུ་སྟོན་དགོས་པ་ཐག་གཅོད་བྱས། ཕྱི་ལོ་ ༡༩༦༤ ལོའོ་ལོ་མགོར་ཁོང་༼སྒོ་བརྩོན།༽ཚོ་མི་བཞི་ལས་གྲུབ་པའི་རྒྱ་གཞུང་ལ་རྒོལ་བའི་གསང་བའི་རྩ་འཛུགས་ཚོགས་པ་ཐོག་མ་དེ་བཙུགས་ཤིང༌། ཚོགས་པ་དེ་ཅང་ཞིག་མ་འགོར་བར་རྒྱ་གཞུང་གིས་ཤེས་རྟོགས་ཀྱིས་གཏོར་བ་མ་ཟད། ཁོང་ཟླ་བ་བརྒྱད་དང་ཉིན་ཉི་ཤུའི་རིང་བཙོན་འཇུག་བྱས་ཀྱང་གསང་བའི་རྩ་འཛུགས་ཀྱི་གནས་ཚུལ་དངོས་རྒྱུས་ལོན་བྱེད་མ་ཐུབ་པར་གཏོང་དགོས་བྱུང་།
ཕྱི་ལོ་ ༡༩༦༦ ལོར་སླར་ཡང་༼འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་གྱེན་ལངས་ཤོག་ཁག་༽ཅེས་པ་ཞིག་བཙུགས་ཏེ། ཁ་གཡར་ས་དེ་གསར་བརྗེ་ཡང་དག་པ་ཞིག་འཛུགས་དགོས་པ་དེ་ཡིན་ཡང༌། དམིགས་འབེན་གྱི་གཙོ་གནད་ཚོགས་པ་འདི་བརྒྱུད་ནས་དབུས་བོད་གཞུང་རྩ་འཛུགས་ཚོགས་པ་ཞིག་བསྡུ་རྒྱུ་དེ་རེད། རྗེས་སོར་ཚོགས་པ་རྒྱ་ཇེ་ཆེར་སོང་སྟེ་མཐར་ཚོགས་པ་དེའི་ནང་མདོ་སྨད་དང་ཁམས་ཀྱི་ངོ་ཕྱོགས་བོད་མི་ཁྲི་བརྒྱ་ལྷག་འདུས་འདུག རྩ་འཛུགས་དེའི་དམིགས་ཡུལ་གཙོ་བོ་ནི། བོད་རང་བཙན་མ་ཐོབ་བར་དུ་རྒྱ་དང་འཐབ་འཛིངས་ཀྱི་རྒྱུན་བསྲིང་རྒྱུ་དེ་ཡིན།
དེ་རིང་འབྲི་མཚམས་འདི་ནས་འཇོག ད་བདེ་མོ་གྱིས། དྲ་གྲོགས་རྣམ་པ་ཚོ། རྗེས་མར་ཐུག འོ་རེད། རྔ་བ་ཚེ་སྐྱིད་ཀྱིས་བསྡུ་སྒྲིག་བྱས་པའི་སྒོ་བརྩོན་གྱི་ལོ་རྒྱུས་དེའི་གཞི་འཛིན་སའི་རྒྱབ་ལྗོངས་ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ་ཞུ།