སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན།
༼རང་ཉིད་ཀྱི་ལོ་རྒྱུས་མི་ཚེའི་དོན་སྙིང་རྙེད་པའི་སྤོབས་པ་ལས་ཟུར་འདོན་ཞུས་པ།༽
ཀློག་མཁན་གྲོགས་པོ་རྣམ་པ། ཆོས་ནོར་གཉིས་མེད་ཀྱི་འདུ་ཤེས་གསུམ་པ་བ་བདག་ལ། མི་ཚེའི་སྐྱིད་སྡུག་གི་ལོ་རྒྱུས་དེབ་རྒན་ལག་པས་ཁྱོག་ཚད་ཅིག་ཡོད་པ་དེ་སྤྱིའི་ཆ་ནས་ཁྱེད་རྣམ་པའི་སྤྱན་ལམ་དུ་འབུལ་བར་འོས་པ་ཞིག་མེད་ཀྱང་། དེའི་ནང་བོད་ཀྱི་ཆོས་དང་རིག་གཞུང་། ཆབ་སྲིད་རྣམས་ཀྱི་སྐོར་ལ་སྐད་ཆ་ཕྲན་བུ་རེ་བཤད་ཁུལ་བྱས་ཡོད་པ་རྣམས་རིམ་གྱིས་ཁྱེད་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་ཡིན་པས། དུས་ཚོད་བྱུང་སྐབས་སྤྱན་རས་རེ་གཡོ་བར་ཞུ་རྒྱུ་དང་། བཀའ་བཀྱོན་དང་ལམ་སྟོན་ཅི་ཡོད་འཛེམ་དོགས་མེད་པར་གནང་རོགས་ཞུ་བ་ལགས།
ཁོ་བོ་ཕྱི་ལོ་༡༩༥༨དང་༡༩༥༩ལོའི་བོད་ཀྱི་དུས་འགྱུར་ཡ་ང་བ་དེ་དག་གི་འཇུག་ཏུ་སྐྱེས་པས། འཕགས་མཆོག་ཕྱག་ན་པདྨོའི་ཞིང་ཁམས་སུ་མེ་སྒྱོགས་ཀྱི་དུད་པས་གང་ཞིང༌། ཁྲག་དྲོན་གྱིས་མཚེའུ་སྟོང་ཕྲག་མང་པོ་འདབས་འབྲེལ་དུ་འཁྱིལ་བ་དང༌། བར་དོ་གསར་བ་པའི་རྣམ་ཤེས་ཀྱི་བུ་ཡུག་འཚུབས་ཤིང༌། ཡུག་མོ་དང་དྭ་ཕྲུག་གི་འོ་དོད་ཀྱིས་དམྱལ་བ་ངུ་འབོད་ཀྱི་གནས་རིས་མིའི་འགྲོ་བའི་མིག་ལ་མངོན་སུམ་དུ་སྣང་བར་བྱས་པའི་ཁ་བ་རི་བའི་སྐྱོ་གར་ཆེན་མོའི་ལོ་རྒྱུས་རྣམས། སྐབས་དེར་གཤིན་རྗེའི་འཕྲང་མོ་ཆེར་ཐེངས་དགུར་ཕྱིན་ཀྱང་གཤིན་རྗེ་ཆོས་རྒྱལ་གྱིས་ཕྱིར་བདས་པའི་ནང་མི་རྒན་པ་ཚོའི་ངག་ལས་ཐོས་པ་མ་གཏོགས་དངོས་སུ་རང་གི་ཐོག་ལ་མ་བབས་ཀྱང༌། རིག་གནས་གསར་བརྗེ་ཆེན་མོ་ཟེར་བ་ བསམ་བློ་རྙིང་པ་དང༌། ལུགས་སྲོལ་རྙིང་པ། གོམས་གཤིས་རྙིང་པ། རིག་གཞུང་རྙིང་པ་བཞི་རྩ་གཏོར་དུ་གཏོང་བའི་སྲིད་ཇུས་དང༌། སྲིད་ཇུས་དེའི་ལག་ལེན་གྱི་ཆ་ཤས་ལམ་ཕྱོགས་སློབ་གསོ་ཟེར་བའི་གདུག་རྩུབ་ཅན་གྱི་ལས་འགུལ་དེའི་ནང༌། ལོ་ཆུང་རུང་འཇིགས་སྐྲག་དང་ཁོང་ཁྲོའི་ཚོར་སྣང་མང་པོ་རང་ཐོག་ཏུ་དངོས་སུ་བྱུང་མཁན་ཞིག་ཡིན་པས། བྱིས་པ་ཞིག་གི་ཚོད་ཀྱི་མཐོང་ཐོས་རྣམས་ལ་མཚམས་འདིར་ཕྱིར་དྲན་ཕྲན་བུ་ཞིག་བྱེད་འདོད་ཡོད།
ངས་དྲན་སོས་པའི་དུས་ནས་ང་ལ་ནང་མི་རྒན་པ་ཚོས། མི་སུ་ཞིག་གིས་ཁྱེད་ཚང་ལ་ཕྲེང་བ་དང༌། འཁོར་ལོ། ཡི་གེ གསེར་སྐུ། དམ་རྫས། སྲུང་འཁོར། མདུད་པ་སོགས་ཨེ་ཡོད་ཅེས་འདྲི་ན་མེད་ཅེས་ཤོད་དགོས། ཁྱེད་ཚང་གི་ཨ་རྒྱ་དང་ཨ་མ། ཨ་མ་ཅོས་ལོ། ཨ་ནེ་རྣམས་ཀྱིས་མ་ཎི་འདོན་གི་ཨེ་འདུག་ཟེར་ན་མི་འདུག་ཟེར་དགོས། གོ་ཨེ་ཐལ། སེམས་ལ་ཟུངས་ཨ་སོགས་གསུངས་ནས། གདོང་ལ་འཛུབ་མོ་བཙུགས་ཏེ་ནན་ཏན་ཆེན་པོས་ཡང་ནས་ཡང་དུ་སློབ་པར་བྱེད་ཅིང༌། ངས་ཞང་པོ་མཆོག་ལ་ཨ་རྒྱ་ཟེར་ཀྱི་ཡོད་སྟབས། ཁྱོད་ཀྱིས་ཕྲེང་བ་འཁོར་ལོ་སོགས་ཡོད་རབས་དང༌། ཁ་ཏོན་འདོན་གྱི་འདུག་ཅེས་ཁ་ནས་ཤོར་ན་ཨ་རྒྱ་ཁྲིམས་ཁང་དུ་ཁྲིད་ནས་གསོད་འཇོག་གི་རེད། དེ་ནས་ཁྱོད་ལ་ཨ་རྒྱ་ཡོད་པ་མ་རེད་སོགས་གསུངས་ཀྱི་ཡོད་པས་ང་ཧ་ཅང་སྐྲག་གི་ཡོད།
སྔར་༡༩༥༨སོགས་ཀྱི་སྐབས་སུ། བོད་ཀྱི་ས་ཆ་སྤྱི་མཚུངས་ལྟར་ང་ཚོའི་ཡུལ་དུ་ཡང་མི་ཁ་ཤས་ཀྱི་སེམས་ལ་རྒྱ་འདྲེ་ཞུགས་ནས། མཆོག་གསུམ་ལ་དད་པ་ལོག་པ་དང༌། གོ་རེ་སྐམ་པོ་རེའི་མགོ་རྔར་བལྟས་ཏེ་བླ་མ་དང་མཆེད་གྲོགས་རྣམས་ལ་རྒྱབ་ཀྱིས་ཕྱོགས་ཏེ་ནང་རུལ་བྱེད་པ། བླ་མ་དང་མཆེད་གྲོགས་ལ་བརྡུང་པ། བླ་མའི་སྐེ་ཐོག་ཏུ་ཞོན་པ། བཀའ་འགྱུར་གྱི་སྟེང་དུ་གཅིན་བཏང་བ། གུ་རུ་རིན་པོ་ཆེའི་གསེར་ཐང་གིས་ཉལ་གདན་བྱེད་པ། གླིང་བླ་མ་ཆོས་ཀྱི་རྡོ་རྗེ་ལས་ས་རྐོ་བྱེད་ཀྱི་ལྕགས་ཁེམ་འདི་དགའ་གི་རེད་ཟེར་མཁན་སོགས་མི་སྤགས་འདྲེ་བཏུམ་གྱི་བརླ་བཙོང་ཁ་ཤས་བྱུང་འདུག་པ་རྣམས་ཀྱི་མིང་ལ། ངའི་དྲན་པའི་དུས་སུ་ཡང་སྔོན་ཐོན་པ་ཟེར་གྱི་འདུག་ཅིང༌། མི་དེ་༡༩༥༨ལོའི་སྔོན་ཐོན་པ་རེད་ཟེར་དུས་ཡུལ་མི་ཀུན་གྱིས་གསོན་འདྲེ་མངོན་རྒྱུགས་ལྟ་བུ་ཞིག་ལ་བརྩི་གིན་འདུག སྔོན་ཐོན་པ་ཟེར་བ་འདི་༡༩༥༨ལོར་རྒྱ་མིའི་ཕྱོགས་ནས་ཆེ་བསྟོད་བྱས་ཏེ་སྤྲད་པའི་མིང་ཡིན་པས། བོད་མིའི་ཕྱོགས་ནས་མཚང་མིང་མཐར་ཐུག་ཡིན་པ་སྨྲོས་མ་དགོས།
ངའི་དྲན་པའི་དུས་སུ་ཛ་དྲག་ཆེན་པོ་དེ་ཙམ་མེད་ཀྱང༌། ད་དུང་རང་གིས་རང་ཚུགས་མི་ཐུབ་པར། རྒྱ་ཕྱོགས་ལ་ཁ་འཁོར་མཁན་དང༌། རྒྱ་མི་དང་ལག་རྡང་སྦྲེལ་མཁན་རེ་གཉིས་འདུག་པ་རྣམས་ལ། ཀླད་སྲབ་དང༌། བསམ་འཆར་མཐོན་པོ་ཟེར་ཞིང༌། ཡུལ་མི་ཀུན་ཀྱིས་དགྲ་རུ་བལྟས་ཏེ་དོགས་ཟོན་ཚད་མེད་བྱེད་པ་དང༌། དེ་ལས་ལྡོག་སྟེ་རང་གིས་རང་ཚུགས་བརྟན་པོར་བཟུང་ནས། མཆོག་གསུམ་དང་ལས་འབྲས་ལ་རྒྱབ་མི་གཏོད་ཅིང༌། བླ་མ་དང་མཆེད་གྲོགས་རང་སྡེ་རྣམས་མི་བསླུ་བ་རྣམས་ལ་ཀླད་འཐུག་དང༌། བསམ་འཆར་དམའ་མོ་ཟེར་ཞིང་རྩིས་ཚོད་ཆེ། ཁྱད་པར་ལས་བྱེད་ཀླད་འཐུག་རྣམས་ལ་ཡུལ་མི་ཀུན་གྱིས་རེ་བ་དང་རྩིས་ཚོད་ཆེ་བས་གུས་བཀུར་ཆེན་པོ་བྱེད་པ་དང༌། ཁ་ལས་ཧ་ཅང་དགེ་པོ་འདུག དེས་ན་དུས་ཚོད་འདི་དག་གི་རིང་མིའི་རུས་རྐང་བཟང་ངན་དང༌། རིན་ཐང་ཆེ་ཆུང་ལ་ལོ་རྒྱུས་མང་པོ་བགྲང་མི་དགོས་པར། སྔོན་ཐོན་པ་དང༌། ཀླད་སྲབ་དང་ཀླད་འཐུག བསམ་འཆར་མཐོན་པོ་དང་བསམ་འཆར་དམའ་མོ་ཟེར་བ་ཙམ་གྱིས་མི་དེའི་རིན་ཐང་དང༌། བྱ་སྤྱོད་ཆ་ཚང་ལག་ནང་དུ་བླངས་པ་ལྟར་མཚོན་གྱི་ཡོད་པ་རེད།
ལོ་རྒྱུས་ཀྱི་དཀྱིལ་ནས་རྡོ་རྗེ་སྐེད་འཇུ་བྱས་ན་ནུབ་ཕྱོགས་ཀྱིས་མཚོན་ཕྱིའི་རྒྱལ་ཁབ་ཁག་གི་ཀློག་མཁན་གྲོགས་པོ་རྣམས་ལ་བརྗོད་དོན་གསལ་བོར་ངོ་སྤྲོད་མི་ཐུབ་པས། སྐབས་འདིའི་གླེང་གཞི་ལྟ་བུར་བོད་ཁ་བ་ཅན་གྱི་རྒྱལ་ཁམས་སྤྱི་མཚུངས་ལྟར་ང་ཚོ་མདོ་སྨད་མགོ་ལོག་གི་ཡུལ་དུ་རྒྱ་མི་ཇི་ལྟར་སླེབས་པ་དང༌། བཙན་གནོན་དང་མནར་གཅོད་ཇི་ཙམ་བྱས་ཚུལ། ཁྱད་པར་དུ་བོད་མི་རིགས་ཀྱིས་རང་གི་ཚེ་སྲོག་ལས་ཀྱང་གཅེས་པར་འཛིན་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ལ་ཆེས་ཚབས་ཆེན་གྱི་གཏོར་བཅོམ་ཇི་ལྟར་བྱས་ཚུལ་མདོ་ཙམ་བརྗོད་ན།
དེ་ཡང་ཕྱི་ལོ་༡༩༤༩ལོར་ད་ལྟའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་འདི་མགོ་ཚུགས་པའི་ཁྱབ་བསྒྲགས་བྱས་རྗེས་མའོ་ཙེ་ཏུང་གི་བློ་སྟོབས་ཆེར་འཕེལ་ནས་སྔར་ཁོ་རང་གིས་ཀྱང་ཕྱི་རྒྱལ་དུ་བརྩི་བཞིན་པའི་བོད་ཀྱི་རྒྱལ་ཁབ་ཧྲིལ་པོ་ཟ་རྒྱུའི་ངན་སེམས་བཅང་བ་དང༌། ༡༩༤༩ལོ་ནས་བཟུང་རིམ་བཞིན་བོད་ཤར་ཕྱོགས་ཀྱི་མཐའ་མཚམས་ཁུལ་ནས་དྲག་པོས་བཙན་འཛུལ་བྱེད་རྒྱུའི་མགོ་བཙུགས། ང་ཚོ་མགོ་ལོག་འབུམ་པ་ཁག་གསུམ་གྱི་ཡུལ་དུ་མཱ་བན་ལིས་ཟེར་བའི་རྒྱ་དཔོན་དེས་མགོ་ཁྲིད་པའི་རྒྱ་དམག་གི་ཤོག་ཁག་དང་པོ་དེ་༡༩༥༢ཀྱི་ལོར་སླེབས་འདུག་ཅིང༌། ལོ་དེར་མགོ་ལོག་གི་ས་ཆར་བཀྲ་མི་ཤིས་པའི་ཁྲག་མདོག་གི་དར་ཆ་དམར་པོ་ཐོག་མར་བཙུགས་པ་ནས་བཟུང་དུས་ད་ལྟའི་བར་དུ་མགོ་ལོག་གི་ཁྲག་དང་མིག་ཆུའི་ལོ་ཟླ་རིང་པོ་དེ་མུ་མཐུད་ནས་བྱུང་བ་ཡིན། གོང་དུ་ཕྱོགས་ཙམ་བརྗོད་ཟིན་པ་ལྟར་ཟི་ལིང་དུ་རྟེན་གཞི་བྱས་པའི་མཱ་ཆིས་ཕ་བུ་རྣམས་ཀྱི་དམག་དཔུང་གིས་ཡུན་རིང་པོར་མགོ་ལོག་ལ་བཙན་འཛུལ་ཚོད་མེད་བྱས་པས། མགོ་ལོག་པ་རྣམས་ཨ་ཆད་འུ་ཐུག་གི་ངང་དུ་སྡོད་བཞིན་པའི་མུར་ཡང་བསྐྱར་གུང་ཁྲན་གྱི་དམག་དཔུང་སླེབས་པ་ཡིན་ལ། སྐབས་དེར་གུང་ཁྲན་གྱི་དམག་དཔུང་གིས་ཕྱོགས་གཅིག་ནས་མཱ་ཇག་གི་གནོད་འཚེའི་རྒྱུན་བཅད་པ་དང༌། ཕྱོགས་གཉིས་ནས་དཔོན་འབངས་ཡོངས་ལ་དངུལ་དང་ཇ་ནག་སོགས་ཀྱི་གནང་སྦྱིན་མང་པོ་བྱས་པས། ཐོག་མར་མགོ་ལོག་གི་ཡུལ་མི་ཚོས་རྒྱ་མི་ལ་གཉེན་གྲོགས་ཀྱི་འདུ་ཤེས་བཟུང་ནས་སྣེ་ལེན་དང་གུས་བརྩི་གང་ལེགས་བྱས་འདུག་ན་ཡང༌། རིམ་གྱིས་གཡང་མོ་ལུག་གི་རྩེ་རོགས་འཕར་བ་དང་སྤྱང་གི་གཉིས་ཀྱི་གང་ཡང་མིན་པར་ཐག་ཆོད་པ་རེད། ཐང་རྒྱལ་རབས་ཀྱི་མངའ་ཐང་རྒྱ་བསྐྱེད་སྐབས་དང༌། སོག་པོ། སི་ཁྲོན། མཱ་ཆིས་རྣམས་ཀྱི་དམག་འོག་ཏུ་མ་ཤོར་བའི་མགོ་ལོག་དཔའ་བོའི་ཡུལ་ཁམས་ཆེན་པོ་དེ་སྐད་ཅིག་ཉིད་ལ་ཀླ་ཀློ་གུང་ཁྲན་གྱི་བཙན་འོག་ཏུ་བཅུག་རྗེས། ༡༩༥༨ཀྱི་ལོ་ནས་མགོ་བཙུགས་ཏེ་ཆོས་ལུགས་ལ་དུག་ཏུ་བལྟ་བའི་སྲིད་ཇུས་ཀྱིས་མགོ་ལོག་ཁག་གསུམ་ལ་དགོན་པ་བརྒྱད་ཅུ་ཙམ་ཡོད་པ་གཅིག་ཀྱང་མ་ལུས་པར་གཏོར་བཤིག་བྱས་ཤིང༌། གྲྭ་མང་རྣམས་བཙན་ཤེད་ཀྱིས་ཁྱིམ་སར་ཕབ་པ་དང་བླ་སྤྲུལ་དང་དགེ་བསྐོས་སོགས་གནད་ཡོད་ཀྱི་མི་སྣ་ཕལ་མོ་ཆེ་ངན་གསོད་དང་བཙོན་ཤི་མུག་ཤིར་བཏང༌། ཐུན་མོང་ཡོངས་ལ་དབང་བའི་ལམ་ལུགས་སམ་མགོ་ལོག་གི་ཡུལ་སྐད་དུ་སྤྱི་ཁང་གི་ཟུར་ཆག་པས་སྐྱི་ཁང་ཟེར་ཟེར་བའི་འོག་ནས་ཡུལ་གང་པོའི་ཁྱིམ་ཚང་ཡོངས་རྫོགས་ཀྱི་རྒྱུ་དངོས་ཁབ་སྐུད་ཙམ་དང༌། བཟའ་ཆས་ཕོར་བ་གང་ཙམ་ཡང་ཁྱིམ་དུ་མ་བཞག་པར་གཞུང་ལེན་བྱས་ཤིང༌། མི་མང་སྤྱི་ཁང་ཟེར་བ་གཞུང་གིས་བཙུགས་པའི་ཐབ་ཚང་ནས་བཟའ་བཏུང་བྱེད་རྒྱུ་མ་གཏོགས། ཁྱིམ་ཚང་སྒེར་གྱི་ཁྱིམ་དུ་བཟའ་བཏུང་གི་རིགས་ཉར་བ་ལྟ་ཅི་ཐ་ན་མེ་ཙམ་ཡང་གཏོང་མི་ཆོག་པའི་ཁྲིམས་བཟོས། མི་མང་སྤྱི་ཁང་ནས་ལྟོ་བ་འགྲངས་བའི་བཟའ་བཏུང་ཞིག་གཏན་ནས་རག་གི་མེད་པས་མི་མང་པོ་མུག་ཤི་ཐེབས་པ་དང༌། འགའ་ཞིག་གིས་ལྡུམ་བུ་རོག་སྡེར་ཟེར་བ་སོགས་རྩྭ་ལྡུམ་སྣ་ཚོགས་ཟོས་པས་རྐྱེན་འདས་སུ་ཕྱིན། ཉིན་རེ་བཞིན་མི་རྣམས་ཀྱིས་བཙོག་པ་གཏོང་སར་ཞིབ་འཇུག་བྱེད་ཅིང༌། མི་སུ་ཞིག་གིས་བཙོག་པ་ཆེ་ཙམ་བཏང་བ་མཐོང་ན་ཁྱིམ་ནང་དུ་བཟའ་ཆས་གང་ཞིག་ཉར་ཡོད་མེད་ཀྱི་ཞིབ་བརྩད་དང་སྐྱོན་བརྗོད་བཅར་རྡུང་སོགས་བྱས། དམངས་གཙོ་བཅོས་བསྒྱུར་དང་གྲྭལ་རིམ་འཐབ་རྩོད་ཟེར་བའི་འོག་ཏུ་ཕྱུག་པོའི་ཁྱིམ་ཚང་རྣམས་ལ་ཕྱུག་བདག་གྲྭལ་རིམ་དང༌། འབྱོར་ལྡན་གྲྭལ་རིམ་ཟེར་བའི་མིང་བཏགས་ཤིང༌། གང་ཟག་རང་རང་སོ་སོའི་བསོད་ནམས་དང་འབད་བརྩོན་གྱི་དབང་གིས་རྒྱུ་ནོར་འཛོམས་པོ་བྱུང་བ་དེ། འབྱོར་མེད་གྲྭལ་རིམ་ལ་བཤུ་གཞོག་བྱས་པ་དང༌། འབྱོར་མེད་གྲྭལ་རིམ་གྱི་ཟུངས་ཁྲག་འཇིབ་པ་ལས་བྱུང་བའི་ཉེས་མིང་བཀལ་ནས་ཕྱུག་པོའི་ཁྱིམ་ཚང་ཡོངས་རྫོགས་ཀྱི་ཁྱིམ་བདག་ཕལ་མོ་ཆེ་རྣམས་དམར་གསོད་དང་བཙོན་ཤི་མུག་ཤིར་བཏང༌། སྐྱོན་བརྗོད་ཀྱི་ཚོགས་ཆེན་རེ་རེའི་ཐོག་ནས་བུས་ཕ་ལ་རྡུང་དུ་བཅུག་ཅིང་བུ་མོས་མ་ལ་རྡུང་དུ་བཅུག ཆུང་མས་ཁྱོ་བོ་ལ་རྡུང་དུ་བཅུག་ཅིང་སློབ་མས་བླ་མ་ལ་རྡུང་དུ་བཅུག དབུལ་བོས་ཕྱུག་པོ་ལ་རྡུང་དུ་བཅུག་ཅིང་གཡོག་པོས་སྦྱིན་བདག་ལ་རྡུང་དུ་བཅུག གཞན་ཡང་ཁྱོ་གའི་མགོ་བཅད་ནས་ཆུང་མའི་སྐེ་ལ་བཏགས་སྟེ་འཐད་རྩོད་བྱེད་པ་དང༌། ས་སྣུམ་བླུགས་པའི་ལྕགས་ཀྲིན་སྐེ་ལ་བཏགས་ནས་ཁྲོམ་བསྐོར་དུ་ཁྲིད་རྗེས་ས་སྣུམ་དེ་ལུས་ལ་བཤོས་ནས་གསོན་པོར་མེར་བསྲེགས་བཏང་པ་སོགས་འགྲོ་བ་མིའི་རིགས་ཀྱི་ཡིད་ཆེས་པར་ཤིན་ཏུ་དཀའ་བའི་བྱ་སྤྱོད་ངན་དགུ་སྣ་ཚོགས་ཤིག་ལག་ལེན་དུ་བལྟར་ཡོད་འདུག
ཕྱི་ལོ་༡༩༥༨ལོར་མགོ་ལོག་ལ་མི་འབོར་ཁྲི་༡༣ལྷག་ཡོད་ཀྱང་༡༩༦༤ལོར་མི་འབོར་ཁྲི་༦ཙམ་ཁོ་ན་ལས་ལྷག་མེད་པས། ལོ་བདུན་གྱི་རིང་མི་འབོར་ཁྲི་༧ལྷག་མར་ཆག་པ་དེ་གོང་བཤད་ཀྱི་རིག་གནས་གསར་བརྗེ་དང་གྲྭལ་རིམ་འཐབ་རྩོད། ད་དུང་དར་དམར་གསུམ་ཞེས་སྤྱིའི་ལམ་ཕྱོགས་ཟེར་བ་དང༌། མཆོངས་བསྐྱོད་ཆེན་མོ་ཟེར་བ། མི་མང་ཀུང་ཧྲེ་ཟེར་བ་རྣམས་ཀྱི་སྐབས་སུ་རྒྱ་ནག་གཞུང་གིས་དམར་བསད་དང་བཙོན་ཤི་མུག་ཤིར་བཏང་བ་ཡིན་ཞིང༌། དེའི་ནང་དུ་ཡ་ང་བའི་མནར་གཅོད་ལ་བཟོད་སྲན་བྱེད་མ་ཐུབ་པར་རང་ཤི་བརྒྱབ་པ་ཡང་མང་པོ་ཡོད་འདུག
ཁྱད་པར་དུ་མའོ་ཙེ་ཏུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། ཆོས་ནི་དུག་རེད། དེ་ལ་སྐྱོན་ཆེན་པོ་གཉིས་ཡོད། མི་རིགས་འཕེལ་རྒྱས་དང་ཡུལ་གྱི་ཡར་རྒྱས་ལ་བཀག་འགོག་བྱེད་ཀྱི་རེད། བོད་དང་སོག་པོ་གཉིས་ཀར་ཆོས་ཀྱི་དུག་དེ་འབྱམས་པ་རེད་ཅེས་བཤད་ཚུལ་ྋགོང་ས་ཆེན་པོའི་རང་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ལས་གསལ་བ་བཞིན། ཆོས་ལུགས་རྩ་མེད་དུ་གཏོང་རྒྱུར་དམིགས་བསལ་གྱིས་ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་བྱས་ཏེ། ཆོས་པ་རྣམས་ལ་ཡ་ང་བའི་བཅར་བརྡུང་དང་མནར་གཅོད་ཀྱི་རིགས་འདི་མ་བྱས་བྱ་བ་གཅིག་ཀྱང་མེད་ཅིང༌། བླ་སྤྲུལ་མཁན་གསུམ་གྱི་ཁྲོད་ནས་སྐུ་ལུས་ལ་མཚོན་བཞེས་མཁན་རྣམས་མེ་མདའ་དང་མེ་མདའི་རྩེ་གྲི་སོགས་ཀྱིས་དམར་བསད་བྱས་ཤིང༌། མཚོན་མི་བཞེས་པ་རྣམས་གཅེར་བུར་འཁྱགས་རོམ་གྱི་སྟེང་དུ་བཀྱིགས་ནས་འཁྱག་ཤི་ཐེབས་སུ་བཅུག་པ་དང༌། ཡང་གཅེར་བུར་བཀྱིག་པའི་སྟེང་དུ་ལུག་བསྐོར་ཏེ་ལུག་གིས་བརྫིས་ནས་གསོད་དུ་འཇུག་པ་དང༌། མགོ་ལུས་མེད་པར་དབྱུག་བརྡུང་བྱས་ནས་གསོད་པ་དང༌། སྐེ་ཐག་པས་བསྡམས་ནས་གསོད་པ་སོགས་གསོད་ལུགས་མི་འདྲ་བ་སྣ་ཚོགས་བྱས་ཤིང༌། དེང་སང་སྐུ་འཚོ་ཞིང་བཞུགས་པའི་མགོ་ལོག་གི་བླ་སྤྲུལ་རྒན་རིམ་རྣམས་ཀྱང་ལོ་ཉི་ཤུ་ཡར་མར་ལ་རྒྱ་མིའི་བཙོན་ཁང་དུ་བཞུགས་མ་མྱོང་མཁན་ཧ་ལམ་མེད། མི་མང་དཀྱུས་མ་ཞིག་གིས་མ་ཎི་རྡོག་པོ་གཅིག་ཙམ་བཏོན་པ་མཐོང་ན་དེའི་ཆེད་དུ་ཚོགས་ཆེན་བསྡུས་ཤིང༌། མི་མང་གི་དཀྱིལ་ནས་ཡར་འགྲེང་དུ་བཅུག་སྟེ་ལོག་སྤྱོད་པ་ཟེར་བ་ཏང་ཀྲུང་དབྱང་ལ་ངོ་ལོག་བྱས་པ་སོགས་ཀྱི་སྐྱོན་བརྗོད་དང་བཟོད་པར་དཀའ་བའི་བཅར་བརྡུང་ཡ་ང་བ་བྱས་ཤིང༌། ཆོས་ལུགས་མི་དགོས་ཟེར་མཁན་དང༌། སངས་རྒྱས་བྱང་སེམས་དང་བླ་མ་དགོན་སྡེ། ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་ལ་ཡིད་ཆེས་མི་བྱེད་ཟེར་མཁན། གྲྭ་རོགས་གྲོགས་མཆེད་དང༌། ནང་མི་ཉེ་འབྲེལ་ཡུལ་མི་སུ་ཡང་རུང་བས་ཕྲེང་བ་དང་འཁོར་ལོ་དམ་རྫས་སོགས་ལྐོག་ཏུ་ཉར་བའམ། ཡང་ན་སྐྱབས་འགྲོ་དང་མ་ཎི་སོགས་ལྐོག་འདོན་བྱེད་པ་མཐོང་ན། མི་འདི་དང་འདིས་འདི་འདྲ་དང་དེ་འདྲ་བྱེད་ཀྱི་འདུག་ཟེར་ནས་གཞུང་ལ་ཡར་ཞུ་བྱེད་མཁན་ཚོར་སྔོན་ཐོན་པའི་མིང་བཏགས་ནས་བྱ་དགའ་སྤྲོད་པ་དང༌། ཆེ་ཆུང་ལ་མ་ལྟོས་པའི་གོ་གནས་ཕྲན་བུ་རེ་ཡང་སྤྲོད་ཁུལ་བྱས་པས་གོང་སྨྲོས་ལྟར་སྔོན་ཐོན་པ་ཡང་ཉུང་ཤས་ཤིག་བྱུང་ཡོད་འདུག
དེ་ལྟར་རིག་གནས་གསར་བརྗེ་དང་ཐུན་མོང་ཡོངས་ལ་དབང་བའི་ལམ་ལུགས། གྲྭལ་རིམ་འཐབ་རྩོད། དར་དམར་གསུམ་ཟེར་བ་སོགས་མུན་ནག་མདའ་འཕེན་དང༌། རི་བོང་ཅལ་འདྲོག་གི་སྲིད་ཇུས་དེ་དག་ལ་མཐའ་འཇུག་འབྲས་བུ་ཅི་ཡང་མ་ཐོན་པས། མགོ་ལོག་གིས་མཚོན་བོད་ཆོལ་ཁ་གསུམ་གྱི་ཐོག་ཏུ་མི་འབུམ་ཕྲག་བཅུ་གཉིས་ལྷག་གི་ཚེ་སྲོག་གིས་ཚོད་བལྟ་ཐེངས་གཅིག་བྱས་པ་ལྟ་བུ་ཞིག་ལས་བྱུང་མེད་རུང༌། སྐབས་དེའི་བོད་མི་རྣམས་ཀྱིས་དེ་ལྟར་དམྱལ་བའི་འགྲོ་བ་དང་ཡི་དྭགས་ཀྱི་འགྲོ་བ་མིའི་ཡུལ་དུ་སླེབས་པ་ལྟ་བུའི་སྡུག་བསྔལ་ཞིག་མྱང་དགོས་བྱུང་ཡོད་པ་རེད།
ངེད་ཅག་གི་རུ་བ་རྣམས་དར་ཡུལ་སྟོད་སོགས་སུ་སྡོད་སྐབས། དབྱར་དགུན་གྱི་མཚེར་ས་གང་དུ་སྤོར་ཀྱང་ངེད་ཚང་ལ་གསེར་སྐུ་ཁ་ཤས་དང༌། ཡི་གེ་དུམ་པ་བཅུ་གྲངས་ཤིག མཎྜལ་ཆེ་ཆུང་གཉིས། ངའི་ཡབ་ཀྱི་གདུང་རུས་དང་དབུ་སྐྲ། དེ་ལས་གཞན་པའི་དམ་རྫས་དང༌། བདུགས་ཤུག་སོགས་ཕྲན་བུ་ཡོད་པ་སྦྲའི་ཉེ་འཁོར་ཤིག་དུ་ས་སྐུང་བྱེད་ཀྱི་འདུག་ཅིང༌། ངེད་ཚང་ལ་ཧུ་ལུ་ཟེར་བ་གནའ་སྔ་མོ་རྒྱ་ནག་ནས་ཐོན་པའི་ཆང་རྫ་ཆེན་པོ་ཞིག་ཡོད་པ་དམིགས་བསལ་གྱིས་ཅ་ལག་དེ་ཚོ་སྐུང་སྣོད་བྱེད་ཀྱི་འདུག ང་ལོ་ན་ཧ་ཅང་ཆུང་བའི་དུས་སུ། ངའི་ཁ་ནས་ཤོར་བར་དོགས་པས་ས་སྐུང་བྱེད་པ་ང་ལ་མཐོང་དུ་མི་འཇུག་ཀྱང༌། ངས་བསམ་ཤེས་རྗེས་ས་སྐུང་བྱེད་སར་ཁྲིད་ཀྱི་འདུག་པ་དང༌། སྐབས་རེར་ས་སྐུང་གི་ཟུར་དུ་ངའི་རྩེ་ར་བསྒྲིགས་ཀྱི་ཡོད། ནང་མི་ཚོས་གལ་ཏེ་ས་སྐུང་ཡོད་སའི་ཟུར་ཡར་མར་ལ་ལས་བྱེད་སླེབས་སོང་ན། ཁྱོད་ཀྱིས་ས་སྐུང་ཡོད་སར་མིག་ཤོར་མི་ཉན་གསུངས་ཀྱི་འདུག་ཅིང༌། ངས་ཀྱང་ལས་བྱེད་ཐོན་དུས་ས་སྐུང་གི་ཕྱོགས་ལ་གཏན་ནས་བལྟ་གི་མེད། མཚམས་མཚམས་སུ་དམར་ཕྱོགས་གྱི་དག་ཐེར་ཐོན་སྐབས། ངས་ལྷ་སྐུ་ཡིན་ཁུལ་དང༌། མཆོད་རྟེན་ཡིན་ཁུལ་བྱས་ནས་བཟོས་པ་རྣམས་ལ་འཛུབ་མོ་བཙུགས་ཏེ། འདི་ཅི་རེད་ཅེས་འདྲི་དུས། ནང་མི་རྣམས་ཀྱིས་བསླབས་པ་བཞིན་གནམ་བདེ་སྒོ་མོ་ཆེ་དང༌། སྐར་ལྔའི་དར་དམར། མའོ་ཀྲུའུ་ཞི་སོགས་ཡིན་རབས་བཤད་ནས་མགོ་སྐོར་གྱི་ཡོད།
ཐེངས་ཤིག་འབྲོག་པ་རྣམས་རྒན་གཞོན་མེད་པར། ཀེ་མེན་ཅུན་རིན་ཟེར་བ་སོགས་ཀྱི་རྒྱ་གླུ་མང་པོ་སློབ་དགོས་པ་བྱུང་ཡང༌། འབྲོག་པ་ཚོས་རྒྱ་སྐད་མི་ཤེས་པས་རྒྱ་གླུའི་སྒྲ་གདངས་གཏན་ནས་མི་ཐོན། འོན་ཀྱང་ཆད་པ་བཅད་ཀྱི་ཡོད་དམ་ཡང་ན་འཐབ་རྩོད་བྱེད་ཀྱི་ཡོད་པ་འདྲ། གང་ལྟར་ཡང་འབྲོག་རྒན་རྣམས་ཀྱིས་ཨུ་ཚུགས་ཆེན་པོས་རྒྱ་གླུ་མ་བསླབ་ཐབས་མེད་བྱུང་འདུག་པས། ནང་ཤིག་མདའ་བའི་བཀྲ་ཆོས་ངེད་ཚང་ལ་ཕེབས་ཏེ། ཤིང་བུ་ཞིག་གིས་རྫ་མ་བརྡུངས་བཞིན། ཀེ་མེན་ཅོན་རིན་ཀུ་ཀུ་ཡོ་ལོ་ཆས།། སན་ཏ་ཅེ་ལས་པ་ཤང་ཀྲུའུ་ཞི།། སོགས་གསུངས་ནས་ངེད་ཚང་གི་རྒན་རྒོན་གཉིས་ལ་རྒྱ་གླུ་བསླབས་པ་དང༌། ངའི་མ་ཡར་གྱིས་སྒྲ་གདངས་གཏན་ནས་མ་ཐོན་པས་ཁོང་ཚོ་གད་མོ་མིག་ཆུ་ཤོར་བ་བགད་ཀྱི་འདུག ངེད་ཚང་གི་རྒན་རྒོན་གཉིས་དང་འདྲ་བར་རུ་སྐོར་གྱི་རྒན་པ་ཚོ་ཆ་ཚང་གིས་རྒྱ་གླུ་མི་ཤེས་པའི་ཁར། ཕྲུ་གུ་མང་པོ་ཡོད་ཀྱང་ཕྲུ་གུ་ཚོས་ཀྱང་རྒྱ་གླུ་ཡག་པོ་ཤེས་ཀྱི་མེད་པས་རྒན་པ་ཚོས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་འདུག འོན་ཀྱང་ཁོང་ཚོ་ལ་རེ་བ་བྱེད་ས་གཅིག་རང་ཡོད་པ་དེ་ང་ཡིན་ཞིང༌། ངས་རྒྱ་མི་རང་གི་ཕྲུ་གུས་སློབ་པ་ཅི་བཞིན་ཤེས་ཀྱི་ཡོད་པས། བཞི་རྒྱལ་སང་སོགས་རུ་སྐོར་རྣམས་ཀྱིས་གྲོས་བྱས་ཏེ། ནམ་རྒྱ་མིའི་ལས་བྱེད་སླེབས་ཀྱང་ཐོག་དང་པོར་ངེད་ཚང་དང་ཐུག་ཐབས་བྱེད་རྒྱུ་བྱས་སོང༌།
ཉིན་ཞིག་ལས་བྱེད་དངོས་སུ་སླེབས་དུས། དང་པོར་མི་ཚང་གཞན་ཞིག་ལ་སླེབས་འདུག་ཀྱང༌། གཡོ་ཐབས་བྱས་ནས་ངེད་ཚང་ལ་ཁྲིད་བྱུང་བར་ལས་བྱེད་བཞི་ལྔ་ཞིག་འདུག ངའི་ཞང་པོ་མཆོག་གིས་ལས་བྱེད་ཚོར། ད་ང་ཚོ་མི་རྒན་པ་རྣམས་ལ་མགོའི་ཉི་ཟེར་དང་འདྲ་བས། ཏང་ཀྲུང་དབྱང་ལ་རྒྱུན་འཛིན་དང་ཞབས་ཕྱི་ཞུ་བསམ་རུང་ཞུ་རྒྱུའི་ནུས་པ་མེད། འོན་ཀྱང་ང་ཚོ་ལ་ཡོད་པ་དེ་ཕྲུ་གུ་འདི་ཚོ་ཡིན་པས། འདི་ཚོར་ཀྲུང་དབྱང་གིས་སྲིད་ཅུས་ལྟར་གྱི་སློབ་སྦྱོང་སྤྲོད་ཐབས་བྱེད་ཀྱི་ཡོད། ཁྱེད་རྣམས་པས་ལྟོས་དང་ག་འདྲ་བྱུང་འདུག་གསུངས་ནས་ང་ལ་མིག་བརྡ་བྱས། ངའི་མ་ཡར་གྱི་ནུ་མའི་ནང་འོ་མ་མེད་ཀྱང༌། ང་ལོ་ཆེན་པོ་མ་ཆགས་བར་ཁོང་གི་རུམ་དུ་ཉལ་བ་དང་ནུ་མ་ནུ་བའི་ལུགས་སྲོལ་ཡོད། སྐབས་དེར་ངས་སྤོབས་པ་ཆེན་པོས་གསལ་དག་སྙན་གསུམ་དང་ལྡན་པའི་ངང་རྒྱ་གླུ་ཁག་ཅིག་གི་རྒྱུགས་སྤྲད་རྗེས་མ་ཡར་གྱི་ནུ་མར་འཐམས་པས། ལས་བྱེད་ཚོས་རེ་ཞིག་གཅིག་ངོར་གཅིག་བལྟ་བྱས་ནས་སྡོད་ཀྱི་འདུག དེ་རྗེས་ཁོང་ཚོས། ང་ཚོ་ལས་བྱེད་བྱས་ནས་ལོ་མང་པོ་སོང་ཀྱང༌། ད་བར་འབྲོག་པའི་ཕྲུ་གུ་ཞིག་གིས་འདི་འདྲའི་རྒྱ་གླུ་ཡག་པོ་གཏོང་ཐུབ་པ་མཐོང་མ་མྱོང༌། ནུ་མ་ནུ་བཞིན་པའི་ཕྲུ་གུ་ཞིག་གིས་འདི་འདྲ་ཅི་ལྟར་བྱས་ནས་ཤེས་པ་རེད་ཟེར། ལག་ཕྱིས་དང༌། རྡོ་ཀ་ར་སོགས་ཀྱི་བྱ་དགའ་སྤྲད་པར་མ་ཟད། ང་ཡོད་པ་ཁོ་ན་ལ་བརྟེན་ནས་ཕྲུ་གུ་སློབ་སྦྱོང་ཅན་གྱི་བྱ་དགའ་ཡང་ང་ཚོའི་དོས་ཆུང་ལ་སྤྲད་བྱུང༌།
ཐེངས་ཤིག་ཞང་པོ་མཆོག་སོགས་མི་མང་པོ་ལྐོག་ནས་སྟོང་གཟའ་མཁན་ཆེན་གྱི་སྐུ་མདུན་དུ་ཆོས་ཞུ་བར་ཕྱིན་སོང་ཞིང༌། ཕྱིར་སླེབས་པའི་རྗེས་ནས། ཀ་དག་གི་ངང་ལས་སེངྒེ་དང་པདྨ་ཉི་ཟླའི་གདན་ལ་ཞེས་སོགས་དང༌། ཨཱཿ ཀ་དག་གཏིང་གསལ་ཆོས་ཀྱི་སྐུ།། ལྷུན་གྲུབ་རང་རྩལ་ལོངས་སྤྱོད་རྫོགས།། ཞེས་སོགས་དང༌། འོད་གསལ་སྣང་བཞི་མཐར་ཕྱིན་ནས།། རིག་པ་མི་འགྱུར་སྐུ་ལྔར་བཞེངས།། འཇའ་ལུས་འཕོ་ཆེན་དྭངས་མའི་གཟུགས།། འཆི་མེད་བི་མ་མི་དྲ་ཀྱཻ།། བདག་ལ་ཐུགས་རྗེས་བརྩེར་དགོངས་ལ།། མངོན་སུམ་བྱིན་བརླབས་དེང་སྩོལ་ཅིག ཨོཾ་ཨ་ཧཱུྃ་མ་ཧཱ་གུ་རུ་བི་མ་ལ་ཞེས་སོགས་ཀྱི་འདོན་པ་ཞིག་འདོན་རྒྱུ་འདུག་ཅིང༌། མཚམས་རེར་ནམ་མཁའ་ལ་བལྟས་ནས། ཡུན་རིང་པོར་འགུལ་སྐྱོད་མི་བྱེད་པར་གསེར་སྐུ་ལྟར་སྡོད་ཀྱི་འདུག དེའི་གསང་བ་ཕྱི་ལ་ཤོར་བའི་རྐྱེན་གྱིས། ཉིན་ཞིག་ཟང་ཐར་ཟེར་བའི་རྒྱ་དཔོན་ཞིག་དང༌། ལས་བྱེད་ཁ་ཤས། སྐད་བསྒྱུར་བ་ནོར་དགེ་ཟེར་བ་ཞིག་རྣམས་གློ་བུར་དུ་ངེད་ཚང་ལ་སླེབས་ནས། ཁྱེད་སུ་ཚང་ཡིན་ཟེར། ངའི་མ་ཡར་གྱིས་བཀྲ་འོད་སང་ཡིན་ཟེར་བས། བཀྲ་འོད་བཀྲ་འོད། བཀྲ་ཆོས་བཀྲ་ཆོས་ཟེར་བཞིན་ཚང་མ་རྟ་ལས་བབས། ཁྱིམ་དུ་སླེབས་རྗེས་སྐད་ཤུགས་ཆེན་པོས་ཇ་བླུགས་ཤོག་ཟེར། མ་ཡར་གྱིས། ཨ་ཡེ་རྒན་མོ་ན་གི་འདུག་སྟབས་ཇ་བསྐོལ་མི་ཐུབ། འཐུང་དགོས་ན་ཁྱེད་རང་ཚོས་སྐོལ་ཞེས་བཤད་སོང་བར་ནོར་དགེས་ངས་བསྐོལ་ཆོག་ཟེར། ཇ་བསྐོལ་ཚར་བའི་རྗེས་སུ་ཡང་སྐད་ཆེན་པོས་ཕོར་བ་ཁྲུས་ཤོག་ཟེར་བར་མ་ཡར་གྱིས། ཨ་ཡེ་རྒན་མོའི་ལག་པ་མི་བདེ་བས་འཁྲུ་མི་ཐུབ། འཁྲུ་དགོས་ན་ཁྱེད་རང་ཚོས་ཁྲུས་ཟེར་བར་ཡང་ནོར་དགེས་བཀྲུས་སོང༌། དེའི་རྗེས་ལ་ནོར་དགེས། ཨ་ནེ། ང་ཚོ་ཉེ་འབྲེལ་ལ་འགྲོ་གི་ཡོད་པ་རེད། ང་ཨེ་ཤེས་གི་ཟེར། ངའི་མ་ཡར་གྱིས་སྔ་ས་ནས་ཤེས་འདུག་ཀྱང་ཆེད་དུ་མི་ཤེས་ཁུལ་བྱས་ནས། ངས་ཤེས་ཀྱི་མི་གདུག་ཁྱོད་སུ་ཚང་གི་རེད་ཟེར། ནོར་དགེས་ཁོ་རང་གི་ཕ་ཡི་མིང་བཤད་ནས་ང་དེ་ཚང་ཡིན་ཟེར་བས། མ་ཡར་གྱིས་ལག་པས་རང་གི་འགྲམ་ཤ་འཐེན་ཞོར། ཨོ་ཧ་བོ། ཁྱོད་རང་གི་ཕ་གསེར་དང་འདྲ་བའི་མི་དེ་ཇི་འདྲའི་ཆོས་པ་བཟང་པོ་ཞིག་རེད། ཉི་མ་ལྷ་ས་བར་དུ་ཕྱག་འཚལ་ནས་ཕྱིན་པ་རེད། ཕ་རྒོད་པོ་ཤ་ཟན་ཅིག་ལ། བུ་ཁྭ་ཏ་སྐྱག་ཟན་ཁྱོད་འདྲ་བ་ཞིག་སྐྱེས་འདུག བུ་རྒོད་པོ། འཆུགས་མི་ཉན། ཕ་བརླ་བཙོང་ཅི་ཐུབ་གྱིས་ཨ་ཟེར་བར། ང་སྐྲག་ནས་མ་ཡར་ལ་དེ་འདྲ་མ་ཟེར་ཞེས་བཤད་པ་ཡིན།
ཁོང་ཚོས་ཇ་འཐུང་བཞིན་པའི་སྐབས། ཡང་ལས་བྱེད་རྟ་པ་ཁ་ཤས་ཛ་དྲག་གིས་སླེབས་སོང་བས་འཐུང་འཕྲོ་བྱས་ཏེ་འུར་དིར་གྱིས་ཕྱིན་སོང༌། ཉིན་དེར་མདའ་བའི་བཀྲ་ཆོས་དང༌། ཞང་པོ་མཆོག་གཉིས་སྟོང་གཟའ་མཁན་ཆེན་གྱི་སྐུ་མདུན་དུ་འགྲོ་བཞིན་པར་ལམ་ནས་བཟུང་སྟེ། མདའ་བའི་བཀྲ་ཆོས་ལ་ཁོང་རང་ཉིད་ཀྱི་ལམ་གྲོའི་ཆེད་རྩམ་པ་སྒྲོ་བ་གང་ཁུར་དུ་བཅུག་ནས་ཕྱག་གཉིས་འབྲེང་བས་བསྡམས་ཏེ། རྐང་ཐང་མར་བཤས་ལུག་ལྟར་ངེད་ཚང་གི་སྒོ་ནས་ཚུར་དེད་བྱུང་བ་དང༌། ཞང་པོ་མཆོག་གིས་ཀྱང་ངེད་གཉིས་ལྷན་དུ་ཁྲིད་རོགས་ཟེར་འོ་དོད་ཆེན་པོ་འབོད་བཞིན་མཉམ་དུ་སླེབས་སོང༌། ང་ཞེ་སྡང་གིས་ཤི་གྲབས་བྱས་རུང་ལོ་ཆུང་བས་ནུས་པ་གང་ཡང་མེད། འོན་ཀྱང་ཁོང་ཁྲོ་ལངས་ཆེས་པས་ངུ་འདར་རྒྱག་བཞིན་རང་གི་མ་ཁར་སོ་བཏབ་ནས་པགས་པ་ཡང་སྐྲང་འདུག ང་ཚོས་རྒྱ་མི་ལ་ཨ་ལོ་སང་ཟེར་ཞིང༌། སྔོན་ཨ་ལོ་སང་གིས་ང་ལ་རྒྱ་གླུ་ཤེས་པའི་བྱ་དགའ་སྤྲད་སྟབས། ང་ཨ་ལོ་སང་ལ་ཧ་ཅང་དགའ་ཡང༌། ཉིན་དེ་ནས་བཟུང་ཨ་ལོ་སང་ལ་དགྲ་ཡི་འདུ་ཤེས་ཤིག་བྱུང་བས། རྗེས་སུ་རྒྱ་གླུ་ཡང་རྩ་བ་ནས་སློབ་རོགས་མ་བྱས། ངེད་ཚང་ལ་ནག་ར་ཟེར་བའི་རྟ་ནག་པོ་ཞིག་ཡོད་ཅིང༌། རྟ་དེ་ཅུང་རྒོད་པོ་ཡིན་རུང་ཞང་པོ་མཆོག་གཅིག་པོ་ལ་ཧ་ཅང་མཛའ་མདོག་བྱེད་པའི་རྟ་བསམ་ཤེས་ཤིག་ཡིན། ཞང་པོ་མཆོག་གིས། ད་སང་ཉིན་གནང་ཉིན་ཞིག་ལ་ང་ཡང་འཛིན་བཟུང་བྱེད་པར་ཡོང་གི་རེད། བཀྲ་ཆོས་དང་འདྲ་བར་རྐང་ཐང་ལ་སྐྱ་བདའ་བླངས་སོང་དུས་ངས་གཟུགས་པོས་མི་ཕེར་གསུངས་ནས། རྟ་དེ་ཉིན་མང་པོར་སྒོ་ལ་བཏགས་སོང་ཡང་ཞང་པོ་མཆོག་འཛིན་པར་སླེབས་མ་སོང༌།
ཉིན་མང་པོའི་རྗེས་ནས་མདའ་བའི་བཀྲ་ཆོས་ཕྱིར་ཕེབས་ཏེ། ངེད་ཚང་ལ་ཁོང་བཅིང་སྡོམ་དང༌། འདྲི་ཕྱུངས་བྱས་པའི་ལོ་རྒྱུས་མང་པོ་གསུངས་ཀྱི་འདུག་པའི་ནང༌། ལས་བྱེད་ཚོས་ཁོང་གི་དཔུང་ཚིགས་གཉིས་ཀ་ཕུད་ནས་ལག་གཉིས་རྒྱབ་ཏུ་བཅིངས་པ་དང༌། མི་ཤུགས་ཆེན་གཉིས་གསུམ་མཉམ་རུབ་ཀྱིས་རྩྭ་ཐག་རྩུབ་མོས་བསྡམས་པས། དུས་ཡུན་རིང་ཙམ་སོང་རྗེས་རྩྭ་ཐག་ཤ་གསེང་དུ་ཕར་ཐིམ་སྟེ། ཐག་པའི་གོང་འོག་གི་ཤ་གཉིས་མཉམ་དུ་ཐུག་པའི་བར་ན་གཉེར་མ་ལྟ་བུ་ཞིག་ཡོད་པ་ཙམ་མ་གཏོགས། ཐག་པ་རྩ་ནས་མཐོང་གི་མི་འདུག་གསུངས་བྱུང་ཞིང༌། མ་ཡར་གྱིས་ཁ་མི་དགེ་རྒྱུ་སང་ཟེར། ཨ་ལོ་སང་ལ་གཤེ་ཞོར་མང་པོ་ངུ་གི་འདུག འདི་སྐབས་བླ་མ་མང་པོས་ཡང་བསྐྱར་རིག་གནས་གསར་བརྗེ་གཉིས་པ་ལྟ་བུའི་སྡུག་བསྔལ་ཞིག་མྱང་འདུག་ཀྱང༌། ངས་དེ་ཙམ་མ་གཏོགས་ཞིབ་ཏུ་མ་གོ
ཡང་ཐེངས་ཤིག་ཆོས་ཚེ་ཟེར་བ་སོགས་ལས་བྱེད་མང་པོ་སླེབས་ནས་ངེད་ཚང་གི་སྦྲ་ཟུར་དུ་གུར་ཕུབ་ཏེ་ཉིན་བཅུ་གྲངས་ཤིག་ལ་བསྡད་སོང༌། ཆོས་ཚེ་ཟེར་བ་དེ་མི་ཐམས་དགའ་བོ་བྱེད་སའི་ལས་བྱེད་ཀླད་འཐུག་ཅིག་ཡིན་ཡང༌། ཁོང་གི་རོགས་པ་ཚོ་སྡུག་སེམས་སོལ་བ་ལས་ཀྱང་ནག་པ་ཤ་སྟག་རེད། ང་ཚོའི་རུ་བ་རྣམས་ཀྱིས་གོ་རེ་དང༌། མར་རྩམ་པ་སོགས་བསྐྱལ་དགོས་པར་མ་ཟད། ལུག་ཀྱང་ཁ་ཤས་བཤས་ནས་བསྐྱལ་གྱི་འདུག ཁོང་ཚོས་ཁྱིམ་ཚང་གཡས་གཡོན་གྱི་ཕྲུ་གུ་རྣམས་བསླུས་ནས་རྡོ་ཀ་ར་སོགས་སྤྲད་ཏེ་ཁྱིམ་ནང་དུ་ཡི་གེ་དང༌། ཐང་ཀ ཕྲེང་བ། འཁོར་ལོ། དམ་རྫས་སོགས་ལྐོག་ཉར་བྱས་ཡོད་མེད་ཀྱི་ཁ་བསྔོགས་ཐབས་གང་དྲག་བྱེད་རུང༌། ང་ཚོ་ཕྲུ་གུ་རྣམས་ལ་ཡང་སོ་སོའི་ནང་མི་རྒན་པ་ཚོས་སྦྱོང་བརྡར་གང་ལེགས་སྤྲད་ཡོད་པས་ལས་སླ་པོར་ཁ་བསྔོགས་མི་ཐུབ། ང་གཅིག་པོར་མཚོན་ན་ཡང་སྐབས་རེར་རྡོ་ཀ་ར་ཆུང་ངུ་རེ་སྤྲད་ནས་ཁ་བསྔོགས་པ་དང༌། སྐབས་རེར་ལས་བྱེད་རེས་ལྐོག་ཤིག་ཏུ་ཁྲིད་ནས། ཁྱེད་ཚང་གི་ཞང་པོ་དང་ངེད་གཉིས་གྲོགས་པོ་ཡིན། ཁོང་གི་ཕྲེང་བ་ལྐོག་ཏུ་བཟུང་ཡོད་པ་ལས་བྱེད་གཞན་ཚོས་མཐོང་ན་ཁྲིམས་ཁང་དུ་འགྲོ་དགོས་པས་ཡག་པོ་ཞིག་སྐུང་རོགས་ཀྱིས་ཞེས་ཤོད་ཨ། འུ་ཚང་གི་ཐང་ག་དང་ཡི་གེ་གཞན་པ་ཚོ་ཡག་པོ་ཞིག་སྐུང་ཡོད་དམ་སོགས་ཟེར་ནས་ནང་ཚགས་ཡིན་ཁུལ་གྱིས་མགོ་སྐོར་བྱེད།
ཐེངས་ཤིག་བོད་སྐད་ཕྲན་ཙམ་ཤེས་པའི་རྒྱ་མི་ཞིག་གིས། ང་མགོ་གཡོགས་པའི་ཐབས་འཕྲུལ་ཟབ་མོ་ཞིག་སྤྱད་པས། ངའི་ཁ་ནས་ཞང་པོ་ལ་ཕྲེང་བ་ཡོད་པའི་གཏམ་ཚིག་གཅིག་ཤོར་ཡང༌། འཕྲལ་དུ་ཕར་མགོ་གཡོགས་ནས་འཛིན་ས་ཅི་ཡང་མེད་པ་ཞིག་བྱེད་ཐུབ་སོང་བ་དཀོན་མཆོག་གི་ཐུགས་རྗེ་ཡིན་པ་འདྲ། དེ་ནི་ལས་བྱེད་དེ་གཅིག་པོར་གུར་ནང་དུ་སྡོད་སྐབས་ང་དེར་སོང་བས། ཁོས་དགའ་མདོག་ཆེན་པོས་ངེད་གཉིས་ཤོག་པེ་(ཏག་སེ་)རྒྱག་ཟེར་བ་བཞིན་ཤོག་པེ་རྒྱག་སྐབས། ཁོས་མདང་དགོང་ཁྱེད་ཚང་གི་ཞང་པོ་ལ་ཕྲེང་བ་ཡོད་པ་དངོས་སུ་མཐོང་སོང་ཟེར། ཕར་བཤད་ཚུར་བཤད་ཁ་ཤས་བྱས་རྗེས། མཐར་ཕྲེང་བ་དངོས་སུ་མཐོང་ཡོད་མེད་ལ་ངེད་གཉིས་རྒྱན་ཆེན་པོ་བཞག་རྒྱུའི་སྟེང་དུ་ལྷུང༌། རྒྱན་བཞག་རྗེས་ཁོས་ཁྱེད་ཚང་གི་ཞང་པོའི་ཕྲེང་བ་སྔོན་པོ་ཞིག་རེད་ཟེར། ངས་ཁྱོད་ཀྱིས་མཐོང་མི་འདུག ཁོང་གི་ཕྲེང་བ་ནག་པོ་ཞིག་ཡིན་ཞེས་ཁ་ནས་ཤོར་བས། ཁོས་ད་དུང་སྔོན་པོ་རེད་ཟེར་ནས་ཨུ་ཚུགས་བྱེད་ཁུལ་བྱེད་པ་དང་སྦྲགས། འོ་ན་ནག་པོ་ཡིན་ན་ཆེ་ཆུང་དང་རིང་ཐུང་ག་འདྲ་ཞིག་རེད། ནམ་རྒྱུན་གང་དུ་འཇོག་གི་རེད་ཁྱོད་ཀྱིས་ཤོད་དང༌། དེ་ནས་ངས་སྔོན་པོ་ཡིན་པའི་རྒྱུ་མཚན་དང༌། ཆེ་ཆུང་རིང་ཐུང༌། མདང་དགོང་གང་ནས་མཐོང་བ་རྣམས་ཁྱོད་ལ་བཤད་ཟེར། སྐབས་དེར་ང་ཁོས་མགོ་སྐོར་འོག་ཏུ་ཚུད་ཚར་བ་ཤེས་ནས་གཅིན་ཤོར་གྲབས་ཀྱི་སྐྲག་སྣང་ཆེན་པོ་ཞིག་བྱུང་ཡང༌། ངོ་མདོག་མ་ཤོར་བ་བྱས་ཏེ། ངེད་ཀྱི་ཞང་པོའི་ཕྲེང་བ་ནག་པོ་ཡིན་པ་དང༌། ཕྲེང་བའི་མགོ་ལ་ཨ་ལུང་ཆེན་པོ་གཅིག་ཡོད། ཐད་ཀར་བརྐྱང་ན་ཁྱིམ་ནས་མར་ཁྱི་འདོགས་ས་བར་དུ་སླེབས་ཐུབ། ངེད་ཚང་ལ་ཕྲེང་བ་མང་པོ་ཡོད་ཀྱང་ཆ་ཚང་སྒྲོ་ནང་དུ་བཞག་ནས་བརྩིགས་ཡོད་པས་ཁྱོད་ཀྱིས་མཐོང་མི་སྲིད། ཁྱོད་ཡིད་མི་ཆེས་ན་ངས་ད་ལྟ་རང་ཁྱེར་ཡོང་ཆོག་ཅེས་བཤད་པས། ཁོས་ང་རང་གཉིས་མཉམ་དུ་འགྲོ དངོས་གནས་ཁྱོད་བདེན་འདུག་ན་ངས་ཁྱོད་ལ་རྒྱན་ཤོར་བ་ལོས་སྟེར་ཟེར། ངེད་གཉིས་ཁྱིམ་ལ་མཉམ་དུ་ཕྱིན་ཏེ་ངས་ཡ་དོ་(ཁྱིམ་སྟོད་དུ་སྒམ་དང་ཅ་ལག་བརྩིགས་སྲོལ་ཡོད་པའི་མིང༌)བསྔོགས་པས། མ་ཡར་གྱིས་ད་ཁྱོད་ཀྱིས་ཅི་བྱེད་པ་ཡིན་ཟེར། ངས་ལས་བྱེད་འདིས་འུ་ཚང་གི་ཕྲེང་བ་རྣམས་སྔོན་པོ་རེད་ཟེར། ངེད་གཉིས་རྒྱན་བཞག་ཡོད་ཅེས་བཤད་ནས་སྒྲོ་ནང་དུ་ཅ་ལག་སྡོམ་བྱེད་ཀྱི་འབྲེང་བ་མང་པོ་ཡོད་པ་ཁོའི་སྔོན་དུ་ཕྱུངས་པས། ཁོས་ཕཻ་ཟེར་བ་དང༌། ངའི་མ་ཡར་ཡོད་སྟབས་ངོ་ཚ་ནས་སྟབས་སྟབས་པོར་ཕྱིན་སོང༌། འབྲང་བ་རྣམས་ལ་ཡང་སྣུམ་མང་པོ་བྱུགས་ཡོད་པས་དངོས་གནས་ནག་པོ་རེད་འདུག དེ་ནས་ངས་ད་རྒྱན་ཤོར་བ་སྤྲོད་དགོས་ཞེས་ཨུ་ཚུགས་བྱེད་ཁུལ་བྱས་པས། ཁོས་རྗེས་སུ་སྤྲད་ཡོང་ཟེར་བ་དང་ཉིན་དེར་ད་གིན་རྩེད་མོ་རྩེ་སྤྱད་ཀྱི་ཤོག་པེ་ཏག་སེ་རྙིང་པ་དེ་སྤྲད་བྱུང༌། དེ་དུས་ངས་ཀློག་སློབ་རྒྱུའི་མགོ་བཙུགས་མེད་པས་སྐབས་དེར་ང་ལོ་བདུན་ཡིན་པ་འདྲ། ཡང་ཐེངས་ཤིག་ཞོགས་པ་སྔ་བོ་ཞིག་ལ་ལས་བྱེད་སྐོར་ཞིག་བྱུང་སྟེ་ཁྱིམ་ནང་དུ་དག་ཐེར་བྱས་རྗེས༌། ངའི་སྐེ་ལ་སྲུང་འཁོར་བཏགས་ཡོད་མེད་བལྟ་ཆེད་ལས་བྱེད་ཅིག་གིས་ང་ཉལ་ནས་བསྡད་ཡོད་པའི་རུམ་ནང་དུ་སྦར་མྱུལ་བརྒྱབ། ངའི་སྐེ་ལ་ཡབ་དམ་པ་དེའི་དབུ་སྐྲ་དང་དུང་རྣ་སོགས་ཀྱི་སྲུང་འཁོར་བཏགས་ཡོད་ཀྱང་ཁོས་རྙེད་མ་སོང༌།
ང་ཚོའི་མི་ཚང་རེ་རེ་བཞིན་དུས་རྒྱུན་མ་བཤམས་ན་མི་ཆོག་པ་ནི་རྒྱ་ནག་གཞུང་གིས་རིན་མེད་དུ་བཀྲམས་པའི་མའོ་ཙེ་ཏུང་གི་པར་དང༌། མའོ་ཀྲུའུ་ཞིའི་གསུང་རྩོམ་གཅེས་བཏུས་ཟེར་བའི་དེབ་ལྔ་ཡོད་པ་དེ་རྣམས་ཡིན་ལ། དེབ་དང་པོ་ནས་བཞི་པའི་བར་འགྱིག་ཤོག་དམར་པོའི་རྒྱབ་ཤ་ཅན་ལ་ཡི་གེ་སེར་པོ་གསེར་ཡིག་གི་བཟོ་བྱས་ནས་བྲིས་པ་དང༌། དེབ་ལྔ་པ་སྤྱིར་བཏང་གི་ཤོག་བུ་དཀར་པོའི་རྒྱབ་ཤ་ཅན་ཡི་གེ་དམར་པོས་བྲིས་ཤིང་དེབ་སྔོན་མ་ཚོ་ལས་ཅུང་འཐུག་པ་ཞིག་རེད། ད་དུང་མའོ་ཀྲུའུ་ཞིའི་གསུང་རྩོམ་གཅེས་བསྒྲིགས་ཟེར་བའི་ལག་དེབ་ཆུང་ངུ་འགྱིག་ཤོག་དམར་པོས་རྒྱབ་ཤ་བྱས་པ་ཞིག་ཀྱང་ཡོད། ལོ་རེའི་གཡར་དགུན་གྱི་མཚེར་ས་སྤོར་སྐབས་ཞང་པོ་མཆོག་གིས༌། མྱི་རོ་བསྲེག་བྱད་འདི་ཆ་ག་ཁྱོག་གི་མི་འདུག་གསུངས་ཀྱི་འདུག་ཀྱང་མ་ཁྱེར་ན་ཆོག་གི་མེད་པ་རེད།
དེ་ལྟར་ཕྱིའི་ཁོར་ཡུག་ལ་རྒྱ་ནག་གཞུང་གི་སྲིད་བྱུས་སྤྱི་དང༌། ཁྱད་པར་ལམ་ཕྱོགས་སློབ་གསོ་སོགས་ཀྱི་གནོན་ཤུགས་ཀྱིས། དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་གྲགས་རུང༌། ནང་དུ་ཆོས་པའི་ཁྱིམ་ཚང་ཞིག་ཡིན་སྟབས་ངེད་ཚང་ལ་དགོང་ཚོགས་ཟེར་བ་དགོང་མོའི་ཞལ་འདོན་བསམ་ལྷུན་དང༌། སྒྲོལ་མ། བར་ཆད་ལམ་སེལ། ལྟུང་བཤགས་སོགས་མང་པོ་འདོན་རྒྱུ་ཡོད་ཅིང༌། ཞལ་འདོན་གྱི་མང་ཉུང་ཙམ་མ་གཏོགས་དགོང་ཚོགས་འདོན་རྒྱུ་ཡོད་པ་གཡས་གཡོན་གྱི་ཁྱིམ་ཚང་ཆ་ཚང་ཧ་ལམ་གཅིག་མཚུངས་ཡིན། ལོ་རེའི་ནང་མདའ་བའི་བཀྲ་ཆོས་དང༌། ངེད་ཀྱི་ཞང་པོ་མཆོག་སོགས་ཀྱིས་ཐག་ཉེའི་ཁྱིམ་ཚང་ཆ་ཚང་ལ་རེས་མོས་ཀྱིས་མནོལ་བསང་དང༌། མཎྜལ་བཞི་ཆོག་ཉིན་འདོན་རེ་བྱེད་ཅིང༌། དེ་ཡང་རུ་གོང་མ་རྣམས་ཀྱི་ཁྱིམ་དུ་འདོན་དུས་འོག་མ་རྣམས་ཀྱིས་ལས་བྱེད་ལ་སོ་ལྟ་བྱེད་པ་དང༌། འོག་མ་རྣམས་ཀྱི་ཁྱིམ་དུ་འདོན་སྐབས་གོང་མ་རྣམས་ཀྱིས་སོ་བལྟ་བྱེད་ཀྱི་འདུག་ཅིང༌། ང་ཚོའི་རུ་བ་རྣམས་ལ་དོན་དམ་གྱི་རྡོག་རྩ་གཅིག་སྒྲིལ་ཧ་ཅང་བརྟན་པོ་ཡོད།
ཐེངས་ཤིག་ངེད་ཀྱི་ཁྱིམ་དུ་མདའ་བའི་བཀྲ་ཆོས་དང༌། རྒྱལ་རོང་བླ་མ་ཀུན་རྒྱམ། ཞང་པོ་མཆོག་རྣམས་ཀྱིས་མཎྜལ་བཞི་ཆོག་འདོན་གྱི་ཡོད་སྐབས་གློ་བུར་དུ་ལས་བྱེད་སླེབས་སོང་བའི་གསང་བརྡ་འབྱོར་བས། སྒྲོལ་སྐུ་དང་མཎྜལ། ཆུ་མཆོད་སྟབས་བདེ་ཞིག་བཤམས་ཡོད་པ་སོགས་སྐད་ཅིག་ཉིད་ལ་བསྐུངས་ནས། ཞང་པོ་མཆོག་གིས་པགས་པ་མཉེད་ཁུལ་དང༌། གཞན་གཉིས་མགྲོན་པོ་ཡིན་ཁུལ་གྱིས་ཇ་འཐུང་བཞིན་བསྡད། ལས་བྱེད་ཚོ་ངེད་ཚང་ལ་སླེབས་ནས་ཇ་འཐུང་ཞིང་ཅུང་ཙམ་བསྡད་རྗེས་ཕྱིན་སོང༌། ངེད་ཀྱི་མཚེར་སའི་འོག་ཏུ་ས་དམར་གྱིས་གང་བའི་ན་ཐང་ཆུང་ངུ་ཞིག་ཡོད་ཅིང༌། དེའི་རྗེས་ལ་རི་སྣ་ཞིག་ཡོད། ལས་བྱེད་ཚོ་རི་སྣ་དེའི་མར་ནང་དུ་སོང་ཚར་རྗེས་ཞང་པོ་མཆོག་སོགས་ཀྱིས་གད་མོ་དགོད་ཞོར་དང༌། ལས་བྱེད་ཚོ་ལ་འཕྱ་ཞོར་མཆོད་པ་རྣམས་ཕྱིར་བཤམས་ནས་ཡང་འདོན་གྱི་འདུག
ཐེངས་ཤིག་ཨ་འཛིའི་ཚུལ་མཐའ་འམ་མཚན་ཆ་ཚང་ལ་ཚུལ་ཁྲིམས་མཐའ་ཡས་ཞུ་བ་ངེད་ཚང་ལ་ཡོང་ནས་ཉིན་གུང་གི་ཟ་མ་ཟོས་རྗེས། ཟན་གྱི་འཕྲོ་མས་ནར་མོ་ཁ་ཤས་བཟོས་ནས་ག་གེ་མོ་ཞིག་འདོན་བཞིན་བཞག་པ་དང༌། མ་ཡར་གྱིས་ང་ལ་འདི་ཚོ་ལས་བྱེད་མི་ཡོང་སའི་ས་གཙང་ས་ཞིག་ཏུ་སྐྱོལ་གསུངས་པ་བཞིན་བསྐྱལ་བ། དེང་སང་བསམས་ན་གུང་ཚིགས་མཛད་ཀྱི་ཡོད་པ་དང༌། འདུལ་བ་རིན་པོ་ཆེའི་ཕྱག་བཞེས་ལྟར་འཕྲོག་མ་ལ་ཆང་བུ་སྟེར་བ་ཡིན་འདུག མདའ་བའི་བཀྲ་ཆོས་དང་ངེད་ཀྱི་ཞང་པོ་མཆོག་གཉིས་དམིགས་བསལ་གྱི་གྲོགས་པོ་ཡིན། ནམ་རྒྱུན་ཁོང་ངེད་ཚང་ལ་ཡོང་ནས་དུས་ཚོད་འཕྱི་བོའི་བར་སྡོད་པ་དང་དེ་ནས་ཕྱིར་འགྲོ། སྐབས་རེར་ང་ངུས་ནས་ཨུ་ཚུགས་ཆེན་པོས་བཟུང་སྟེ་མ་བཏང་དུས། བདེན་པ་ཁུར། ང་ཕྱིར་ཐོན་ཡོང་གསུངས་ནས་ཁོང་གི་ཁྱིམ་དུ་ཕྱིན་ཏེ་ཅ་ལག་ཅིག་བཟུང་ནས་ཡོང་གི་འདུག དོན་ཅི་ཞིག་དང་ཐུག་ཀྱང་ཅ་ལག་དེ་མེད་པར་ཞག་སྡོད་གཏན་ནས་མི་བྱེད་པ་ནི་ཆོས་གོས་རྣམ་གསུམ་གྱི་འབྲལ་སྤངས་ལས་གཞན་གང་ཡང་མིན། ཁོང་རྣམས་ཀྱིས་ཕྱིའི་ན་བཟའ་སྐྱ་ཆས་མི་བཞེས་ཐབས་མེད་ཡིན་ཡང༌། ནང་གི་ཉམས་ལེན་ལ་འཐིང་ལྷོད་མེད་པར་དུས་ཟིང་འདི་འདྲའི་སྐབས་སུ་ཡང༌། ཚུལ་ཁྲིམས་ཀྱི་རྒྱལ་མཚན་བརྟན་པོར་བཟུང་ནས་བཞུགས་ཡོད་པ་རེད།
ང་ལོ་ངོ་བརྒྱད་ལ་སླེབས་དུས་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་ཞིག་སྟོང་གཟའ་མཁན་ཆེན་གྱི་སྐུ་མདུན་དུ་ཡི་གེ་སློབ་པའི་མགོ་བཙུགས་ཤིང༌། ཁོང་གིས། ཀ་ཟེར་ན་ཁྱོད་ཀྱིས་ནམ་རྒྱུན་ཀ་ར་དགོས་ཟེར་གྱི་འདུག་པ་དེའི་ནང་གི་ཀ་དེ་རེད། ཁ་ཟེར་ན་ཁ་གདངས། ཁ་རོག་སྡོད་ཟེར་གྱི་འདུག་པ་དེའི་ཁ་དེ་རེད། ཅེས་སོགས་ཀ་མད་སུམ་ཅུ་པོ་དཔེ་ལེན་དཔེ་འཇོག་གིས་ཐེངས་གཅིག་དང༌། སྒྲ་གདངས་དང་མཉམ་དུ་ཐེངས་ཁ་ཤས་བསླབས་རྗེས་གཟན་ཤམ་ཆ་གཅིག་དང༌། དྲི་མེད་ཞིང་སྐྱོང་མགོན་པོས་ཕྱག་བསྣམས་མཛད་མྱོང་བའི་དྲིལ་བུ་གཅིག་བཅས་རྟེན་འབྲེལ་ཡིན་གསུངས་ནས་གནང༌། ཉིན་དེའི་དགོང་མོ་ཚུར་རང་ཁྱིམ་དུ་སླེབས་རྗེས་ངས་ཀ་མད་སུམ་ཅུ་པོ་བློ་ཐོག་ནས་འབྲི་ཐུབ་འདུག་པས། ས་དེར་ང་ཚོ་དུད་ཁྱིམ་བཅུ་གྲངས་ཤིག་ཡོད་པ་དེའི་ནང་སྙན་གྲགས་ཆུང་ཆུང་ཞིག་གིས་ཁྱབ་པ་བྱུང་ཞིང་མཁན་པོ་ཚང་གིས་ཀྱང་གསན་ནས་དགྱེས་ཚོར་ཆེན་པོ་གནང་ཡོད་འདུག དེ་རྗེས་མུ་མཐུད་དུ་ཞང་པོ་མཆོག་གི་སྐུ་དྲུང་ནས་ཀློག་བསླབས་པ་ཡིན།
ངས་ཀློག་དང་པོར་བསླབས་པའི་ཉིན་དེའི་དགོང་མོར་ཞང་པོ་མཆོག་གིས་རྨི་ལམ་བརྟགས་པར། ང་སྟེགས་བུ་མཐོན་པོ་ཞིག་གི་སྟེང་དུ་བུད་དེ་དུང་དཀར་འབུད་བཞིན་པ་ལ། ཕྱོགས་སོ་སོ་ནས་དགེ་འདུན་པ་ཧ་ཅང་མང་པོ་ཞིག་གིས། སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་སྐྱོར་བཞིན་སྟེགས་བུ་དེའི་དྲུང་དུ་ཚོགས་པར་ཕེབས་པ་དང༌། ཡང་ས་ཕྱོགས་ཐམས་ཅད་མེ་ཏོག་སེར་བོས་ཁྱབ་པའི་ས་ཆ་ཞིག་ཏུ། ངས་མེ་ཏོག་རེ་རེའི་དྲུང་དུ་སྒྲོན་མེ་རེ་རེ་སྦར་ནས་སོང་བས་མེ་ཏོག་དེ་དག་སྔར་ལས་ཀྱང་བཀྲག་མདང་ཆེ་བར་སོང་བ་ཞིག་རྨིས་འདུག རྗེས་སུ་ང་རང་གིས་དེ་དོན་བརྟགས་ཞིབ་བྱས་པར། མ་འོངས་པར་གསང་སྔགས་སྔ་འགྱུར་བའི་བཤད་གྲྭ་གང་རུང་ཞིག་གི་མཁན་ཁྲིར་བསྡད་ནས། དགེ་འདུན་པ་ཚོར་སྔ་འགྱུར་རང་ལུགས་ཀྱི་ཡིག་ཆའི་དགོངས་དོན་གཙོར་བཟུང་གིས། མདོ་རྒྱུད་རིག་གནས་དང་བཅས་པའི་སློབ་ཁྲིད་ཡག་པོ་ཞིག་བྱེད་ཐུབ་རྒྱུའི་རེ་བ་བྱས་མོད། ད་ཆ་དེ་དོན་སྟོང་ཟད་དུ་གྱུར་ནས་ལོ་མང་པོ་འགྲོ་ཚར་ན་ཡང༌། སྐྱོ་ཞིང་དུབ་པའི་ས་མཐའ་འདི་ནས་རང་གི་བཟའ་ཟླ་དང་བུ་ཕྲུག་གསོ་བའི་འཚོ་ཚིས་ཚུན་ཆད་བཏང་སྙོམས་སུ་བསྐྱུར་ཏེ། སྔ་འགྱུར་ཆོས་འབྱུང་ཆེན་མོ་སོགས་འབྲི་རྩོམ་གྱི་ལས་ཀ་བྱེད་བཞིན་པ་འདིས། མ་འོངས་པར་བདེ་བར་གཤེགས་པའི་བསྟན་པ་སྤྱི་དང༌། བྱེ་བྲག་གསང་སྔགས་སྔ་འགྱུར་བའི་བསྟན་པ་རིན་པོ་ཆེ་ལ་ཕན་པའི་ལས་དོན་ཕྲན་བུ་ཞིག་འགྲུབ་ཐུབ་པའི་རེ་བ་བྱེད་གྱི་ཡོད།
རྒྱུན་པར་ཞང་པོ་མཆོག་ཕྱུགས་འཚོ་རུ་སོང་རྗེས། ངས་ཡི་གེ་མི་སློབ་པར་ཉིན་གང་བོར་རྩེད་མོ་རྩེས་ནས་སྡོད་ཀྱི་ཡོད་ཀྱང༌། མ་ཡར་གྱིས་གཤེ་གཤེ་མི་གཏོང་བར་མ་ཟད། དགོང་མོ་ཞང་པོ་མཆོག་ཕྱིར་སླེབས་དུས། ཉིན་གང་བོར་ཡི་གེ་བསླབས་སོང་ཞེས་རྫུན་བཤད་རོགས་བྱེད་ཀྱི་ཡོད་པ་དང༌། ངས་ཀྱང་ཉིན་གང་བོར་སྦྱངས་པ་ལྟ་བུའི་རྒྱུགས་འཕྲོད་ཀྱི་ཡོད། སྤྱིར་ངའི་མ་ཡར་འདི་ནི་ངན་སློང་ལ་བྱམས་བརྩེ་ཆེ་བ་དང༌། རྒྱུ་དངོས་གང་ལ་ཡང་སེར་སྣ་མེད་ཅིང་ཅུང་ཟད་ཙམ་གྱིས་ཆོག་ཤེས་པ། དག་སྣང་ཆེ་བས་གྲྭ་བའི་མིང་བཏགས་པ་ཞིག་གིས་སྤྱོད་ངན་ཅི་འདྲ་བྱས་པ་མཐོང་ཡང༌། དགོས་དབང་ཡིན་སྲིད་པས་དད་ལོག་བྱེད་མི་རུང་ཞེས་ཁ་ཞེ་གཉིས་མེད་ཀྱིས་མོས་གུས་བྱེད་པ། རང་བཞིན་དྲང་ཞིང་ཀུན་ལ་ཕན་སེམས་ཆེ་བའི་ཐོག ལྷན་སྐྱེས་ཀྱི་གཤིས་ཀ་བཟང་བས། གྲོང་མི་ཁྱིམ་མཚེས་ཀུན་དང་འགྲོགས་བདེ་བའི་བུད་མེད་དམ་པ་འདི་ལྟ་བུ་ཞིག་ང་ལ་མཚོན་ན་ད་ལྟའི་བར་རྒྱ་དཀར་ནག་དང༌། བོད་མདོ་དབུས། ནུབ་མེ་གླིང་ཚུན་ཆད་གང་དུ་ཡང་མཐོང་མ་མྱོང༌།
རྒན་རྒོན་འདི་གཉིས་ཀྱིས་ང་ལ་བྱམས་སྐྱོང་གནང་ཚུལ་ནི་ཆེས་ཡ་མཚན་པ་ཞིག་སྟེ། ཆུང་ངུའི་དུས་ནས་བཟུང་ངེད་ཅག་ཁ་མ་བྲལ་གྱི་བར་དུ། ང་རང་ལ་འདོད་པ་ཡོད་ན་མ་གཏོགས་བཙན་ཤེད་ཀྱིས་ཆུ་ཚོད་གཅིག་ལ་ཕྱུགས་འཚོ་རུ་བཏང་བ་དང༌། ཆུ་སྐྱོགས་གང་ལེན་དུ་བཏང་བ་ཙམ་ཡང་དྲན་རྒྱུ་མེད། ད་དུང་ཁོང་གཉིས་ཀྱིས་བྱམས་སྐྱོང་གནང་ཚུལ་ལ་ཞིབ་ཏུ་བསམ་བློ་བཏང་ན། ང་ནར་སོན་པའི་སྐབས་སུ་སློབ་གཉེར་ལ་མགོ་འཁོར་ནས་ཞབས་ཏོག་ཡག་པོ་ཞིག་ཞུ་ཐུབ་མ་སོང་སྙམ་སེམས་ཧ་ཅང་ཕམ་པོ་བྱུང་གི་འདུག ང་རྒྱ་གར་ལྷོ་ཕྱོགས་སུ་སྡོད་པའི་སྐབས་ཤིག བོད་པ་གཞིས་ཆགས་ཀྱི་བུ་མོ་ཁ་ཤས་ཤ་མདོག་ནག་པོ་ཆགས་དོག་གིས་ཁྱིམ་ནང་དུ་སྐྱིད་ཉལ་བྱས་ནས་སྡོད་ཅིང༌། རྒས་འཁོག་རྣམས་ཀྱིས་རྔུལ་ནག་དོན་བཞིན་རྩ་ཤིང་ཁུར་བ་མཐོང་བས། ངས་ཀྱང་འདི་ལྟ་བུའི་ཉེས་པ་གང་མང་བསགས་ཡོད་སྙམ་མིག་མཐར་མཆི་མ་འཁོར་བ་བྱུང༌། ད་སྐབས་བཀའ་དྲིན་འཁོར་མེད་ཀྱི་རྒན་རྒོན་གཉིས་ཀ་ཞི་བར་གཤེགས་ཟིན་པས། ངས་ཞབས་ཏོག་ཞུ་བསམས་རུང་ཞུ་ས་ཞིག་ལྷག་མེད་མོད། ཁོང་གཉིས་ཀྱི་དྲིན་ལན་དུ་བྱིས་པའི་དུས་ནས་ད་བར་ཁ་བ་ཅན་གྱི་རིག་གཞུང་སྤྱི་དང༌། ཁྱད་པར་ཐེག་པ་ཆེན་པོའི་གཞུང་མན་ངག་དང་བཅས་པ་རྣམས་ལ་ཐོས་བསམ་ཕྲན་བུ་བྱས་པ་ལས་བྱུང་བའི་བསམ་པ་བཟང་པོ་ཞིག་གི་རྒྱུན་ཚེ་རབས་ཐམས་ཅད་དུ་མཐུད་ཅིང༌། གོང་ནས་གོང་དུ་འཕེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
ངེད་ཚང་གི་རུ་ནང་ཤུལ་བར་མ་ཟེར་བར་བསྡད་ཡོད་པའི་དགུན་དུས་ཤིག་ལ། ལས་བྱེད་ཁ་ཤས་ཀྱིས་བཙན་སྐུལ་བྱས་པ་བཞིན། ང་ཚོའི་རུ་བ་རྣམས་ཀྱིས་ཞོགས་པ་སྔ་བོར་མའོ་ཀྲུའུ་ཞི་ཤི་བའི་མྱ་ངན་ཚོགས་འདུ་ཞིག་ཚོགས་སོང༌། རྒན་པ་ཚོས་ངུ་ཁུལ་བྱེད་ཅིང༌། ཕུ་དུང་གཉིས་ཀྱིས་ཀྱིས་གདོང་པ་བཀབ་པའི་རྗེས་ལ། གཅིག་གིས་གཅིག་ལ་གྲུ་ཚུགས་བྱེད་བཞིན་གད་མོ་དགོད་ཀྱི་འདུག་པ་དང༌། མིག་གི་མཐར་མཆིལ་མ་མང་པོ་བྱུགས་ཀྱི་འདུག ཉིན་དེའི་ཞོགས་པར་ཁ་བ་འབྲིང་ཙམ་བབས་ཡོད་པ་དམར་བོ་ཡིན་པས། མི་ཚོས་མའོ་ཀྲུའུ་ཞི་སྡིག་པ་ཆེ་བས་ད་འདི་འདྲ་རེད་སྙིང་རྗེ་ཟེར་ལྐོག་ནས་མ་ཎི་འདོན་འདུག་ཀྱང༌། ངས་ང་ཚོའི་ས་ཆར་ས་དམར་མང་པོ་ཡོད་པ་དང༌། དེའི་སྔ་ཉིན་རླུང་ཆེན་པོ་གཡུག་བྱུང་བས། ས་དམར་ནམ་མཁའ་ལ་འཕྱུར་བ་ཁ་བ་དང་བསྡོངས་ནས་མར་བབས་པས། ཁ་བ་དམར་བོར་གྱུར་བ་རེད་ཅེས་བཤད་པ་ཡིན། མདའ་བའི་བཀྲ་ཆོས་ཀྱིས་རིགས་དགུ་མ་རིགས་པ་གསལ་བོ་ཡོད་པའི་དོན་འདིས་ཅི་ཟེར། ཡང་གཅིག་ཤོད་དང་གསུངས། ཡང་བཤད་པས་ཁོང་གིས་ཐལ་མོ་བརྡབ་བཞིན་གད་མོ་མང་པོ་བགད་དེ། ཡང་ཤོད་དང་གསུངས་ནས་ཐེངས་ཁ་ཤས་ལ་འགྲེལ་བཤད་རྒྱག་ཏུ་བཅུག རྗེས་ནས་ཁོང་གིས་ཡིན་མིན་གང་ཡང་མ་གསུངས་ཀྱང་གད་མོ་དགོད་ཞོར་ང་ལ་ཁ་ཞིག་བསྐྱལ་སོང་བས་འགྲེལ་བཤད་དེ་ཁོང་གི་ཐུགས་ལ་བབས་ཡོད་པ་འདྲ།
ཆེས་མུན་ནག་དང་ཆེས་ཀླ་ཀློའི་དུས་ཚོད་དེ་འདྲའི་སྐབས་སུུ་ཡང༌། ང་ཁྱིམ་ཚང་ཡ་རབས་དང༌། ཚོ་བ་ཡ་རབས་ཀྱི་ནང་དུ་འཚར་ལོངས་བྱུང་སྟབས། ཆུང་ངུའི་དུས་ནས་ཀྱང་ལྷ་དང་སངས་རྒྱས་བྱང་སེམས་མང་པོའི་མཚན་དང༌། དེ་དག་གི་ཆ་ལུགས་དང་ཕྱག་མཚན་སོགས་ག་འདྲ་ཡིན་མིན་ཤེས་ཀྱི་ཡོད། ལྷ་དང་བླ་མ་ཐམས་ཅད་ཀྱི་ནང་ནས་དད་པ་ཆེ་ཤོས་ནི་གུ་རུ་རིན་པོ་ཆེ་ཡིན་ཞིང༌། ང་ལ་ཕྲེང་བ་མེད་རུང་རྩེད་རའི་སྟེང་ལུག་གི་རིལ་མ་མང་པོ་གྲངས་ཀ་བརྒྱབ་ནས་སྤུངས་ཡོད་པ་དང༌། ཉི་མ་རེ་རེ་བཞིན་གུ་རུ་རིན་པོ་ཆེ་མཁྱེན་ཞེས་རིལ་མ་ཚོའི་གྲངས་བཞིན་གསོག་གི་ཡོད། ངས་ཀློག་སློབ་རྒྱུའི་མགོ་འཛུག་ལ་ཉེ་བའི་དབྱར་དུས་ཤིག་ལ། ང་ཚོ་རྫ་རིང་དུ་དབྱར་ས་བྱས་ནས་སྡོད་སྐབས། ཨ་སྐྱོ་བ་འཁྱམས་པོ་ཞིག་བྱུང་སྟེ་ངེད་ཚང་ལ་ཉིན་ཤས་བསྡད་སོང་ཞིང༌། ངེད་ཚང་གི་ནང་མི་རྣམས་ཀྱིས་གུས་བཀུར་ཚད་མེད་བྱེད་ཀྱི་འདུག ཨ་སྐྱོ་བ་དེས་ངའི་ལག་པ་ཆུང་ཆུང་གཉིས་ཁོང་གི་དབུ་ཐོག་ཏུ་བཞག་ནས་སྤྱན་ཆབ་བསིལ་བ་དང༌། བུ་རིག་ཡག་འདི་འདྲ་ཞིག་ངས་མཐོང་མ་མྱོང༌། འདིའི་སྲུང་འཁོར་ནང་དུ་ཆུགས་གསུངས་ནས་སྐུ་པར་ནག་པོ་གཉིས་སྤྲད་བྱུང་བའི་གཅིག་ནི། འཕགས་པ་སྤྱན་རས་གཟིགས་མིའི་གཟུགས་སུ་བྱོན་པ། རྒྱ་གར་གྱི་རྒྱལ་བ་རིན་པོ་ཆེ་བསྟན་འཛིན་རྒྱ་མཚོ་དང༌། གཅིག་ནི་རྒྱལ་ཆེན་རྣམ་ཐོས་སྲས་རེད་གསུངས།
ངས་རྒྱ་གར་གྱི་རྒྱལ་བ་རིན་པོ་ཆེ་བསྟན་འཛིན་རྒྱ་མཚོ་ཟེར་བ་སུ་ཡིན་མི་ཤེས་ཀྱང༌། སྐུ་པར་དེ་མཐོང་བས་དད་པ་བསམ་གྱིས་མི་ཁྱབ་པ་ཞིག་བྱུང༌། རྗེས་སུ་སྐུ་པར་དེ་རང་གི་མགོ་ལ་བཞག་ནས། རྒྱ་གར་གྱི་རྒྱལ་བ་རིན་པོ་ཆེ་བསྟན་འཛིན་རྒྱ་མཚོ་མཁྱེན་ཞེས་གསོལ་བ་མང་པོ་བཏབ་དུས། བྱིས་པ་ཡིན་རུང་དད་པའི་ཤུགས་ཀྱིས་ཐེངས་ཁ་ཤས་ལ་མིག་ཆུ་འཐོར་བ་བྱུང༌། དེར་བརྟེན་༡༩༩༨ལོར་ངས་རྒྱ་གར་དུ་བྲིས་པའི་ཐམས་ཅད་མཁྱེན་པའི་རྟོགས་བརྗོད་དེའི་ནང༌། གང་ཚེ་ཁོ་བོ་བྱིས་པ་ཆུང་ངུ་ན།། སྨུག་སྤྲིན་སྔོན་པོས་གཡོག་པའི་རྫ་རི་དག། ཤིན་ཏུ་མཛེས་པས་ཡིད་འཕྲོག་དར་ཡུལ་སྟོད།། རྫ་རིང་ཞེས་པའི་གནས་སུ་ལོ་མང་བསྡད།། སྐབས་ཤིག་ངེས་མེད་འཁྱམས་པའི་ལྡོམ་བུ་བ།། ཆོས་མཐུན་སློང་མོས་འཚོ་བ་ཞིག་བྱུང་ནས།། ཕྲུ་གུ་འདི་ཡི་ལུས་ལ་འདི་ཆོངས་ཞེས།། འཇིག་རྟེན་བླ་མའི་སྐུ་ཡི་སྣང་བརྙན་བཏད།། མཚན་རྫོགས་སྐུ་ཡི་དཀྱིལ་འཁོར་མ་མཐོང་ཞིང༌།། གསང་བ་གསུམ་གྱི་ཡོན་ཏན་མི་ཤེས་ཀྱང༌།། དང་པོའི་རྟེན་འབྲེལ་ལེགས་པའི་ཕྱོགས་སོང་སྟེ།། མང་དུ་ངུ་བའི་མོས་གུས་བདག་གིས་རྙེད།། དེ་ནས་བཟུང་སྟེ་བསྟན་འཛིན་རྒྱ་མཚོ་ཞེས།། གདུང་བའི་ཡུས་དང་བཅས་པའི་སྙིང་དབུས་ན།། འདི་ཕྱིའི་སྐྱབས་སུ་ངེས་པར་སེམས་པ་ཡིས།། རེ་བའི་མིག་འབུར་ནམ་ཡང་ཟུམ་པ་མེད།། ཅེས་པ་འདི་བྲིས་པ་ཡིན།
དེང་སང་ཆུང་དུས་ཀྱི་ལོ་རྒྱུས་དེ་ཚོ་ལ་ཕྱིར་དྲན་བྱེད་སྐབས། གུ་རུ་རིན་པོ་ཆེས། བོད་ཀྱི་བླ་མའི་སྐལ་བ་གུ་རུ་ཉིད།། ཆོས་སྐལ་ཇོ་བོ་ཐུགས་རྗེ་ཆེན་པོ་ཡིན།། ཞེས་གསུངས་པ་དང་མཐུན་པའི་ལ་ཉེ་རྟེན་འབྲེལ་ཐམས་ཅད་ཆུང་ངུའི་དུས་ནས་རང་གི་ལུས་ཐོག་ཏུ་ཚང་འདུག་པས་ཧ་ཅང་དགའ་པོ་ཡོང་གི་འདུག་ཅིང༌། མཚམས་རེར་རང་ཉིད་དངོས་གནས་ལས་དང་སྐལ་བ་བཟང་བའི་རིགས་ཀྱི་བུ་ཞིག་རེད་འདུག་སྙམ་པའི་རང་མཐོང་ཡང་སྐྱེས་ཀྱི་འདུག
ད་དུང་ང་ལ་ཆུང་དུས་ནས་རྒྱ་གར་གྱི་བག་ཆགས་ཤིན་ཏུ་ཟབ་མོ་ཞིག་ཡོད་པས། ང་མིན་གཞན་ཞིག་ཡིན་ན་དག་སྣང་ལ་རྒྱ་གར་དུ་ཐེངས་མང་པོར་ཕེབས་པ་ཡིན་ཟེར་ངེས་མོད། ང་ལ་དེ་ཙམ་བརྗོད་པའི་སྙིང་སྟོབས་མེད་ཀྱང་ཧ་ལམ་ལོ་བཅུ་ཡར་མར་ཞིག་ནས་རྒྱ་གར་གྱི་གནས་དང༌། རི་གླིང་མང་པོ་མིག་ལམ་ལ་ཤར་བར་མ་ཟད་རྒྱ་གར་གྱི་ཡུལ་རེད་སྙམ་པ་དང༌། ལྷག་པར་བྱ་རྒོད་ཕུང་རི་དང༌། རྩྭ་མཆོག་གྲོང་གཉིས་ཐེངས་ཁ་ཤས་ལ་མིག་ལམ་དུ་ཤར་བ་བྱུང༌། རྗེས་སུ་རྒྱ་གར་ལ་དངོས་སུ་སླེབས་སྐབས་སྔར་མིག་ལམ་ལ་ཤར་བའི་ལྗོངས་བཀོད་ཇི་མ་ཇི་བཞིན་མི་འདུག་ཀྱང་སྤྱིའི་ཆ་ནས་ཤིན་ཏུ་འདྲ་བར་སྣང་བས། གཅིག་བྱས་ན་དུས་ཀྱི་དབང་གིས་འགྱུར་བ་ཅུང་ཟད་ཕྱིན་པ་ཡིན་སྲིད་སྙམ༌། ངས་ཀློག་སློབ་རྒྱུའི་མགོ་བཙུགས་པ་ནས་བཟུང༌། གོང་སྨྲོས་ལྟར་ཡུན་ཆེས་རིང་པོའི་བར་དུ། ལམ་ཕྱོགས་སློབ་གསོ་སོགས་དམར་ཕྱོགས་ཀྱིས་དག་ཐེར་རྒྱུན་མི་ཆད་པ་བྱུང་བས་དོགས་ཟོན་ཆེ་ཡང༌། གསང་ཐབས་ཀྱིས་ཀློག་ཕུལ་དུ་ཕྱིན་པ་ཞིག་བསླབས་ཤིང༌། བཟང་པོ་སྤྱོད་པའི་སྨོན་ལམ་སོགས་དགོས་མཁོ་ཆེ་བའི་རིགས་རྣམས་བློར་འཛིན་བྱས། སྐབས་འདི་ཤེད་ཅིག་ཏུ་སྟོང་ཟ་མཁན་པོ་སྐུ་གཤེགས།
༡༩༧༩ལོ་ནས་བཟུང་རྒྱལ་བསྟན་ཡང་དར་གྱི་དབུ་ཚུགས་པ་སོགས་རྒྱ་མིའི་སྲིད་ཇུས་ལ་ཡང་འགྱུར་བ་ཕྲན་བུ་ཕྱིན་པ་དང༌། དར་སྟོད་སོགས་སུ་ས་ཆུང་བས་ཕྱུགས་ཟོག་སྤྱི་དང་ཁྱད་པར་གཡག་ཐམས་ཅད་མུ་གེས་ཤི་ནས། འབྲི་ལ་ཁལ་འགེལ་དགོས་པའི་དུས་སུ་སླེབས་པས། བུ་རྒྱ་དོན་ཟེར་བས་དར་ལག་རྫོང་གི་རྫོང་དཔོན་བྱེད་སྐབས། ང་ཚོའི་འབྲོག་སྡེ་རྣམས་ཀྱང་བཙན་པོ་བྱས་ནས་རིམ་གྱིས་ཕྱིར་རང་ཡུལ་དུ་གནས་སྤོས། འབྲོག་པ་རྣམས་ཨུ་ཐུག་ནས་བཙན་པོ་བྱས་པས་སྨན་པ་གང་ནོར་ཟེར་བ་སོགས་མི་ཁ་ཤས་བཙོན་ཁང་དུ་ཡང་བཅུག་སོང་རུང༌། མཐར་རང་ས་རང་ལ་དབང་བ་བྱུང༌། འདི་སྐབས་ང་ལོ་བཅུ་གཅིག་ལ་སླེབས་པའི་དུས་ཡིན་ཞིང་ད་དུང་ངེད་ཚང་ལ་ཕྱུགས་ཟོག་ཉུང་ངུ་ཞིག་འཚོ་རྒྱུ་འདུག
ཁྲ་གླིང་དགོན་ཤུལ་དུ་ཐོག་མར་འབྱོར་སྐབས། གླིང་བླ་མ་ཆོས་ཀྱི་རྡོ་རྗེས་བཞེངས་པའི་འདུ་ཁང་མཐོང་གྲོལ་ཆེན་མོ་དང༌། གསེར་ཁང༌། རྒྱུད་སྡེའི་ལྷ་ཁང༌། སྒྲུབ་གྲྭ་སོགས་དང༌། གྲྭ་མང་སྒེར་གྱི་གྱང་ཆག་སྐྱི་གཡའ་ཞིང་ཡ་ང་བ་རྣམས་མཐོང་དུས། དེང་སང་གུ་གེའི་རྒྱལ་ཁབ་སྟོངས་ཤུལ་མཐོང་བ་དང་གཉིས་སུ་མེད་ཅིང༌། རྒན་པ་རྣམས་ཀྱིས་མིག་ཆུ་གཏོང་བཞིན། ༡༩༥༨ལོའི་ཁྲག་དྲི་བྲོ་བའི་བཙན་གནོན་གྱི་སྐབས། ཁང་པ་འདི་ལ་བླ་མ་འདི་བཞུགས་དང༌། བླ་མ་དེས་སྡུག་བསྔལ་འདི་མྱངས། མཐར་འདི་ལྟར་དམར་གསོད་བྱས་པ་སོགས་ཀྱི་ལོ་རྒྱུས་རེ་རེ་བཞིན་གླེང་བ་དེ་བས་ཀྱང་ཆེས་འཇིགས་སུ་རུང་བར་སྣང༌།
དགོན་པའི་གཡས་གཡོན་གྱི་ཉེ་འཁོར་རྣམས་སུ། ས་འདི་ལ་ཁྱིམ་ཚང་འདི་ཡོད་དང༌། ཁྱིམ་ཚང་དེས་སྡུག་བསྔལ་འདི་མྱངས། མཐར་སྡུག་འཐོར་དང་མུག་འཐོར་འདི་འདྲ་བྱས་ཚུལ། ཁྱིམ་ཚང་འདི་ནས་མི་གྲངས་འདི་ཙམ་མུ་གེས་ཤི་ཚུལ། མི་གྲངས་འདི་ཙམ་བཙོན་ཁང་ནས་ཕྱིར་ཡོང་མེད་ཚུལ་སོགས་བཤད་པ་ཕལ་ཆེར་ཞིག་ངའི་སེམས་ལ་ད་དུང་གསལ་བོར་དྲན་གྱི་འདུག གྱང་ཆག་ཚོས་སྐད་ཆ་བཤད་མི་ཤེས་པས། ཁོང་རྣམས་ཀྱིས་མྱངས་པའི་སྡུག་བསྔལ་ང་ཚོ་ལ་དངོས་སུ་ངོ་སྤྲོད་བྱེད་ཐབས་མེད་ཀྱང༌། ལོ་སུམ་ཅུར་ཉེ་བ་ཙམ་ལ་བདག་མེད་དུ་བསྡད་པའི་རིང༌། ཁྲ་དང་འུག་ཆུང་ནེའུ་ལེ་རྣམས་གནས་སྡོད་བྱས་པ་ལས་བྱུང་བའི་བྱེའུ་དང༌། ཨ་བྲའི་ནང་ཁྲོལ་གསར་རྙིང༌། བྱ་སྒྲོ། ཨབ་སྤུ། བྱ་སྐྱག་སོགས་ཀྱི་མྱང་གོས་འཐུག་པོ་གྱོན་ཞིང༌། བྱེའུ་ཏི་ཏིས་ཕུག་པའི་ཨུ་ཁུང་གི་རྨ་ཁ་རྣམས་ང་ཚོ་ལ་རྒྱུན་དུ་སྟོན་པས། གྱང་ཆག་ཚོའི་རྣམ་འགྱུར་གྱི་ནང་ན་གོ་རྒྱུ་ཆེན་པོ་ཞིག་ཡོད་པ་འདྲ་མོད། གྱང་ཆག་ཚོ་དང་དམིགས་བསལ་གྱིས་འདྲིས་ཆེ་ཞིང༌། གྱང་ཆག་ཚོ་གྱང་ཆག་ཏུ་མ་གྱུར་གོང་གི་བདག་པོ་སྟེ། གནའ་སྔ་མོའི་གྲྭ་ལོག་རྙིང་བ་རྣམས་དེང་སང་ཆ་ཚང་སྨྱོས་འདུག་ཟེར་བ་ཞིག་གོ་བྱུང་བ་བདེན་ན། གྱང་ཆག་ཚོའི་རྣམ་འགྱུར་གྱི་ནང་ལ་གོ་རྒྱུ་ཅི་ཡང་མེད་ན་འང་ཐང༌།
བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་བལྟས་ཀྱང་དོན་སྙིང་དང་ལྡན་པར་འདུག་པས་སྙིང་ནས་ཐུགས་རྗེ་ཆེ་ཞུ།
སྤྱིར་རྩོམ་གང་འདྲ་ཞིག་ཡིན་རུང་མི་ཀུན་ཀྱི་འདོད་བློ་འགེངས་ངེས་ཤིག་མེད་པ་ལྟར། ཉིད་ཀྱི་གསུང་རྩོམ་འདིར་ཡང་བསམ་འཆར་སྣ་ཚོགས་ཤིག་ཡོད་པ་ཞུ་མ་དགོས་པ་རེད།
རྨད་བྱུང་ཚིག་གི་ཡལ་ག་རེ་རེར་ཡང་།།
དོན་ལྡན་འབྲས་བུའི་ཕུང་པོ་རྣམ་བཀྲ་ཤིང་།།
ཡིད་འཕྲོག་བརྡ་དག་འདབ་མས་མཛེས་མ་ཡི།།
ཁྱེད་གསུང་ལྗོན་བཟང་འགྲོ་བའི་དཔལ་དུ་ངེས།།
མིག་ཤར་ཞིག་རྒྱབ་པ་ཡིན། ཚིག་དོན་སྡེབ་སྦྱོར་སོགས་གང་འཐད་ནས་ཚད་ལྡན་དུ་མཐོང་། དགའ་བསུའི་མེ་ཏོག་གཏོར་བར་བྱ།
ཐེངས་གཅིག་ཀློག་ནས་བུད་སོང་ང་།
ངེས་དོན་མཁས་པས་གསུངས་རེད། འདི་འདྲ་ཡིན་ན་ཁ་བརྡ་དྲ་བ་ལ་དགེ་མཚན་འདུག ཡིན་ན་ཡང་དྲ་ཞབས་དོན་མེད་སྨྲ་བ་ཚོ་འདི་ན་མི་འདུག མཁས་པ་ཡིན་ན་འདི་དག་བཤད་གླེང་བྱས་ན་བོད་བསྟན་སྲིད་ཕན་ས་རེད། དམར་ཕྱོགས་ཞོགས་དུང་དང་སེང་རྡོར་ཟེར་བ་དག་གི་སྔ་རྒོལ་དངོས་དེ་རེད་བཞག ཨམ་སྐྱག་ཚོ་ལ་ལན་མེད་དུ་བྱས་འདུག སེངྒེའི་ང་རོ་སྒྲག་པ་རང་རེད། སློབ་དཔོན་འདི་བ་སང་སྐུ་ཚེ་རིང་།
རྩོམ་ཆ་ཚང་ཐེངས་གཅིག་བཀླགས་ཟིན། རྩ་བའི་ཆ་ནས་ཡག་པོ་དང་བ་འདྲེན་པ་ཞིག་བྲིས་འདུག ཡིན་ནའང་། རྩོམ་གྱི་སྔ་ཕྱི་གང་དུའང་། ཁུངས་སྐྱེལ་གསལ་བོ་བྱས་མེད་པར་སྤྱི་བཤད་ཙམ་བྱས་ནས་ཕྱིན་པའང་གང་འཚམས་ཤིག་འདུག
དཔེ་མཚོན་ཞིག་དྲངས་ན།
སྐྱོན་བརྗོད་ཀྱི་ཚོགས་ཆེན་རེ་རེའི་ཐོག་ནས་བུས་ཕ་ལ་རྡུང་དུ་བཅུག་ཅིང་བུ་མོས་མ་ལ་རྡུང་དུ་བཅུག ཆུང་མས་ཁྱོ་བོ་ལ་རྡུང་དུ་བཅུག་ཅིང་སློབ་མས་བླ་མ་ལ་རྡུང་དུ་བཅུག དབུལ་བོས་ཕྱུག་པོ་ལ་རྡུང་དུ་བཅུག་ཅིང་གཡོག་པོས་སྦྱིན་བདག་ལ་རྡུང་དུ་བཅུག གཞན་ཡང་ཁྱོ་གའི་མགོ་བཅད་ནས་ཆུང་མའི་སྐེ་ལ་བཏགས་སྟེ་འཐད་རྩོད་བྱེད་པ་དང༌། ས་སྣུམ་བླུགས་པའི་ལྕགས་ཀྲིན་སྐེ་ལ་བཏགས་ནས་ཁྲོམ་བསྐོར་དུ་ཁྲིད་རྗེས་ས་སྣུམ་དེ་ལུས་ལ་བཤོས་ནས་གསོན་པོར་མེར་བསྲེགས་བཏང་པ་སོགས་འགྲོ་བ་མིའི་རིགས་ཀྱི་ཡིད་ཆེས་པར་ཤིན་ཏུ་དཀའ་བའི་བྱ་སྤྱོད་ངན་དགུ་སྣ་ཚོགས་ཤིག་ལག་ལེན་དུ་བལྟར་ཡོད་འདུག
ཟེར་བ་ལྟ་བུར། མི་ཡི་མིང་སོགས་རེ་རེ་ནས་དངོས་སུ་དྲངས་ཐུབ་ཡོད་ན་སྐད་ཆ་ཁུངས་མེད་མིན་པར་ཁུངས་ཅན་ཆགས་པ་རེད། འདི་དག་ནི་ལོ་རྒྱུས་དང་འབྲེལ་བ་ཞིག་ཡིན་པས་སྐད་ཆ་རེ་རེ་བཞིན་ཁུངས་སྐྱེལ་དང་བཅས་བཤད་ན་རྩོམ་གྱི་ལྗིད་ཁོག་ཚ་རུ་འགྲོ་ཡི་རེད་སྙམ།
ད་དུང་གཞན་ཡང་།
ཆོས་པ་རྣམས་ལ་ཡ་ང་བའི་བཅར་བརྡུང་དང་མནར་གཅོད་ཀྱི་རིགས་འདི་མ་བྱས་བྱ་བ་གཅིག་ཀྱང་མེད་ཅིང༌། བླ་སྤྲུལ་མཁན་གསུམ་གྱི་ཁྲོད་ནས་སྐུ་ལུས་ལ་མཚོན་བཞེས་མཁན་རྣམས་མེ་མདའ་དང་མེ་མདའི་རྩེ་གྲི་སོགས་ཀྱིས་དམར་བསད་བྱས་ཤིང༌། མཚོན་མི་བཞེས་པ་རྣམས་གཅེར་བུར་འཁྱགས་རོམ་གྱི་སྟེང་དུ་བཀྱིགས་ནས་འཁྱག་ཤི་ཐེབས་སུ་བཅུག་པ་དང༌། ཡང་གཅེར་བུར་བཀྱིག་པའི་སྟེང་དུ་ལུག་བསྐོར་ཏེ་ལུག་གིས་བརྫིས་ནས་གསོད་དུ་འཇུག་པ་དང༌། མགོ་ལུས་མེད་པར་དབྱུག་བརྡུང་བྱས་ནས་གསོད་པ་དང༌། སྐེ་ཐག་པས་བསྡམས་ནས་གསོད་པ་སོགས་གསོད་ལུགས་མི་འདྲ་བ་སྣ་ཚོགས་བྱས་ཤིང༌།
ཟེར་བ་འདི་དག་ཀྱང་གོང་དུ་བཤད་པ་ལྟར་ཁུངས་སྐྱེལ་གནང་རྒྱུ་གལ་ཆེན་པོར་མཐོང་། ལྷག་པར་དུའང་། མཚོན་མི་བཞེས་པ་རྣམས་ཟེར་བ་ལྟ་བུ་ཡིན་ན་གསང་གནས་ཤིག་དང་ཡང་འབྲེལ་བ་ཡོད་པས་དངོས་མིང་བགྲང་ནས་ཁུངས་སྐྱེལ་གསལ་བོ་བྱས་པ་ཡིན་ན་ཡག་པོར་མཐོང་།
རྩོམ་གྱི་མགོ་མཇུག་བར་གསུམ་དུ་འདི་འདྲ་བ་རེ་ཟུང་མ་གཏོགས་མང་ཆེ་བ་རང་གི་མཐོང་ཐོས་མྱོང་གསུམ་གསལ་བོར་བྲིས་འདུག་པས་ཀློག་སྤྲོ་བ་ཞིག་འདུག
ཁྱེད་ཀྱི་རྩོམ་ཡིག་འདིར་བཀླགས་སྐབས་སུ་རང་གི་ཕ་མེས་ཀྱི་དཀའ་སྡུག་དྲན་ནས་མིག་ཆུ་ལ་རང་དབང་མིོ་འདུག
ང་ཆུང་དུས་ཡུལ་གྱི་ཕྲུ་གུ་ཚོས་ས་བདག་ རྗེས་ཕྱུག་སྐྱག་དྲི་འཕོངས་དང་གཉང་དྲི་འཕོངས་ཞེས་གླུ་ལེན་བཞིན་སྡང་མིག་ལྟ་གི་རེད། གནས་སྟངས་དེར་ཚོ་དྲན་དུས་དགྲ་ཤ་ལེན་དགོས་བསམ་པའི་ངན་སེམས་རེ་སྐྱེས་ཡོང་གི་འདུག ཡིན་ནའང་མཐའ་གཏུགས་ནས་བསམ་བློ་བཏང་དུས་གོང་ཁྲན་ཏང་གི་ངན་ཇུས་འོག་ཏུ་བོད་མི་རིགས་ནང་ཁུལ་འགལ་ཟླ་བཟོས་པ་ཞིག་ཡིན་པས་དགྲ་ཤ་ལེན་དགོས་ས་ངོ་མ་གོང་ཁྲན་ཏང་འདིར་ཡིན།
དམྱལ་བ་བོ་ཁྱོད་འདི་ཆུང་དུས་ནས་རིག་རྒོད་ཅིག་ཡིན་ས་རེད་ད། ཡིན་ནའང་ངའི་ཁ་ནང་ནས་འདྲ་མི་འདྲ་ཤོར་མྱོང་མེད་ད།
ང་ཚོ་ལ་བསླུ་བྲིད་དམ་མགོ་སྐོར་བཏང་སྤྱད་ཀྱི་གླུ་ཚིག་འདི་རེད། མ་གཞི་གླུ་དབྱངས་འདི་དམག་མིས་ལེན་རྒྱུ་དང་ལག་ལེན་བྱ་ཞིག་རེད་མ་གཏོགས་མང་ཚོགས་ཀྱིས་ངེས་སློབ་དགོས་པ་དང་ལེན་ཤེས་དགོས་པ་ཞིག་གཏན་ནས་མ་རེད།
革命军人个个要牢记
三大纪律八项注意
第一一切行动听指挥
步调一致才能得胜利
第二不拿群众一针线
群众对我拥护又喜欢
第三一切缴获要归公
努力减轻人民的负担
三大纪律我们要做到
八项注意切莫忘记了
第一说话态度要和好
尊重群众不要耍骄傲
第二买卖价钱要公平
公买公卖不许逞霸道
第三借人东西用过了
当面归还切莫遗失掉
第四若把东西损坏了
照价赔偿不差半分毫
第五不许打人和骂人
军阀作风坚决克服掉
第六爱护群众的庄稼
行军作战处处注意到
第七不许调戏妇女们
流氓习气坚决要初掉
第八不许虐待俘虏兵
不许打骂不许搜腰包
遵守纪律人人要自觉
互相监督切莫违反了
革命纪律条条要记清
人民战士处处爱人民
保卫祖国永远向前进
全国人民拥护又欢迎
ངེས་པར་དུ