རྔ་བ་རྒྱལ་ཁམས་པ།
དེང་སང་། ང་ལ་ཆུ་ཚོད་ཕྱེད་ཀར་གོང་གཉིད་རྒྱག་པའི་གོམས་གཤིས་ཤིག་ཆགས་སོང་།
གྲོས་ཇ་འཐུང་རྗེས། ནུབ་ངོས་ཀྱི་ཁུ་སིམ་སིམ་གྱི་ཀུན་དགའ་ར་བའི་ནང་།
ནམ་རྒྱུན་ནས་ཀློག་སྤྲོ་བའི་དཔེ་ཆ་དག
སེམས་རྣལ་དུ་ཕབ་ནས་ཀློག་ཞོར།
དཀའ་སྣང་ཞིག་དང་ལྷན་མིག་གཉིས་ངང་གིས་ཟུམ།
དཔྱིད་དུས་ཀྱི་མཚར་སྡུག་དང་།
ཉི་དྲོད་ཀྱི་སྣང་བས་འཁྱིེད་པའི་ཕ་ཡུལ།
ཆེས་གནའ་སྔ་མོ་སྔ་མོ་ཞིག་ཡིན་སྣང་ལྟར།
རིམ་པས་སེམས་ངོགས་སུ་དྲངས།
མཐའ་བཞི་སྤངས་རིས་བསྐོར་བའི་ལྗང་མདོག་གི་ཕ་ཡུལ།
ནམ་མཁའ་ནི་སྔོ་ཞིང་དྭངས་ལ། སྤྲིན་པ་ནི་དཀར་ཞིང་གཙང་།
ཚོན་ལྡན་མེ་ཏོག་གིས་བརྒྱན་པའི་མདུན་ཐད་ཀྱི་སྤང་རི་དམའ་མོ་དེ་དང་།
དེའི་སྒང་གི་ལབ་ཙེ་ཆུང་ངུ་དེ་སྐྱ་ལང་ངེར།
ཤ་སྦྲང་གིས་གཙེས་པའི་རྟ་ནོར་དག་ནི་ནག་ཐར་ཐར་བྱེད།
བྱ་འདབ་ནས་གྲགས་ཡོང་བའི་ཁང་བྱེའུ་དང་།
རྒྱབ་ངོས་ཀྱི་རི་བྱ་དག་གི་སྐད་ལས་གྲགས་འགུལ་གཞན་ཅི་ཡང་མི་འདུག
འཇམ་ཐང་ཐང་། ལྡུམ་རའི་ནང་གི་ཀུར་གུམ་དང་ཧ་ལོའི་མེ་ཏོག་སོགས།
ང་གཉིད་འགྲོ་བ་ནང་བཞིན། མཐའ་སྐྱོར་གྱི་དབྱིག་པ་རེངས་པོ་དག་ལ་སྔས་ནས་ངལ་གསོས་འདུག
ཨ་མ་དྲིན་ཆེན་མའི་འོ་ཟངས་ཀྱི་ནང་།
ལག་པ་བརྒྱབས་ནས་འོ་སྤྲིས་ཁམ་འགའ་ཟོས་རྗེས།
རྒྱང་ཤེལ་ཆག་པོ་དེ་དང་། རི་རྩྭ་གསར་བའི་ཞྭ་དེ་གོན་ནས།
མེ་ཏོག་ཁྲ་མར་ཟ་ཟི་བྱེད་པའི་རྒྱབ་རི་གླང་ཆེན་གྱི་རྣ་སྒྱོགས་འདྲ་བ་དེའི་སྟེང་དུ་བུད།
ལྷབ་ལྷིབ་འཕུར་བཞིན་པའི་ཕྱེ་མ་ལེབ་དག་གི་དབུས་ནས།
ཕྱོགས་བཞིར་བལྟས། ཁྱིམ་མཚེས་དག་གིས་དྲོས་ཇ་སྐོལ་བཞིན་པའི་དུ་དཀར་ལྷོག་ལྷོག་ཏུ་འཕྱུར་བ་མཐོང་།
དུད་དྲི་འཇམ་པོ་རྣ་ལམ་དུ་ཚོར།
ལྷམ་མགོ་ཕུད་ནས་བསིལ་ཞིང་འཇམ་པའི་སྤང་ཐོག་ཏུ་ཕར་འགྲོ་ཚུར་འགྲོ་བྱས།
གན་རྐྱལ་དུ་ཉལ་ནས་མེ་ལོང་ལྟ་བུའི་ནམ་མཁར་ཡུན་རིང་ཞིག་ལ་བལྟས།
བྱ་ཆུང་ལ་ཡག་རྣམས་ཕྲེང་བསྟར་ནས་ཤར་ཕྱོགས་སུ་ཡང་ཡང་འཕུར་འགྲོ་བ་མཐོང་ཞིང་།
རྩྭ་རྩི་ཤིང་དང་། མེ་ཏོག་སྣ་ཚོགས་པའི་ལྷན་སྐྱེས་ཀྱི་དྲི་མ་ཞིམ་པོ།
སྣ་བས་ཚོར་ཞིང་བྱ་བྱེའུའི་སྐད་དང་སྦྲང་མའི་གཤོག་སྒྲ་སྙན་མོ་ཡིད་གར་འོང་།
སྐབས་དེར་རི་གྲིབ་གུག་བཞིན་འདུག་མོད།
ང་ནི་བསམ་གཞིགས་མེད་པའི་པའི་རང་ཉམས་ཀྱི་ཚོར་བ་སྐྱིད་པོ་དེའི་ནང་གཉིད་དུ་ཡུར།
ཟུར་ཞུ། བྱིས་དུས་ཀྱི་ཚོར་བྲིས་འདིར་ཕལ་སྐད་རེ་ཟུང་ཤོར་སོང་བར་དགོངས་འགལ་མེད་པར་ཞུ། ༦་༥་༡༠ ནུབ་རང་ཁྱིམ་དུ།
འདས་པའི་ཁྱིམ་གྱི་ལོ་རྒྱུས་དྲིས་མྱོང་མེད། །
མ་འོངས་ཁྱིམ་གྱི་བདག་པོར་བསམ་མྱོང་མེད། །
ད་ལྟའི་ཁྱིམ་གྱི་གནས་སྟངས་བསྟས་མྱོང་མེད། །
འདི་དག་བྱིས་དུས་ཚོར་བ་སྐྱིད་པོ་གསུམ། །