གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་།
ངའི་མིང་ལ་དབྱངས་ཅན་མཚོ་ཟེར། ངའི་ཕ་ཡུལ་ཁམས་བྲག་མགོ་རེད། ང་ད་ལྟ་དབྱིན་ཇིའི་རྒྱལ་ས་ལོན་ཏྲོན་ལ་བསྡད་ཡོད། ངའི་བཟའ་ཟླ་ཨ་མདོ་ནས་རེད། ངེད་གཉིས་ལ་བུ་མོ་ལོ་བཞི་ལོན་པ་ཞིག་དང་བུ་ལོ་གཅིག་ལོན་པ་ཞིག་ཡོད། ཕྱི་བཞུགས་བོད་པའི་ཕ་མ་མང་པོས་ནང་ཁུལ་ལ་ཁ་བརྡ་བྱེད་སྐབས་ཧིན་སྐད་དང་བོད་སྐད་སྦྲགས། དབྱིན་སྐད་དང་བོད་སྐད་སྦྲགས་ནས་བོད་སྐད་གཙང་མ་བཤད་མཁན་ཉུང་ཉུང་ཡིན་པའི་སྣང་ཚུལ་འདི་སྔོན་མ་ཞིག་ནས་ཡོད། དེར་བརྟེན་ངའི་སེམས་ལ་རང་གི་མ་འོངས་པའི་ཁྱོ་ག་དང་བྱིས་པ་ལ་བོད་སྐད་གཙང་མ་བཤད་དགོས་པར་དྲན་མྱོང་།
ངའི་བུ་མོ་བཙས་ནས་ད་བར་ལོ་བཞི་ཡི་རིང་ལ་ང་རང་གིས་བྱིས་པ་གཉོར་སྐྱོང་བྱས་པའི་བསམ་བློའི་བརྒྱུད་རིམ་དང་བྱེད་ཐབས་ལག་ལེན་གྱི་སྐོར་ནས་མདོར་བསྡུས་ཤིག་བཤད་རྒྱུ་ཡིན། ཕ་མ་ནི་བྱིས་པའི་མིག་ལྟོས་བྱེད་ཡུལ་གཙོ་བོ་དེ་ཡིན་དུས་ཕ་མས་བྱིས་པ་ལ་མིག་དཔེ་བཟང་བོ་ཞིག་འཇོག་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་པར་སྙམ་སྟེ། ང་རང་ཉིད་ལ་མངལ་འཁོར་བ་ནས་བཟུང་ངས་ཁྱོ་ག་དང་ལྷན་དུ་བོད་སྐད་གཙང་མ་བཤད་མགོ་བཙུགས་པ་ཡིན། སྐབས་དེར་ངེད་གཉིས་ཀྱི་སྐད་ཆའི་ནང་དུའང་དབྱིན་ཇའི་ཐ་སྙད་མང་བོ་ཡོད་པ་ཧ་གོ་སོང་། དེ་ནས་ངེད་གཉིས་ཀྱིས་ཕན་ཚུན་ལ་དྲན་སྐུལ་དང་རོགས་རམ་བྱས་ཏེ་ཁ་བརྡ་བྱེད་དུས་སྦྲགས་སྐད་ཁྱོན་ནས་ཤོར་དུ་མ་བཅུགས་པ་དང་རང་ཁྱིམ་ནས་བོད་སྐད་གཙང་མ་བཤད་པ་ཡིན། ད་ལྟ་ངའི་བུ་མོས་བོད་སྐད་བཤད་པ་ཧ་ཅང་གཙང་མ་ཡིན།
བྱིས་པ་ལད་ཟློས་ལ་དགའ། ལད་ཟློས་བྱེད་ཡུལ་གཙོ་བོ་དེ་ཕ་མ་གཉིས་རེད། དེར་བརྟེན་ངས་བྱིས་པ་བང་དུ་ཡོད་དུས་ནས་བོད་གཞས་བཏང་སྟེ་བྱིས་པ་ལ་བག་ཆགས་འཇོག་ཐབས་བྱས་པ་ཡིན། བྱིས་པ་ཆུང་ཆུང་ལ་རན་པའི་བོད་གཞས་མང་བོ་མེད་རྐྱེན། ཕྱི་རྒྱལ་གྱི་བྱིས་གཞས་གོ་སླ་ལ་སྙིང་རྗེ་བ་དེ་ཚོ་བོད་སྐད་དུ་བསྒྱུར་ཏེ་བླངས་པ་ཡིན།
ངས་བུ་མོར་བྱིས་གཞས་མང་བོ་གཏོང་དགོས་པའི་རྒྱུ་མཚན་ནི། བྱིས་གཞས་བརྒྱུད་ནས་ཐ་སྙད་མང་བོ་ངོ་སྤྲོད་བྱེད་པ། གླུ་གཞས་ནི་རིག་གཞུང་གི་ཆ་ཤས་ཤིག་ཡིན་པ། གཞས་དང་རོལ་དབྱངས་ལ་མི་སེམས་གསོ་བའི་ནུས་པ་ཡོད་པ་སོགས་ཀྱིས་ཡིན། ངེད་ཚང་སྡོད་སར་བོད་པའི་ཁྱིམ་ཚང་ཁ་ཤས་ཡོད། ང་ཚོའི་ཁྱིམ་ཚང་ཚོར་ལོ་ཚོད་མཉམ་པའི་བྱིས་པ་རེ་རེ་ཡོད། ང་ཚོ་ཕ་མ་དག་རྒྱུན་དུ་འཛོམས་ནས་བྱིས་པ་གཉོར་སྐྱོང་བྱེད་ཐབས་སྐོར་ལ་བསམ་ཚུལ་རྗེ་རེས་བྱས་ཏེ་ཕན་ཚུན་གྱི་ཉམས་མྱོང་སྤེལ་རེས་བྱེད་ཀྱི་ཡོད། བྱིས་པ་གཅིག་གི་ཨ་མ་ཞབས་བྲོ་འཁྲབ་པ་ལ་ཧ་ཅང་མཁས་པོ་ཡོད་པ་རེད། སྐབས་སྐབས་སུ་བྱིས་པ་ཚོ་ལ་བོད་ལྭ་གྱོན་དུ་བཅུགས་ཏེ་མོས་ཞབས་བྲོ་བསླབ་གྱི་ཡོད། འདི་ཡང་བོད་པའི་རིག་གཞུང་གི་ཆ་ཤས་ཤིག་ཡིན་པ་དང་དེ་བྱིས་པ་ཚོའི་སེམས་རྒྱུད་ལ་འཇགས་དགོས་པའི་རྒྱུ་མཚན་གྱིས་རེད།
ད་ལྟ་ང་ཚོའི་བྱིས་པ་ཚོ་བོད་ལྭ་གྱོན་པར་དགའ་བོ་ཡོད་པ་མ་ཟད་བོད་ཀྱི་ཞབས་བྲོ་འཁྲབ་པར་བྲོ་བོ་ཡོད་པའི་གོམས་གཤིས་ཤིག་ཆགས་འདུག ང་ཚོ་བོད་པར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་ནི་ཡ་རབས་སྤྱོད་བཟང་དང་བྱམས་སྙིང་རྗེ་རེད། ཁྱད་ཆོས་འདི་བྱིས་པའི་སེམས་རྒྱུད་ལ་འཇགས་ཐབས་བྱེད་དགོས་པ་དེ་ཕ་མའི་ལས་འགན་གཙོ་བོ་ལ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་རང་ཉིད་ཀྱིས་ལག་བསྟར་བྱེད་བཞིན་ཡོད་པའི་བྱེད་ཐབས་ཀྱི་དཔེ་མཚོནའགའ་བཤད་ན་འདི་ལྟར། བྱིས་པའི་ཁོར་ཡུག་ནས་ནམ་ཡིན་ཡང་རང་གི་ལུས་ངག་གི་སྤྱོད་པ་གཟབ་ནན་བྱས་ཏེ་ཡ་རབས་སྤྱོད་བཟང་བྱེད་ཀྱི་ཡོད། ལམ་ལ་ཉལ་བའི་སྤྲང་བོ་རེ་མཐོང་དུས་”མི་དེ་སྙིང་རྗེ་ལྟོགས་ཀྱི་ཡོད་པ་རེད” ཅེས་ལབ་ནས་བུ་མོའི་ལག་ཏུ་སྒོར་རྡོག་འགའ་རེ་བཞག་སྟེ་སྤྲང་བོ་ལ་སྦྱིན་གཏོང་གི་འདུ་ཤེས་སྐྱེད་དུ་འཇུག་གི་ཡོད།ལམ་ཁ་ནས་འབུ་ཆུང་ཆུང་རེ་ཉི་མས་སྲེག་གི་ཡོད་པ་མཐོང་དུས “འབུ་འདི་སྙིང་རྗེ” ལབ་སྟེ་སྲོག་ལྡན་གྱི་སེམས་ཅན་ཐམས་ཅད་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་མཁན་ཡིན་པའི་གནས་ལུགས་ཤེས་སུ་འཇུག་གི་ཡོད། ད་ལྟ་ངའི་བུ་མོས་འབུ་ཆུང་ཆུང་ཞིག་མཐོང་ན་སྙིང་རྗེ་ཞེས་པ་འདི་ཁ་ནང་རང་བཞིན་གྱིས་ཡོང་གི་འདུག
བོད་ཕྲུག་རྣལ་མ་གསོ་སྐྱོང་བྱེད་པ་ལ་བོད་སྐད་བཤད་ཤེས་པ་ཙམ་གྱིས་མི་འགྲིག་པར་བོད་ཡིག་ངེས་པར་ཤེས་དགོས་པར་སེམས་ཏེ། རི་མོ་ཡོད་པའི་བོད་ཡིག་གི་བྱིས་སྒྲུང་མཐོང་ཚད་ཚང་མ་ཉོས་པ་ཡིན། ཕྱི་རྒྱལ་གྱི་བྱིས་དེབ་རི་མོ་ཅན་ཡག་པོ་མང་བོ་ཉོས་ཏེ། རི་མོའི་འོག་ཏུ་བོད་ཡིག་བྲིས་པ་ཡིན། དེ་ནས་བྱིས་པ་མལ་འཇོག་དུས་ནུབ་རྟག་པར་དེབ་རེ་བཀླགས་པ་ཡིན། ངའི་བུ་མོ་ལོ་གཉིས་ཡིན་དུས་ནས་གསལ་བྱེད་སུམ་ཅུ་དང་འབྲེལ་བའི་ཐ་སྙད་མང་བོ་ངོས་ཟིན་སོང་། ངས་མོ་ལ་དང་པོ་ཀ་ཁ་བསླབ་པ་ཡིན། དེ་ནས་རི་མོ་ངོས་འཛིན་ཚུལ་བསླབ་པ་ཡིན། དེ་ནས་སྦྱོར་ཀློག་བྱེད་སྟངས་བསླབ་པ་ཡིན། ད་ལྟ་མིང་ཚིག་ལས་སླ་བོ་དེ་ཚོ་མོ་རང་གིས་སྦྱོར་ཀློག་ཐུབ་གྱི་འདུག་པ་མ་ཟད་དཔེ་དེབ་ལ་ཧ་ཅང་སྤྲོ་བ་ཡོད་མཁན་ཞིག་ཏུ་གྱུར་སོང་།
སྐད་དང་ཡི་གེ་སོགས་ག་རེ་བསླབ་པ་ཡིན་ན། བྱིས་པའི་དགའ་ཕྱོགས་ལྟར་རྩེད་ཞོར་དུ་བསླབ་དགོས་པ་གནད་འགག་ཡིན་པའི་ཉམས་མྱོང་བྱུང་། ངའི་བུ་མོ་ནི་ཟས་རིགས་ལ་ཧ་ཅང་དོ་སྣང་ཡོད་མཁན་ཞིག་རེད། ངས་བྱང་བུ་མང་བོ་བཟོས་ནས་བྱང་བུའི་སྟེང་དུ་ཟ་མ་འདྲ་མིན་གྱི་རི་མོ་བྲིས་ཏེ་ཐ་སྙད་ངོ་སྤྲོད་བྱས་པ་ཡིན། ཀ་ཁའི་བྱང་བུ་ནི་ཡི་གེ་འཁྲིད་ཐབས་ལ་ཆེས་ཡག་པའི་རྩེད་ཆས་ཤིག་རེད། སྐབས་སྐབས་སུ་ངས་ཡི་གེ་ཆེན་པོ་རེ་བྲིས་ཏེ། བུ་མོ་ལ་ཚོན་མདོག་བྱུགས་སུ་འཇུག་གི་ཡོད། བྱེད་ཐབས་འདི་ནི་བྱིས་པའི་སེམས་རྩེ་གཅིག་ཏུ་གནས་པའི་བློ་གཞན་དུ་མི་གཡེང་བ་ལ་ཕན་ཐོགས་འདུག
ད་དུང་བཤད་རྒྱུ་ཧ་ཅང་མང་བོ་འདུག་སྟེ་ད་ངས་བཤད་མཚམས་འཇོག་གི་ཡིན།ངས་གོང་དུ་བཤད་པའི་སྐད་ཆ་དེ་དག་ང་རང་གི་ཉམས་མྱོང་དང་ལག་ལེན་གྱི་མཚོན་དོན་ཙམ་ཡིན་པས་བོད་པའི་ཕ་མ་རེ་ཟུང་ལ་ཕན་པའི་རེ་བ་ཡོད། བཀའ་དྲིན་ཆེ།
གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གིས་སྤྱི་ལོ་ ༢༠༡༦ ལོའི་ཟླ་ ༡༢ པའི་ཚེས་ ༡༧ ཉིན། གཡག་རྒོད་བྱིས་སྒྲུང་གླིང་ནས་ཡིག་ཐོག་ཏུ་ཕབ་པའོ།
ཁྱེད་ཀྱི་ཕྲུ་གུས། དབུས་སྐད་ནི་མི་ཤེས་པ་ཐག་ཆོད། ད་ཁམས་སྐད་ཤེས་མ། ཨམ་སྐད་ཤེས། ཡང་ན་གསུམ་ག་ཤེས་སམ། ལགས།།
ཡག་པོ་རེད། བོད་སྐད་གཙང་མ་ཡིན་ན་ཆོལ་ཁ་གསུམ་གྱི་སྐད་གང་ཡིན་ནའང་འགྲིག་གི་རེད།
བོད་རིགས་སྤྱི་སྐད་ཅིག་བྱུང་ན། ཅི་མ་རུང་སྙམ་ནས་བསྡ་ཡོད་གདའ།
དེ་ལྟར་ན་ཁྱེད་ཀྱིས་རང་གི་བུ་མོ་བདེ་ནས་བདེ་བར་
བགྲོད་པའི་མ་ནོར་ལམ་བཟང་སྟེང་ལ་བཞག་འདུག
ཁྱེད་རང་བྱས་ཅན་དང་། བུ་མོ་ལས་ཅན་རེད།
ཨ་ཙི། ཁ་བརྡའི་ནང་མཆན་
གདབ་རྒྱུ་མཚམས་བཞག་ཟིན་མོད། དོན་སྙིང་
ཅན་གྱི་ཁ་བརྡ་འདི་འདྲ་གོ་ན། སེམས་
དགའ་ནས་ལག་པ་འཆོར་འགྲོ་གི
ང་ལ་ཡོད་པའི་ཨིན་ཇིའི་སུམ་རྟགས། ཨེ། ཡུ་ནི་ཝར་སི་ཊི། ཧེན་ཌེ་སྦུག་གི་ནང་ལ་འདི་ལྟར་བྲིས་འདུག
་
SVT 85′ Stiled level:Visitor should procced at once to the upper floor by way of the staircase
formal level: Visitors are requested to go up the stairs at once.
Neutral level:Would you mind going upstairs right away please.
Colloquial level: Now, time you all went upstairs.
Intimate level: Up you go, chaps.
Vulger level:Get up them bloody stairs.
་
འདི་དག་གི་དོན་དག་གང་ཡིན་ནམ། ཨིན་སྐད་ལ་འདི་འདྲའི་མང་པོ་འོངས་དགོས་དོན་གང་ཡིན་ནམ། ང་ཚོའི་བོད་སྐད་ལ་ཡང་་་་་ འདི་ལྟར་ཡོད་དམ་མེད། འདི་འདྲ་དགོས་སམ་མི་དགོས།
དངོས་གནས་རྗེས་སུ་ཡི་རངས་ཡོད། ཅི་བྱེད་ལ་མ་ཉན། ཅི་བྱས་ལ་ལྟོས་ཟེར་བ་འདི་འདྲ་རེད། ཁྱེད་བཟའ་མི་རྣམས་ཀྱི་བྱ་བ་ལམ་འགྲོ་ཡོང་བར་སྨོན།
ནོར་བཅོས། ཅི་བཤད།
ཕ་སྐད་ཡིན་ཕྱིན་གང་ཡིན་ཡང་བྱིས་པར་བསླབ་པ་དེ་དགའ་འོས་པ་ཞིག་རེད།
ཆོལ་ཁ་གསུམ་མ་ཟད་ཆོལ་ཁ་རེ་རེའི་ནང་དུ་ཡང་ལུང་ཚན་གྱི་སྐད་མི་འདྲ་བ་མང་བོ་ཡོད་རེད།
ཚང་མ་བསླབ་ཐུབ་པ་མེད་ཀྱང་བོད་ཡིག་བསླབ་ན་སྤྱི་སྐད་བསླབ་པ་རེད།
བོད་ཡིག་ལས་གཞན་བོད་ལ་སྤྱི་སྐད་ཡོད་མི་སྲིད། ་
ལུང་སྐད་ཕལ་ཆེར་ཁ་སྐད་ཡིན་པས་དགོས་མཁོ་ཆུང་།
བཤད་སྲོལ་ལ།
ལྷ་སའི་སྐད་དཔོན་སྐད་ཡིན།
གཙང་སྐད་མཁས་པའི་སྐད་ཡིན།
རྒྱང་རྩེའི་སྐད་སྤྲང་བོའི་སྐད་ཡིན་ཟེར།
ཡུལ་སྐད་མི་འདྲ་བ་དེ་ཚོ་བོད་ལྗོངས་མཚར་གཏམ་ཁག་ལ་ཉན་ན་ཤེས་ཐུབ།
སྐྱེས་མ་དབྱངས་ཅན་མཚོའི་ཕལ་ཆེ་བ་ཡི་གེ་དག་པོ་ཡིན་འདུག གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གིས་ཞུག་དག་བྱེད་པར་གྲོགས་བྱས་ཡོད་ངེས། ལུང་སྐད་གཙོར་བྱས་པ་ཁ་ཤས་མཐོང་། དེ་དག་ལས་གཙོ་ཆེ་བ་འགའ་ཞིག་གླེང་ན། གཉོར། ཞེས་པ་བོད་ཀྱི་མཁས་པས་བྲིས་པའི་དཔེ་ཆ་གང་ནའང་མ་མཐོང་། དེས་ན། གཉེར། ཞེས་པ་དེ། གཉོརལ་ཆགས།
ཡོད་པ་མ་ཟད་དང་། འདུག་པ་མ་ཟད། ཅེས་པའི་པ་ལ་རྗེས་འཇུག་ར་ཡིག་བྲིས་པ་དཔེ་ཆ་དག་པ་རྣམས་སུ་མཐོང་།
ངའི་ལུང་པར་ཡང་ཕལ་སྐད་དུ། ཡོང་ཞེས་ཀྱང་། བོད་མི་མངས་ཀྱི་སྐད་དུ། འོང་། ཞེས་འབྲི་ན་ཆོས་སྐད་དང་མཐུན། སྔོན་མ་ལོ་ངོ་༢༠་ཙམ་སྔོན་དུ། ཨ་རི་གྲོང་ཁྱེར་ཆེན་པོའི་ཟ་ཁང་ཞིག་ཏུ་ཁམས་སྡེ་དགེ་ནས་ཕེབས་པའི་མཁས་པ་ཞིག་གིས་ངའི་ལུང་སྐད་དུ། འོང་ཟེར་བ་མ་གཏོགས། ཡོང་མི་ཟེར་ཞེས་གསུངས་ཀྱང་། སྐྱེས་མ་དབྱངས་ཅན་མཚོའི་སྐད་ལ་དཔྱད་ན། ཁམས་ཀྱི་ཡུལ་གང་པོར་་ཡོང་ལ་འོང་། ཞེས་པ་མ་ཡིན་པར་ཤེས་སོ།