ནམ་མཁའ།
དང་པོ་གླེང་གཞི།
དུས་ཚོད་ཀྱི་འཁོར་འགྲོས་དང་བསྟུན་སྟེ། བྱིས་པའི་རྒྱུན་ཤེས་བང་མཛོད་ནང་དུ་བསམ་བློས་འགྲུལ་བཞུད་བྱས་ཏེ། དེབ་ཕྲེང་ཉེར་གཅིག་པ་དབང་རྩའི་རྒྱུད་རིམ་ནང་དུ་སླེབས་ཤིང་། འདི་ནི་གེ་སར་གླིང་སྒྲུང་དང་ཆུ་ངོགས་གཏམ་རྒྱུད་ཀྱི་རྟོག་སྒྲུང་ཞིག་གི་ནང་དུ་མིག་ཟུང་གིས་ལྟད་མོ་བལྟས་པ་ལྟ་བུ་ཞིག་མ་ཡིན་པར། ཤེས་རབ་ཀྱི་རལ་གྲིས་བསྲེགས་བཅད་བརྡར་གསུམ་བྱས་བའི་ཤེས་བྱའི་མེ་ཏོག་གི་ལྡུམ་ར་ཆེན་པོ་ཞིག་གི་ནང་དུ་བསམ་བློས་འགྲུལ་བཞུད་རིང་མོ་ཞིག་རེད། དེ་ནི་ཤེས་རབ་ཀྱི་སྦྲང་མ་ཆུང་ཆུང་ཞིག་མེ་ཏོག་གི་གླིང་གའི་ནང་དུ་འགྲུལ་བཞུད་བྱས་པ་ལྟར། ཁྱེད་རང་གི་ཤེས་རབ་ཀྱི་བློ་དེ་ཐེ་ཚོམ་གྱི་ངང་ནས་འགྲུལ་བཞུད་བྱས་ཚེ། ཕྱི་སྣོད་ཀྱི་འཇིག་རྟེན་ས་གཞི་ཆེན་མོར་འགྲུལ་བཞུད་བྱས་པ་དང་མི་འདྲ་བར། ཆེས་ཤིན་ཏུ་རྫོགས་མཐའ་མེད་པའི་རིག་པའི་རྟ་མཆོག་ལ་ཞོན་ཏེ་སེམས་ཀྱི་འཇིག་རྟེན་ལ་ལྟད་མོ་བལྟ་རྒྱུ་དེ་རེད། གལ་སྲིད་ཁྱེད་རང་ས་གཞི་ཆེན་མོའི་གོ་ལ་རིལ་མོ་ལ་ལྟད་མོ་ཕེབས་འདོད་ཚེ། དེ་ནི་རྫོགས་མཐའ་མེད་པ་ཞིག་མ་ཡིན་པར་ཤར་ནུབ་ཡོངས་ལ་ལྟ་སྐོར་བྱེད་ཐུབ།
དེ་ལྟ་ན་ཡང་། མཐའ་མེད་པའི་ནམ་མཁའི་དབྱིངས་ཀྱི་སྐར་མའི་གྲོང་ཁྱེར་ལ་འགྲུལ་བཞུད་བྱེད་པ་བཞིན།རང་ལུས་འདོམ་གང་གི་སེམས་ཀྱི་འཇིག་རྟེན་ལ་འགྲུལ་བཞུད་བྱེད་རྒྱུ་ནི། ཁྱེད་རང་གི་མི་ཚེ་གཅིག་ལ་ཡང་རྫོགས་ཐབས་མེད་པ་ཞིག་ཡིན། མ་ཟད་ཆེས་ཤིན་ཏུ་གཏིང་ཟབ་ཅིང་རྙོག་འཛིངས་ཅན་ཞིག་ཀྱང་རེད། ཡིན་ན་ཡང་། རྒྱ་ནག་དམར་ཤོག་གིས་ཀླད་པ་ཁྲུས་ཏེ་བོད་རང་གི་རིག་གཞུང་རྗེས་ལུས་དང་རྨོངས་དད་དུ་འདོད་མཁན་ཚོས། རང་གི་སྤྱི་གཙུགས་ནས་རྐང་མཐིལ་བར་དུ་མི་ཚེ་གཅིག་ལ་ཡང་རྫོགས་མཐའ་མེད་པའི་བསམ་བློས་འགྲུལ་བཞུད་ཞིག་རེད་ཅེས་བཤད་ཚེ། ཁོ་རང་ཚོ་གད་མོ་ཤོར་བའི་ཡུལ་ཡིན་ངེས་རེད། འོན་ཏེ། ཁོ་རང་ཚོའི་སེམས་ཁོང་གི་དགའ་སྡུག་ཆགས་སྡང་བྱུང་བའི་རྒྱུད་རིམ་ཙམ་ཡང་བསམ་བློ་གཏོང་མི་ཤེས། དེས་རྒྱུ་མཚན་ནི། ཁོ་རང་ཚོའི་སྤྱི་གཙུགས་ནས་རྐང་མཐིལ་བར་དུ་སྐར་ལྔའི་དར་དམར་གྱིས་གཡོགས་སྟེ། སེམས་ཀྱི་འཇིག་རྟེན་ལ་ལྟད་མོ་ལྟས་མ་མྱོང་པས་རྐྱེན་གྱིས་རེད། ཁོ་རང་ཚོ་ནི་གཡོ་སྒྱུ་དང་རྫུན་གྱི་གོང་བུ་ཞིག་གི་ནང་ནས་མ་ཐར་བར་ལུས་ནས་བསྡད་ཡོད་པས། རྗེས་ལུས་དང་རྨོངས་དད་བྱེད་མཁན་དངོས་དེ་ཁོ་རང་ཚོ་ཡིན།
གང་ལྟར་ཡང་། དེ་རིང་འདིར་ཕྲན་གྱིས་དོགས་དཔྱོད་ཕྲན་བུ་ཞིག་བྱེད་འདོད་པ་ནི། ཚན་རིག་པ་ཚོས་བཤད་པའི་དབང་རྩའི་ཚན་རིག་དང་། ནང་པའི་གཞུང་ནས་བཤད་པའི་དབང་རྩའི་ཚན་རིག་བར་གྱི་དོགས་སློང་ཞིག་སྟེ། རང་གི་ལུས་སྟེང་ནས་རྒྱུན་ཏུ་མྱོང་བཞིན་པའི་དབང་པོ་ལྔའི་བྱེད་ལས་སོགས་རེད། བོད་ཀྱི་སྒྲ་བསྒྱུར་ཉམས་ཞིབ་ཁང་གིས་བོད་བསྒྱུར་གནང་བའི་བྱིས་པའི་རྒྱུན་ཤེས་བང་མཛོད་ནང་དུ། ལྟད་མོ་ཕེབས་པའི་བྱེས་ཀྱི་གྲོགས་པོ་ཚོས་དེབ་ཕྲེང་ཉེར་གཅིག་པ་དབང་རྩ་ཞེས་བའི་དེབ་དེ་ཡང་བསྐྱར་ལག་ཏུ་བཟུང་སྟེ། རྫ་སྲས་བདེ་ཆེན་ལགས་ཀྱིས་བསྒྱུར་གནང་བའི་དྲན་ཤེས་ཟེར་བའི་ལེའུ་ཚན་དེར་གཟིགས་དང་། དེང་དུས་ཀྱི་དབང་རྩའི་ཚན་རིག་པ་ཚོས་བཤད་པའི་དྲན་ཤེས་ནི་ཅི་ཞིག་ཡིན་པ་བཤད་ཡོད། རྗེས་ནས་ཁྱེད་ཀྱིས་རང་གི་དྲན་ཤེས་སྐོར་ལ་བསམ་གཞིགས་བྱེད་ཞོར། རང་ལུས་འདོམ་གང་གི་སེམས་ཀྱི་འཇིག་རྟེན་ལ་འགྲུལ་བཞུད་བྱེད་མགོ་བརྩམས་དགོས།
དབང་རྩའི་ཚན་རིག་པ་ཚོས་བཤད་ཚུལ་ལྟར་ན། དབང་པོའི་དྲན་ཤེས་དང་། ལས་ཐོག་དྲན་ཤེས། རྒྱུན་བརྟན་དྲན་ཤེས་བཅས་དབྱེ་བ་མི་འདྲ་བ་གསུམ་ཕྱེ་ཡོད་ལ། དྲན་ཤེས་གསུམ་པོ་འདི་ནི་དྲན་ཤེས་གསོག་གཉར་བྱེད་སའི་ཁང་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱས་ཡོད། མ་ཟད་ད་རུང་ཤོག་ངོས་༣༤ནས་༣༥རུ་དང་པོ་དབང་པོའི་དྲན་ཤེས་ནས་གསུམ་པ་རྒྱུན་བརྟན་དྲན་ཤེས་བར་གྱི་བརྒྱུད་རིམ་བཤད་ཡོད་ལ། དབང་རྩའི་ཚན་རིག་པ་ཚོས་བཤད་པ་ལྟར། དྲན་ཤེས་རེ་རེ་ཡིས་གསོག་གཉར་བྱེད་སྟངས་ཡང་བཤད་ཡོད།
དེ་ལྟ་ན་ཡང་། ནང་པའི་གཞུང་ལུགས་ལ་སློབ་སྦྱོང་བྱས་མ་མྱོང་མཁན་ཞིག་གི་ངོས་ནས་ལྟས་ཚེ། དབང་རྩའི་ཚན་རིག་པ་ཚོས་བཤད་པ་ལ་མགོ་བོ་ནང་དུ་གུག་གུག་བྱས་ཏེ་བདེན་ཁ་སྦྱིན་ངེས་རེད། ཡིན་ན་ཡང་། ནང་པའི་གཞུང་ལུགས་ལ་སློབ་སྦྱོང་བྱས་མྱོང་མཁན་གྱི་མི་ཞིག་གིས་ལྟས་ཚེ། དེ་མ་ཐག་དོགས་པ་སྐྱེས་ངེས་ཡིན། དེ་མ་ཡིན་པའི་མིག་གིས་ལྟད་མོའི་ལྗོངས་རྒྱུ་ལ་འགྲོ་བ་ལྟར། རྟོག་སྒྲུང་ཀློག་པ་བཞིན་བྱིས་པའི་རྒྱུན་ཤེས་ཀློག་མཁན་ཚོའི་སེམས་སུ་དོགས་པ་འབྱུང་མི་སྲིད། གང་ལྟར་ཡང་། ཕྲན་གྱིས་བྱིས་པའི་རྒྱུན་ཤེས་བང་མཛོད་ཀློག་པའི་སྐབས་ཀྱི་དོགས་སློང་མ་བྲིས་སྔ་རོལ་དུ་བཤད་འདོད་པ་ཞིག་ལ། ཕྲན་གྱི་མི་ཚེ་ནང་ཕྲ་མཐོང་མེ་ཤེལ་ཙམ་ཡང་ལག་ཏུ་བཟུང་མ་མྱོང་བ་ཞིག་གིས། ཚན་རིག་པ་ཚོས་བཤད་པའི་དབང་རྩའི་ཚན་རིག་སྐོར་ལ་དོགས་སློང་བྱེད་པ་ནི་རྙོག་གཏམ་ཡིན་སྲིད་པས། དེང་དུས་ཀྱི་ཚན་རིག་ལ་བློ་ཁ་ཕྱོགས་བཞིན་པའི་བོད་ཀྱི་ན་གཞོན་ཚོས་འཕྱ་དམོད་བྱེད་ངེས་ཡིན་མོད། འོན་ཀྱང་ཁོ་རང་ཚོས་འཕྱ་དམོད་དེ་ནི་ཕྲན་གྱི་བློ་སྒོ་འབྱེད་པའི་གསེར་གྱི་ལྡེ་མིག་ཞིག་ཏུ་བརྩི་ངེས་ཡིན།
གཉིས་པ། དེང་དུས་དབང་རྩའི་ཚན་རིག་གི་ལྟ་བ་ལ་དོགས་སློང་།
དང་པོ་ནང་པའི་གཞུང་ལུགས་ལྟར་གྱི་དབང་ཤེས་དང་ཡིད་ཤེས་ཟེར་བའི་ཤེས་པ་འདི་གཉིས་ཀྱི་ཁྱད་པར་ཤེས་དགོས། ཅི་ཞིག་ལ་དབང་ཤེས་དང་ཡིད་ཤེས་ཞེས་ཐ་སྙད་མི་འདྲ་བ་གཉིས་བཏགས་པ་ཡིན་ནམ། དྲི་བ་འདི་ནི་དེ་རིང་གི་སྐབས་སུ་བབ་པའི་ཡིག་འབྲུ་འདི་ཚོའི་བརྗོད་བྱ་གཙོ་བོ་ཞིག་རེད། དེ་ལྟར་ན། ཤེས་པ་འདི་གཉིས་ཀྱི་ཁྱད་པར་འབྱེད་པ་ལ་ཚད་མ་ཀུན་བཏུས་ལས། ཐུན་མོང་མིན་པའི་རྒྱུ་ཡི་ཕྱིར།།
དེ་ཡི་ཐ་སྙད་དབང་པོས་བྱས།།
དེར་དོན་དུ་མས་བསྐྱེད་པའི་ཕྱིར།།
རང་དོན་སྤྱི་ཡི་སྤྱོད་ཡུལ་ཅན།།
དུ་མའི་ངོ་བོའི་ཆོས་ཅན་ནི།།
དབང་པོ་ལས་རྟོགས་སྲིད་མ་ཡིན།།
རང་རང་རིག་བྱ་ཐ་སྙད་ཀྱིས།།
བསྟན་མིན་ངོ་བོ་དབང་པོའི་ཡུལ།།
ཡིད་ཀྱང་དོན་དང་ཆགས་ལ་སོགས།།
ཞེས་ཚིགས་རྐང་དང་པོ་རུ་དེ་གཉིས་ཀྱི་ཁྱད་པར་ནི་ཐུན་མོང་མ་ཡིན་པའི་བདག་རྐྱེན་གྱི་སྒོ་ནས་འབྱེད་པར་གསུངས་ཤིང་། ཐུན་མོང་མ་ཡིན་པའི་བདག་རྐྱེན་དེ་ཡང་མིག་སོགས་དབང་པོ་ལྔའི་ཤེས་པ་མིག་སོགས་རང་གི་་དབང་པོ་གཟུགས་ཅན་པ་ལ་རྟེན་ནས་སྐྱེས་པས་དབང་ཤེས་ཞེས་བཏགས་པ་ཡིན་ལ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་ཀྱི་དབང་པོ་ལ་རྟེན་ནས་སྐྱེས་བའི་ཤེས་པ་ལ་ཡིད་ཤེས་ཞེས་ཟེར། འོ་ན་དབང་རྩའི་ཚན་རིག་པ་ཚོས་བཤད་པ་ལ་འགལ་ཟླ་ཅི་ཞིག་ཡོད་དམ་སྙམ་སྲིད། དེ་ནི་འདི་ལྟ་སྟེ། དབང་རྩའི་ཚན་རིག་པ་ཚོས་དབང་པོའི་དྲན་ཤེས་ཞེས་ཐ་སྙད་ཅིག་བཏགས་ཡོད་པ་མ་ཟད། ༼དེ་ཡང་༼བྱིས་པའི་རྒྱུན་ཤེས་ལས། དྲན་ཤེས་རིགས་དང་པོ་ནི་དབང་པོའི་དྲན་ཤེས་རེད་ལ། དྲན་ཤེས་འདིའི་ནང་དུ་ང་ཚོས་ད་ལྟ་ཚོར་བཞིན་པ་ཐམས་ཅད་གསོག་གཉར་བྱེད་ཀྱི་ཡོད། དཔེར་ན་ད་ལྟ་ཕལ་ཆེར་ཁྱེད་ཀྱིས་གདོང་པ་ལ་ཉི་འོད་ཕོག་པའམ། ཁ་ཟས་ཀྱི་དྲི་ངད་ཚོར་གྱིན་པ་ལྟ་བུ་རེད། དབང་པོའི་དྲན་ཤེས་ནི་སྐར་ཆ་འགའ་ཤས་ལས་མི་གནས་ནའང་། དེས་སྐད་ཅིག་གཅིག་ནས་སྐད་ཅིག་རྗེས་མ་ལ་འབྲེལ་མཐུད་པ་རེད། དྲན་ཤེས་དེ་མགྱོགས་པོར་ཉམས་འགྲོ་ནའང་། དེས་ང་ཚོའི་མི་ཚེ་ནང་དྲན་ཤེས་ཀྱི་རྒྱུན་ཞིག་སྤྲོད་ཀྱི་ཡོད།༽ཞེས་དབང་ཤེས་ལ་ཡང་དྲན་ཤེས་ཅིག་ཡོད་པར་བཤད་ཡོད།
དེ་ལྟར་ན། ནང་པའི་གཞུང་ནས་གསུངས་བའི་དྲན་ཤེས་ནི་ཅི་ཞིག་ཡིན་ནམ། དེས་ན་དབང་རྩའི་ཚན་རིག་པ་ཚོས་བཤད་པའི་དབང་ཤེས་ལ་ཡང་དྲན་ཤེས་ཅིག་ཡོད་པར་བཤད་པ་ལ། ནང་པའི་གཞུང་ལུགས་བར་འགལ་ཟླ་ཅི་ཞིག་ཡོད་དམ་ཟེར་ན། ནང་པའི་གཞུང་ལུགས་ལྟར་ན་དབང་ཤེས་ནི་མངོན་སུམ་གྱི་ཤེས་པ་ཞིག་ཡིན་དགོས་ཞིང་། དྲན་ཤེས་ནི་ཡིད་བློ་སྟེ་རྟོག་བཅས་ཀྱི་ཤེས་པ་ཞིག་ཡིན་དགོས་པ་དེ་རེད། དཔེར་མཚོན་སྟབས་བདེ་ཞིག་གི་སྒོ་ནས་བཤད་ན། ང་ཚོ་ཕ་ཡུལ་དང་ཁ་བྲལ་ཏེ་ལོ་ཟླ་རིང་མོ་ཞིག་ཕྱིན་ཡོད་ན་ཡང་། ཁྱེད་རང་གིས་ཕ་ཡུལ་དྲན་དུས་སུ་ཁྱེད་ཀྱི་སེམས་སུ་ཕ་ཡུལ་གྱི་གྲོང་སྡེ་དང་རི་ཆུ་ལུང་པ་སོགས་ཡིད་ལ་གསལ་བོར་ཤར་བའི་སྐབས། ཁྱེད་ཀྱི་མིག་མདུན་དུ་ཕ་ཡུལ་གྱི་ཡུལ་ལྗོངས་མེད་ན་ཡང་། ཁྱེད་ཀྱི་ཡིད་དུ་ཕ་ཡུལ་གྱི་ཡུལ་ལྗོངས་གསལ་བོ་ཤར་བའི་ཡིད་ཀྱི་རྟོག་བཅས་ཀྱི་བློ་ལ་ཤར་བ་དེ་ནི་དྲན་ཤེས་ཟེར་བ་དེ་ཡིན།
དེ་ལས་ཀྱང་ཐག་ཉེ་རུ་བཏང་སྟེ་བཤད་ན། ཁྱེད་རང་གིས་མེ་ཏོག་ལྡུམ་ར་ཞིག་གི་ནང་དུ་མེ་ཏོག་སྣ་མང་ལ་བལྟ་བཞིན་པའི་སྐབས། ཁྱེད་ཀྱི་མིག་ཤེས་ལ་མཛེས་སྡུག་ལྡན་པའི་མེ་ཏོག་མང་པོ་ཞིག་ཤར་སྲིད། དེ་ནི་མངོན་སུམ་གྱི་དབང་ཤེས་ལ་ཤར་བའི་ཕྱིའི་གཟུགས་བརྙན་ཙམ་ཡིན། དེ་ལྟ་ན་ཡང་། སྐབས་དེར་ཁྱེད་ཀྱིས་མིག་བཙུམ་པའི་ཚེ་ཁྱེད་རང་གི་མིག་ཤེས་དེ་འགག་སོང་ན་ཡང་། ཁྱེད་རང་གི་ཡིད་ལ་མདུན་གྱི་མེ་ཏོག་སྣ་མང་གི་གཟུགས་བརྙན་ཆ་ཚང་ཤར་གྱི་ཡོད། དེ་ནི་ནང་པའི་གཞུང་ལུགས་སུ་གསུངས་བའི་དྲན་ཤེས་ཟེར་བ་དེ་ཡིན་ལ། དྲན་ཤེས་དེ་ནི་རྟོག་བཅས་ཀྱི་བློ་ཞིག་ཡིན། དེས་རྐྱེན་དབང་ཤེས་གང་ཡིན་ཡང་དེ་ལ་དྲན་ཤེས་དང་འདུ་ཤེས་ཟེར་བ་སོགས་ཡོད་པར་མི་བཞེད་ལ། མ་ཟད་ཁྱེད་རང་གིས་མེ་ཏོག་གི་ཁ་ཏོག་གི་སྤུ་རུས་འབྱེད་པའི་བློ་དེ་ཡང་ཡིད་བློ་ཡིན་པ་ལས། དབང་ཤེས་ཞིག་མིན། དཔེར་ན། མེ་ཏོག་འདི་ནི་དཀར་པོ་དང་དམར་པོ་ཞེས་ཁ་ཏོག་གི་དབྱེ་བ་འབྱེད་པ་ཡང་ཡིད་བློ་ཞིག་གིས་འབྱེད་ཀྱི་ཡོད། གལ་སྲིད་དེ་ལྟར་མིན་ཚེ་ཁྱེད་རང་མེ་ཏོག་ལྡུམ་ར་ཞིག་གི་ནང་དུ་ཡོད་ན་ཡང་། ཁྱེད་ཀྱི་སེམས་མེ་ཏོག་ཕྱོགས་སུ་མ་གཏད་པར་ཡུལ་གཞན་ཞིག་ཏུ་གཏད་ཡོད་ཚེ། ཁྱེད་རང་གི་མིག་མདུན་གྱི་མེ་ཏོག་གི་མཛེས་སྡུག་དང་ཁ་ཏོག་སོགས་ངོས་འཛིན་བྱེད་མི་ཐུབ། རྒྱུ་མཚན་འདི་འདྲ་མང་པོ་ཞིག་ལ་རྟེན་ནས་མིག་སོགས་དབང་པོ་ལྔའི་ཤེས་པ་ཐམས་ཅད་ལ། མེ་ལོང་ངོས་སུ་གཟུགས་འཆར་བ་ལྟར་ཡུལ་གྱི་གཟུགས་བརྙན་སྣང་བ་ཙམ་ཞིག་ལས། དབང་ཤེས་དེའི་ཡུལ་གྱི་ཁྱད་ཆོས་སོགས་ངོས་འཛིན་བྱེད་མི་ཐུབ།
གང་ལྟར་ཡང་། བོད་ཀྱི་གཏམ་དཔེ་ཞིག་དྲངས་ཏེ་རྩོམ་ཐུང་འདིའི་མཇུག་བསྡུ་རྒྱུ་ཡིན། ང་ཚོའི་བོད་ཀྱི་གཏམ་དཔེ་ཞིག་སྟེ། སེམས་འགོ་རུབ་ན། མིག་གིས་མི་མཐོང་ཟེར་བ་ལྟར། གཏམ་དཔེ་འདིས་རང་གི་སེམས་དེ་མིག་གི་དབང་པོའི་ཡུལ་དེ་ལ་མ་གཏད་ཚེ། མིག་མདུན་གྱི་ཡུལ་དེ་ མིག་དབང་ལ་སྣང་ཡང་མ་མཐོང་བ་ལྟར་ངོས་འཛིན་བྱེད་མི་ཐུབ་པ་བཤད་ཡོད། ཚད་མ་རྣམ་འགྲེལ་དུ་ཡང་སྣང་ལ་མ་ངེས་བའི་བློ་ཞིག་འཇོག་པ་ལྟར་རེད།
རྣ་དབང་མཁྲེགས་ཞིང་སེམས་པ་རྡོ་ལྟར་གྱུར་བའི་དགེ་བཤེས་ཚོར། རིག་པའི་དབྱུག་པ་ཞིག་གིས་ཕན་སེམས་ཀྱི་རྔ་བོ་ཆེ་ལ་རྡུང་གི་འདོད་པ་ཞིག་ལ། རྟོག་པ་དང་རྟོག་མེད་ཀྱི་ཁྱད་པར་འདི་རྙོག་འཛིངས་ཅན་ཞིག་ཡིན་མོད། འོན་ཀྱང་ཁྱེད་ཀྱིས་ནང་པའི་གཞུང་ལུགས་མང་པོར་ལྟ་ཀློག་བྱས་ཏེ། གཞུང་ལུགས་དག་ན་ཅི་ཞིག་གསུངས་པ་རྣམས་འཚོ་བ་དངོས་ལ་སྦྱར་ཤེས་དགོས། དེ་མིན་དེང་སང་གི་དགེ་བཤེས་ལྷ་རམས་པ་དང་སློབ་དཔོན་ལ་སོགས་ཀྱི་མིང་ཡོད་པའི་ཤོག་བུའི་དགེ་བཤེས་མང་པོ་ཞིག་གིས། རང་གི་རྩོད་གཞུང་དང་ཡིག་ཆ་ལས་བརྒལ་བའི་ཚེ། མཚན་མོའི་ནག་ཁུང་ནང་ནས་མེ་ཏོག་ལ་བལྟ་བ་བཞིན་དུ་གྱུར་ཡོད་པ་ཡང་དྲ་ལམ་མང་པོ་རུ་མཐོང་རྒྱུ་འདུག་པས། སྐབས་རེ་ཕྲན་གྱི་སེམས་ནང་དུ་གྲྭ་བ་འདིས་དགེ་བཤེས་ལྷ་རམས་ཞིག་ཅི་ལྟར་བཞག་པ་ཡིན་ནམ་སྙམ་པའི་བསམ་བློ་མང་པོ་འཁོར་མྱོང་ཡོད། དེ་མིན་ཕྲན་གྱིས་དགེ་བཤེས་ལྷ་རམས་པ་དང་སློབ་དཔོན་གྱི་མིང་ཡོད་མཁན་ཚོར་མཐོང་ཆུང་བྱས་པ་ཞིག་མིན། སྤྱིར་བཏང་ནང་པའི་གཞུང་ལུགས་ལ་བལྟ་མཁན་ཞིག་ཡིན་ཚེ། ཐོག་མར་བོད་ཀྱི་ཐུན་མོང་བའི་རིག་གནས་ཡག་པོ་ཞིག་ཤེས་རྒྱུ་གལ་ཆེན་རེད་སྙམ། དེ་མིན་ཚིག་གི་ངོ་གདོང་ནས་གོ་བ་ལེན་དཀའ་མོ་རེད་སྙམ། བོད་ཀྱི་སྒྲ་བསྒྱུར་ཉམས་ཞིབ་ཁང་གིས་བོད་བསྒྱུར་བྱས་བའི་ནང་པ་དང་ཚན་རིག་བར་གྱི་བགྲོ་གླེང་གི་དེབ་དེ་དག་ལ་ལྟ་ཀློག་བྱས་ཚེ། ནང་པའི་གཞུང་ལུགས་ལ་གོ་བ་ལེན་སྟངས་སྟབས་བདེ་རུ་འགྲོ་བ་ནི། ང་རང་ཉིད་ལ་མཚོན་ནས་བཤད་ན་མྱོང་བ་མངོན་སུམ་རེད།
གཤོག་རྩལ་མེད་པའི་རིག་པའི་སྦྲང་ཆུང་གིས།།
ཚན་རིག་ཤེས་བྱའི་མེ་ཏོག་ཐང་ཆེན་གྱི།།
ཚན་རིག་སྟོང་གི་སྦྲང་རྩི་མི་ལོན་ཀྱང་།།
བཅུད་ལྡན་ནང་པའི་གེ་སར་ཅུང་ཙམ་རོལ།།
སེམས་ཀྱི་འཇིག་རྟེན་འགྲིམས་པའི་རིག་པའི་བུ་ཆུང་འདི།།
སེམས་ཀྱི་སྣང་བ་མེ་ཏོག་སྣ་བརྒྱའི་ཐང་ཆེན་ལ།།
སེམས་ཀྱི་རྟ་མཆོག་ཞོན་ཏེ་ཡང་ཡང་འཁྱམས་ན་ཡང་།།
སེམས་ཀྱི་རྟ་མཆོག་གཏོད་སའི་ཡུལ་ཞིག་སུ་ཡིས་རྙེད།།
ཞིམ་པོ་སྦྲང་རྩི་སྦྱར་བའི་ཆོས་ཀྱི་ཆང་།།
ཡང་ཡང་འཐུང་ཀྱང་སེམས་པ་དུག་སྦྲུལ་བཞིན།།
ཞེ་སྡང་ཅན་གྱི་དགེ་བཤེས་ཚོགས་རྣམས་ཀྱིས།།
ཁྲོ་གཉེར་བསྡུས་ཏེ་སྡིག་མཛུབ་བྱས་ཀྱང་ཆོག།
༡ /༡༠/ ༢༠༢༢ལ་ཡོ་རུབ་ནས་ནམ་མཁས་བྲིས།