མཁོ་སྤྲོད་པ། རྔ་བ་མཁས་གྲུབ།
ཉིན་རེའི་འཚོ་བའི་ནང་ཕྱི་རྒྱལ་དུ་ཡོད་པའི་ཕ་མས་བྱིས་པར་བོད་སྐད་སློབ་པའི་ཐབས་ཤེས་བཅོ་བརྒྱད།
༡༽ བཟོད་བསྲན་དང་སྙིང་རུས་ཡོད་དགོས།
༢༽ ཕ་མ་གཉིས་ཐུན་མོང་གི་འབད་བརྩོན་ལ་བརྟེན་ཏེ་ཁྱིམ་ཚང་ནང་དུ་བོད་སྐད་བཤད་སའི་ཁོར་ཡུག་ཅིག་བསྐྲུན་པ་དང་། བྱིས་པའི་རྒྱུད་ལ་བོད་སྐད་བཤད་པའི་གོམས་གཤིས་རྒྱུན་འཇགས་བྱ་དགོས།
༣༽ ཕ་མ་གཉིས་ཀྱི་ནང་ནས་གཅིག་གིས་མ་གཏོགས། བོད་སྐད་ཡག་པོ་མཁྱེན་གྱི་མེད་ན། བོད་སྐད་ཡག་པོ་ཤེས་མཁན་དེས་བྱིས་པར་བོད་སྐད་ཁོ་ན་བཤད་པ་ལས། བྱིས་པའི་ཁོར་ཡུག་ནས་སྐད་རིགས་གཞན་པ་རྩ་བ་ནས་བཤད་མི་ཉན།
༤༽ བྱིས་པའི་དགའ་ཕྱོགས་དང་སེམས་ཁམས་ལ་རྒྱུས་ལོན་བྱས་ཏེ། མཐོང་ཐོས་མྱོང་གསུམ་གྱི་བྱ་བ་སྣ་ཚོགས་བརྒྱུད་ནས་བྱིས་པའི་རྒྱུད་ལ་བོད་སྐད་བཤད་པའི་གོམས་གཤིས་བརྟན་པོ་ཆགས་སུ་འཇུག་དགོས།
༥༽ བྱིས་པ་དང་ལྷན་དུ་དུས་ཚོད་མང་པོ་བཀོལ་ནས་མཉམ་དུ་བྱེད་སྒོ་མང་པོ་ལ་ཞུགས་དགོས། བྱེད་སྒོ་དེ་དག་དང་འབྲེལ་བའི་སྐད་ཆ་མང་པོ་བཤད་དགོས། ཐ་སྙད་གསར་བ་རྣམས་ཡང་ནས་ཡང་དུ་བསྐྱར་བཟློས་བྱ་དགོས།
༦༽ བོད་ཀྱི་སྐད་ཡིག་སློབ་པའི་སྐབས་སུ། བྱིས་པའི་སེམས་ལ་སྤྲོ་སྣང་འཕེལ་བའི་རྩེད་མོ་འདྲ་མིན་རྩེས་ཏེ་སུན་སྣང་སྐྱེ་རུ་འཇུག་མི་ཉན། བྱིས་པའི་སེམས་ལ་སུན་སྣང་སྐྱེ་བའི་སྐབས་སུ། ངལ་གསོ་རུ་འཇུག་པ་ལས་ཨུ་ཚུགས་བྱེད་མི་ཉན།
༧༽ གཟའ་མཇུག་གི་གུང་གསེང་སྐབས་སུ། བྱིས་པ་ཁོར་ཡུག་གསར་བ་རེ་རེ་ལ་ཁྲིད་དེ་ ཁོར་ཡུག་དང་འབྲེལ་བའི་མིང་ཚིག་གསར་བ་རྣམས་ངོ་སྤྲོད་བྱེད་དགོས།
༨༽ བྱིས་པས་བོད་སྐད་ཀྱི་ཐ་སྙད་རེ་བཤད་ཤེས་དུས་བསྟོད་བསྔགས་བྱེད་པ་དང་བྱ་དགའ་སྤྲོད་དགོས། བྱིས་པ་དང་ལྷན་དུ་བོད་སྐད་ཐོག་ཁ་བརྡ་བྱེད་པའི་བརྒྱུད་རིམ་ཁྲོད། བྱིས་པར་དམིགས་བསལ་གྱི་དབང་ཆ་སྤྲད་ན། བྱིས་པའི་རྒྱུད་ལ་བོད་སྐད་བཤད་པའི་སྤོབས་པ་སྐྱེ་བ་དང་སྤྲོ་སྣང་ཡོང་བར་ཕན་ཐོགས་ཡོད།
༩༽ བྱིས་པ་སུན་སྣང་སྐྱེ་པའི་སྐབས་སུ་ཨུ་ཚུགས་བྱེད་མི་ཉན་ལ། བཙན་དབང་རྩ་བ་ནས་བྱེད་མི་ཉན།
༡༠༽ བྱིས་པར་དམའ་འབེབས་ཀྱི་སྐད་ཆ་བཤད་དེ་བྱིས་པའི་སེམས་ཤུགས་རྩ་བ་ནས་གཅོག་མི་ཉན།
༡༡༽ ཁོམ་ལོང་མེད་པའི་ཕ་མ་ཞིག་ཡིན་ན། ཕ་སྐད་གཙང་མ་བཤད་ཤེས་པའི་མི་ཞིག་གིས་བྱིས་པར་ལྟ་སྐྱོང་བྱེད་དུ་འཇུག་དགོས།
༡༢༽ ཕ་སྐད་གཙང་མ་བཤད་མཁན་གྱི་ཁོར་ཡུག་ལ་བྱིས་པ་ཡང་ཡང་འཁྲིད་དེ། བོད་སྐད་ལ་ཉན་པ་དང་བཤད་སའི་ཁོར་ཡུག་ངོ་སྤྲོད་བྱེད་དགོས།
༡༣༽ བྱིས་པར་བོད་སྐད་བཤད་དུས་སྤྲོ་སྣང་དང་སེམས་འགུལ་ཐེབས་སུ་འཇུག་ཆེད། འགྲན་རྩོད་ཀྱི་རང་བཞིན་ལྡན་པའི་རྩེད་མོ་རྩེས་ཏེ་མཚམས་མཚམས་སུ་བྱིས་པ་རྒྱལ་དུ་འཇུག་དགོས། བྱིས་པའི་ཉལ་ཁང་གི་དཔེ་སྒྲོམ་དུ་དཔེ་ཆ་མང་པོ་འཇོག་པ་དང་། བྱིས་པའི་རྒྱུད་ལ་དཔེ་ཀློག་གི་གོམས་གཤིས་བསྐྲུན་ཆེད། ཕ་མས་དཔེ་ཆ་མང་པོ་ཀློག་ནས་དཔེ་སྟོན་ཡག་པོ་བྱེད་དགོས། བྱིས་པ་ཉལ་ཁར་དུས་ཚོད་དམ་འཛིན་གྱིས། གོ་སླ་བའི་བྱིས་སྒྲུང་རྣམས་སེམས་ཚོར་ཡོད་པའི་ཐོག་ནས་སྐད་གདེངས་མཐོན་པོར་ཀློག་དགོས།
༡༤༽ བོད་སྐད་ཀྱི་བརྙན་འཕྲིན་འདྲ་མིན་ལ་ལྟ་རུ་འཇུག་པ་དང་། རླུང་འཕྲིན་ལ་ཉན་དུ་འཇུག་དགོས།
༡༥༽ གཟའ་ཉི་མའི་བོད་ཡིག་སློབ་གྲྭ་རུ་བསྐྱལ་བ་དང་། གླུ་དང་ཞབས་བྲོའི་དགེ་རྒན་བཙལ་ཏེ་གླུ་གཞས་ཀྱི་ལམ་ནས་བོད་སྐད་སློབ་དགོས།
༡༦༽ བོད་ཀྱི་སྐད་ཡིག་ལ་མཐོང་ཆེན་བྱེད་པའི་མི་ལ་གྲོགས་བསྒྲིགས་པ་དང་བོད་སྐད་ཡག་པོ་བཤད་ཤེས་པའི་བྱིས་པ་རྣམས་དང་ལྷན་དུ་ཡང་ནས་ཡང་དུ་ཐུག་སྟེ་རྩེད་མོ་རྩེ་རུ་འཇུག་དགོས།
༡༧༽ ང་ཚོ་ནང་པ་ཡིན་དུས། ཞོགས་པར་སྐྱབས་འགྲོ་འདོན་པ་དང་། དགོང་མོར་སྨོན་ལམ་འདོན་པ། གསོལ་ཇ་མཆོད་དུས་ཇ་མཆོད་འདོན་པའི་སྲོལ་བཟང་དེ་རྒྱུན་འཁྱོངས་བྱས་ནས།བྱིས་པའི་རྒྱུད་ལ་ཆོས་དང་སྐད་ཀྱི་བག་ཆགས་འཇོག་དགོས།
༡༨༽ གུང་གསེང་སྐབས་སུ་བྱིས་པ་རྒྱ་གར་དང་བོད་ལ་འཁྲིད་དགོས། རབ་ཡིན་ན་ཟླ་བ་ཁ་ཤས་སམ་ལོ་གཅིག་གཉིས་རེར་རྒྱ་གར་དང་བོད་ཀྱི་བོད་ཡིག་སློབ་གྲྭ་རུ་འཇོག་ཐུབ་ན་བཟང་།།
གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་ནས་སྤྱི་ལོ ༢༠༡༤ ལོའི་སྤྱི་ཟླ ༢ ཚེས ༡༥ ལ།
བོད་པ་ཞིག་ཡིན་པ་ཞིག་ཡིན་ཕྱིར་བོད་སྐད་ཕྲན་བུ་གླེང་ན་འདོད་སོང་། བོད་སྐད་བེད་མེད་ཅིག་ཏུ་བརྩི་མཁན་ཡོད་པ་མ་ཟད། གནད་ཡོད་མི་སྣ་དེ་འདྲས་ཀྱི་བོད་སྐད་ཀྱིས་མི་ཚེ་ལ་ཕན་ཐོག་མེད་ལུགས་བཤད་ཀྱི་ཡོད་པ་འདི་ཉེན་ཁ་ཆེན་པོ་དང་། མཐོང་རྒྱ་ཧ་ཅང་ཆུང་དྲགས་པ་དང་གཅིག དར་རྒྱས་ཆེ་བའི་ཨ་རི་སོགས་ཀྱི་སྤྱི་ཚོགས་དང་མི་རྣམས་འཚོ་བ་བསྐྱེལ་སྟངས་མཐོང་མ་མྱོང་བའི་ཆེས་རྗེས་ལུས་ཀྱི་བསམ་བློ་ཞིག་རེད། དོན་དངོས་ཀྱི་ཐོག་ནས་བཤད་ན་ཨ་རིའི་གཞུང་གི་ལས་ཁུངས་ཚང་མའི་ནང་བོད་ཡིག་བེད་སྤྱོད་བཏང་བ་ཡིན་ནའང་བསྒྲུབ་མི་ཐུབ་པ་དང་བརྡ་མི་འཕྲོད་པའི་གནད་དོན་གཅིག་ཀྱང་མཐོང་གི་མི་འདུག གཞན་ཡང་ཨ་རའི་གྲོང་ཁྱེར་ཆེན་པོ་རྣམས་ཀྱི་གྲུབ་ཆ་གཙོ་བོ་གཅིག་ཚོང་ཁང་དང་ཟ་ཁང་ལ་སོགས་པ་རེད། ཚོང་ཁང་དང་ཟ་ཁང་སོགས་ཀྱི་སྡེ་ཚན་ཆེན་པོ་འདིའི་ནང་ལའང་བོད་ཡིག་བོད་ཡིག་གི་ཐོག་ནས་བརྡ་མི་འཕྲོད་པའི་དཀའ་ངལ་གཅིག་ཀྱང་ཡོང་གི་མ་རེད། འོ་ན་ག་བར་བོད་ཡིག་གིས་འདང་གི་མི་འདུག་ལབ་ན་མཛུམ་མོ་འཛུགས་ས་མང་པོ་ཡོད་མ་རེད། དེ་འདྲ་ཡིན་ན་ག་རེ་བྱས་ནས་བོད་ཡིག་གིས་ལྟོ་སྤྲོད་ཐུབ་ཀྱི་ཡོད་པ་མ་རེད་ལབ་ན། བོད་མི་རིགས་འདི་རྗེས་ལུས་ཡིན་ཙང། བོད་མི་རིགས་ལ་རང་གི་ཁྲོམ་ར་ཡོད་པ་མ་རེད། བོད་པར་བདག་པའི་བཟོ་གྲྭ་ཆེན་པོ་གཅིག་ཀྱང་ཡོད་པ་མ་རེད། བོད་མི་རང་གི་དབང་བསྒྱུར་བའི་གཞུང་དང་ལས་ཁུངས་མང་པོ་ཡོད་པ་མ་རེད། བྱས་ཙང་བོད་མི་རིགས་ཀྱིས་འཇོན་གི་མེད་ས་ཞིག་སྐད་ཡིག་ཁེ་རྐྱང་གིས་བྱ་བ་བྱེད་རྒྱུ་ཡོང་མི་སྲིད་པ་ཞིག་རེད།
རྒྱུན་རིང་བོད་ཡིག་མ་བྲིས་པས་དག་བསྡེབས་སོགས་ཡག་པོ་ཡོང་གི་མི་འདུག ད་བོད་ཡིག་སྐད་གླེང་རྒྱུའི་སེམས་ཤུགས་ཆགས་སོང་། བོད་ཡིག་ལ་མཁས་པ་ཡིན་ནའང་མུ་མཐུད་བེད་སྤྱོད་མ་བཏང་ན་ཕལ་ཆེར་ཡིག་རྨོངས་ཆགས་རྒྱུའི་ཉེན་ཁ་འདུག
རྡོག་རྡོག་བོད་མི་རིགས་རང་གི་ས་ཐོག་ཤོར་། གཞན་གྱི་ས་ཐོག་ནས་གནས་ཟིན་མེད་སྟབས། སྐད་ཡིག་ཕུན་སུམ་ཚོགས་པོ་འདིས་ཀྱང་ནུས་པ་འདོན་སའི་གནས་དང་ཁྱད་ཆོས་ངོམ་སའི་ཡུལ་མ་རྙེད་པ་རེད། ང་ཚོ་དང་ང་ཚོའི་སྐད་ཡིག་གཉིས་ཀར་དཀའ་ངལ་གཅིག་པ་འཕྲད་ཀྱི་ཡོད་པ་རེད། ད་དུང་སྐབས་རེར་བོད་མི་སྐྱབས་བཅོལ་བ་ལེན་མཁན་གྱི་རྒྱལ་ཁབ་རེ་གཉིས་ཡོད་ཀྱང་། བོད་ཀྱི་སྐད་ཡིག་ལ་ཐོབ་ཐང་དང་རྒྱབ་སྐྱོར་དང་ཁོར་ཡུག་གང་ཡང་མེད་པའི་སྐད་ཡིག་ཅིག་ཏུ་གྱུར་བ་ཡོད་པ་རེད།
བོད་སྐད་རྒྱུན་འཛིན་ལ་བཀའ་ཤག་གི་ཤེས་ཡོན་སྲིད་ཇུས་གལ་ཆེན་པོ་ཉག་ཅིག་ཆགས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཡིག་ལ་མཐོང་ཆུང་བྱས་པ་ཡིན་ན། དེ་ནི་བོད་ཡིག་ལ་སྲོག་ཆད་བཀལ་བ་དང་གཅིག་པ་རེད། བོད་ཡིག་འཚར་ལོང་བྱེད་སའི་ཁོར་ཡུག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁག་རེད། ཁྲིམས་ཐོག་ནས་བཤད་ན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁག་དང་བོད་སློབ་རྣམས་བོད་སྐད་ཀྱི་ཁོར་ཡུག་དང་ཐོབ་ཐང་རེད། འོན་ཀྱང་ད་ལྟའི་བཀའ་ཤག་གིས་བོད་ཡིག་ལ་དབང་བའི་ཐོབ་ཐང་དང་ཁོར་ཡུག་ཆུང་ཆུང་འདི་ཡང་འགྱུར་བ་བཏང་ནས་མེད་པ་བྱས་ཏེ། དབྱིན་ཡིག་གི་ཁོར་ཡུག་ལ་ཁ་སྣོན་བརྒྱག་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད། བོད་སྐད་ལ་དབང་བའི་བོད་སྐད་ཀྱི་ཁོར་ཡུག་ཆུང་ཆུང་འདི་མེད་པ་བཟོས་པ་ཡིན་ན། བོད་ཡིག་དུར་སར་འགྲོ་རྒྱུ་ལས་ལྷག་མེད་པ་རེད། དེ་ནི་བཀའ་ཁག་གིས་བྱེད་བཞིན་པ་རེད།
ཐུགས་རྗེ་ཆེ།
ངའི་ཁྱེད་ཚོར་དྲི་བ་ཞིག་ཡོད།
བོད་རིགས་བྱིས་པ་བོད་སྐད་སྦྱོང་དགོས་མཁན་དེ་བོད་བརྒྱུད་ནང་བསྟན་ཉམས་སུ་ལེན་མཁན་བོད་པ་ཚོ་གཅིག་པུ་ཡིན་དགོས་པ་རེད་དམ།
ཡང་ན་བོད་པ་ཆོས་ལུགས་ཁས་ལེན་མཁན་དང་མི་ལེན་མཁན་དེར་མ་ཟད་ཆོས་ལུགས་གཅིག་པ་མ་ཡིན་པའི་བོད་རིགས་བྱིས་པ་ཡོངས་རྫོགས་ཀྱིས་བོད་སྐད་སྦྱོང་དགོས་པ་རེད།
ཅིས་ན་དེང་སང་བོད་པའི་ཚོགས་པ་ཕལ་ཆེར་ནང་བྱིས་པར་བོད་ཡིག་སློབ་དུས་ཞབས་བརྟན་དང་གསོལ་འདེབས་སྨོན་ལམ་སོགས་ཆོས་ལུགས་ཀྱི་འདོན་ཆ་མང་པོ་ཞིག་ཕ་རོལ་པོའི་སེམས་ཁམས་དང་དད་མོས་ལ་མི་བསྟུན་བར་ཡིན་ལ་ལ་བྱས་ནས་སློབ་བཞིན་འདུག་པས་འདི་ཚོ་ལ་དགོངས་འཆར་གང་ཡོད་དམ།
དགོས་འདུན་དེ་ཚོ་དབྱིན་ཡིག་ནང་བསྒྱུར་བྱས་ན། གལ་ཏེ་བོད་མི་རིགས་རྩ་མེད་ཕྱིན་སོང་རུང་། རྩ་ཚིགས་འདི་འཛམ་གླིང་གི་རྒྱལ་རབས་ལོ་རྒྱུས་ཁྲོད་བོད་ཟེར་བའི་མི་རིགས་དཔའ་བོ་ཞིག་གིས་འདི་ལྟར་རང་གི་སྐད་ཡིག་ལ་དོ་སྣང་དང་འབད་རྩོད་བྱས་མྱོང་པ་རེད་ཟེར་བ་ཞིག་ལྷག་གི་རེད། ཧ་ཅང་བཟང་གི། ད་དུང་ནང་ཆོས་དང་འབྲེལ་ཐབས་ཁག་གང་མང་ཞིག་གཙོར་འདོན་བྱེད་ཐུབ་ན་འཛམ་གླིང་གི་མི་རིགས་ཡོད་དོ་ཅོག་ལ་ཕན་ཐོག་གི་རེད།
རེ་བ་ཆུང་ཆུང་འདི་ངའི་བསམ་བློའི་གཏིང་ཟབ་ས་ཞིག་ནས་བཏོན་པའི་ཁུལ་ཡིན། བོད་ཀྱི་ཡོད་ཚད་ལ། ཕྱི་སྡོད་ཕ་མ་མང་པོ་ཞིག་ལ་སྐྲག་དངངས་ཞིག་དང་ཆགས་ཞེན་ཙམ་ལས། དེའི་མཐའ་ཅི་ལྟར་བསལ་ཚུལ་ལ་འཇུག་སྡོམ་ཞིག་རྒྱག་མ་ཐུབ་པ་འདྲ་བས། གང་དྲན་ཞིག་ཞུ་འདོད་ཤར།
ཕྱི་རྒྱལ་ཡུལ་གྲུ་ཁག་ན། ཕྱི་རྒྱལ་གྱི་ནང་ནས་མདུན་གྲལ་དུ་དོན་ཡ་ལ། ཡིག་རིགས་རྩལ་རིགས་སོགས་ཧ་ལས་བ་དེ་འདྲའི་ཀོ་སྐབས་དམ་འཛིན་བྱེད་ཡ་དང་སྤྲོད་ཡ་ཡོད་པ་དག་གི་ཚབ་དུ་ཆུད་ཚོད་གང་ཁོམ་ལ་བོད་ཡིག་དང་བོད་སྐད་སྦྱང་བརྩོན་ལ་བཏང་ནས། ཡར་གི་ལྷ་གྲལ་དང་། མར་གི་ཀླུ་གྲལ་ན་མེད་པའི་མྱི་རབས་གསར་བ་ཞིག་གསོ་སྐྱོངབྱས་བ་ཙམ་ཡིན་ན་ཡག་པོ་མ་རེད་ཞུ་རྒྱུ་ཡིན།
གོ་སྐབས་ཡོད་སའི་བོད་ཀྱི་བུ་ཕྲུག་ཚོས། འཇིག་རྟེན་མི་ཆེན་དང་དཔོན་ཆེན་གྱི་གོ་ས་ནས་བོད་ཉམ་ཐག་སྐྱོབས་པ་ལ་རྩོན་དགོས་བ་ལས། སྐད་ཡིག་ཆ་མ་ཆག་ཞིག་གིས། ལྷ་རང་མགོ་མི་ཐོན་ས་ནས། འདྲེ་ཤ་གདགས་ནི་སྲིད་པ་མ་རེད་ཞུ་འདོད་བྱུང་། ང་ཚོར་དགོས་བ་དེ་རྒྱུ་དང་དབང་རེད། དེ་འདྲ་ཞིག་ལྡན་པར་བྱེད་པ་ལ། ཕ་མ་ཚོས་དེའི་སྐོར་ལ་ཤེད་དང་རྒྱུ་འདོན་དགོས་བ་དེ་གལ་ཆེན་པོ་རེད་བསམ།
བོད་སྐད་ཅི་ཙམ་བཤད་སྦྱང་བྱས་ན་ཡང་། བོད་ཡིག་མ་ལག་གི་འཁོར་ཡུག་མེད་ས་ནས། མྱི་ཐག་གཉིས་ཀྱི་སྒང་ལ་འགྲོ་ཐུབ་ན་བླ་མ་དཀོན་མཆོག་རེད། དེ་ནས་ཕན་འཁོར་ཡུག་གི་དབང་གིས་བོད་སྐད་ཀྱི་སྐྱེ་རྒྱུད་འགག་འགྲོ་བ་གསལ་པོ་རེད། དེ་ལས་དུས་ནམ་ཡོད་དང་ནུས་བ་གང་ཡོད་ཀྱིས། བོད་མིའི་བདེ་སྡུག་ཞུ་ཐུབ་སའི་མྱི་སྣ་ཞིག་ས་དེ་ནས། ཡུལ་དེ་ཡི་སྐད་ཡིག་དང་ཤེས་བྱའི་གནས་དེ་ག་རང་། བོད་ཀྱི་འདུ་ཤེས་ལ་སྦྱར་ནས་གསོ་སྐྱོང་ཐུབ་ན། བོད་མི་5999999བདེ་སྡུག་ལ་དོ་ཁུར་དང་ལེན་ཐུབ་པའི་མི་བུ་རླབས་ཆེན་ཞིག་ཡོང་རྒྱུ་ལ་ཐེ་མི་ཚོམ།
བུ་ཕྲུག་དེ་ཚོས་བོད་ཡུལ་བོད་ལག་དུ་སྤྲོད་ལེན་བྱེད་པའི་རམ་འདེགས་མ་ཐུབ་ན། ཆོས་དད་ཡིད་ཆེ་ཙམ་ལས། ཡུལ་གྲུ་གཞན་ནས་བོད་ཡིག། བོད་སྐད། རིགས་གཞུང་སོགས་ཅི་གང་། དུས་གཏན་དུ་ཉར་མི་ཐུབ་པ་ནི་མཐོང་ཆས་མྱོང་གྲུབ་ཡིན་པས། གསལ་བཤད་ཞིག་ག་ལ་དགོས། བོད་ཡིག་དང་བོད་སྐད་ལ་དུང་བར་བཀའ་དྲིན་ཆེ། ཡིན་ན་ཡང་། སྐབས་བབ་ཀྱི་གྱོད་དོན་དང་རྩོད་དོན་ནི། ཆོས་དང་རིགས་གཞུང་། ཡུལ་སྲོལ་གོམ་གཤིས་དག་འཚོ་སའི་ཡུལ་གྲུ་དེ་བོད་གངས་ཅན་པ་ཚང་རྩོད་རྒྱུ་ཡིན་པ་མ་བརྗེད་པར་ཞུ། ཤེས་ཡོན་གྱི་ལམ་ནས་དགྲ་ཆས་འདོན་པ་ནི། མཐའ་དོན་གྱི་རྒྱལ་ཁ་ཡིན་པ་རེད། བཀྲ་ཤིས་བདེ་ལེགས།
རྔ་པ་མཁས་གྲུབ་མཆོག་གི་བསམ་འཆར་བོད་སྐད་སྲུང་སྐྱོབ་ལ་དམིགས་པ་ལ་བོད་མི་བསམ་ཤེས་ཅན་ཀུན་གྱིས་རྩི་་དགོས། དེ་མིན་བོད་སྐད་རྩ་བརླག་ཏུ་འགྲོ་བ་ཀུན་གྱིས་མངོན་གསལ་ལགས།
བོད་ས་རྒྱ་ཆེ་བ་ཡིན་ཀྱང་། བཀའ་བསྟན་གསུང་འབུམ་དང་། འདོན་ཆོག་སོགས་བོད་ཡུལ་ཡོངས་ལ་ཁྱབ་པས་། མདོ་སྨད་པ་དགེ་འདུན་ཆོས་འཕེལ་ཞབས་ཀྱིས། དེབ་ཐེར་དཀར་པོ་ན། ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། ཞེས་གསུངས། དེས་ན་བྲིས་པའི་ཡི་གེའི་དག་ཆ་ལ་རྩི་དགོས། དེ་ལ་རྩིས་པ་ཡིན་ན། བོད་ཀྱི་ཡིག་སྐད་ཀྱི་སྲུང་སྐྱོབ་ཏུ་འགྱུར། སྐད་གདེངས། ཞེས་པ་འབྲི་བ་པོའི་ཞེ་འདོད་ལྟར་ན། སྐད་གདངས། ཞེས་འབྲི་དགོས། གདེངས། ཞེས་པ་ཡིད་བརྟན་གྱི་དོན་ཡིན། ཞོགས་པར་ཞེས་པའི་ཚབ་ཏུ། སྔ་དྲོར་སྐྱབས་འགྲོ་འདོན་པ་དང་། དགོང་མོར་ཞེས་པ་ཡང་འཇུག་ཁ་ནས་མ་འཐོན་པའི་ཁ་སྐད་ཡིན། དགོངས་མོར་སྨོན་ལམ་འདོན་པ། ཞེས་འབྲི་དགོས། གསར་བ་ལ་གསར་པ། འདང་བ་ལ་ལྡང་བ། ཡོང་བ་ལ་འོང་བ། གྱུར་བ་དང་འགྱུར་བ་ཞེས་པ་གཉིས་ལ་མིང་མཐའ་པ་ཡིག་དང་བ་ཡིག་སོ་སོར་དགོས། གྱུར་པ། ཞེས་འབྲི་ན། ཕོ་ཡིས་ཕོ་ཡི་མིང་མཐའ་འདྲེན། བརྡ་སྤྲོད་དང་མཐུན། བསྟུན་བར་ཞེས་པ་ལ།་བསྟུན་པར་དང་། ཡོད་པ་མ་ཟད། ཅེས་པ་ལ། ཡོད་པར་མ་ཟད། ཅེས་པ་སོགས་བོད་ཀྱི་སྔོན་བྱོན་མཁས་པ་རྣམས་ཀྱིས་བྲིས་པ་མཐོང་ནས། ལན་གཅིག་མ་ཡིན་པར་ལན་མང་དུ་བྲིས་ཤིང་། འབྲི་བ་དང་། འབྲི་བར་འགྱུར་བས། སྔོན་འཇུག་དང་། མགོ་ཅན་ཇི་ལྟར་ཡིན་པ་དང་། ཡང་འཇུག་འདོར་བ་པོ་དག་གི་སྙན་སུན་པར་བྱེད་པ་འདི་སྔར་གྱི་བོད་ཡིག་འབྲི་སྲོལ་སྲུང་བ་ལ་མེད་དུ་མི་རུང་བར་མཐོང་ངོ་།
ནོར་བ། བཅོས་པ།
་་་་་་་་་་་་་་་་་
སྐད་གདེངས། སྐད་གདངས།
དགོང་མོ། དགོངས་མོ།
གསར་བ། གསར་པ།
འདང་བ། ལྡང་བ།
ཡོང་བ། འོང་བ།
་་་་་་་་་་་་་་་་
རྒན་འཇམ་དཔལ་ལགས་ཀྱིས།
ཕྲུ་གུའི་སློབ་གསོ་ནི་སྤྱི་ཚོགས་ཀྱི་རྨང་གཞིའི་སློབ་གསོ་ཡིན་པས་དེའི་གལ་ཆེའི་རང་བཞིན་ངོས་ཟིན་དགོས་མོད། རང་རེའི་རྩོམ་པ་པོ་དང་སློབ་གསོ་བ་དག་གིས་དེ་ལ་དེ་ཙམ་མཐོང་ཆེན་བྱེད་ཀྱི་མེད་པའི་བཟོ་འདྲ་འདུག
གཡག་རྒོད་གྱིས་ནུབ་ཕྱོགས་པའི་བོད་པའི་བྱིས་པར་དམིགས་ནས་བོད་སྐད་སློབ་སྦྱོང་བྱ་སྟངས་ལ་དོན་མཚན་རིམ་དགར་བྱས་ནས་ངོ་སྤྲོད་བྱས་པ་ཡག་པོ་རེད། ཡིན་ནའང་། འདི་ཚོ་ལ་བོད་སྐད་ཡིག་ཕྱོགས་ནས་རེ་བ་ཟེར་ན་འདྲ་ལ་དམིགས་ཡུལ་ཟེར་ནའང་འདྲ་གང་ལྟར་ཆེན་པོ་ཞིག་ཡོད་པ་མ་རེད། ཕ་མ་ཚོར་མཚོན་ནའང་ཁོང་ཚོས་བོད་སྐད་ཆལ་ལེ་ཆོལ་ལེ་ཞིག་བཤད་ཐུབ་ན་བོད་པ་ཡིན་པའི་འདུ་ཤེས་འཛིན་ཀི་ཡོད་རེད། རང་ས་རང་ཡུལ་ནས་སྐད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་ཡལ་འགྲོ་དུས་ནུབ་ཕྱོགས་མགོ་སེར་ལུང་བར་སྐད་ཡིག་རྒྱུད་འཛིན་བྱ་རྒྱུ་ཟེར་ན་ད་དངོས་གནས་འུ་ཚང་གིས་དཀའ་རྒྱུ་རེད།
གྲོགས་པོ་མཁས་གྲུབ་ལགས་ཀྱིས་ཁ་ཞེ་གཉིས་མེད་ཀྱིས་བོད་མི་རིགས་ཀྱི་ཚེ་སྲོག་ལ་ཐུགས་བསམ་ཆེ་བཞེས་ཀྱིས་བསམ་གཞིགས་དང་འབྲེལ་ཉམས་མྱོང་མང་པོ་གསུངས་པ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
བོད་པའི་གདོང་རྟགས་ཙམ་མི་ཡལ་པའི་ཆེད་དུ་ཐབས་ཤེས་གང་ཡོད་བྱོས་ཡ།