མུ་ཏིག་གིས་དབྱིན་ཡིག་ནས་བོད་སྒྱུར་བྱེད་ཞོར་རང་གི་མྱོང་བ་ཡི་གེར་ཕབ། འཇིགས་མེད་ཀྱིས་འོས་སྦྱོར་བྱས།
[རྩོམ་མཁན་ངོ་སྤྲོད།] ཉི་མ་འཚོའམ་མུ་ཏིག་ནི་སྒྲུང་གཏམ་གཙོས་པའི་རྩོམ་ཡིག་སྣ་ཚོགས་འབྲི་བའི་བུད་མེད་རྩོམ་པ་པོ་ཞིག་དང་དྲ་བའི་ཟིན་བྲིས་པ་ཞིག་ཡིན། མདོ་སྨད་འབོ་ར་ནས་སྐྱེས་ཤིང་ཆུང་དུས་ནས་སློབ་གྲྭ་འགྲིམས། སློབ་འབྲིང་མཐར་ཕྱིན་ལ་ཉེ་དུས་ཀྱི་ཕྱི་ལོ་ ༡༩༩༩ ལོར་བོད་ཕྱི་ལོགས་སུ་འབྱོར་ཏེ་སུ་ཇཱ་སློབ་གྲྭ་རུ་སློབ་གཉེར་བྱས། སློབ་གྲྭ་དེ་གར་《ཟམ་པ་》དུས་དེབ་ཀྱི་རྩོམ་སྒྲིག་པ་བྱས། སློབ་ཞོར་དུ་བྲིས་པའི་སྙན་ངག་ཁག་ཅིག་འཇམ་དཔལ་སྒྲོལ་མ་དང་མཉམ་དུ་<<མི་ཚེ་འདིའི་འགྲུལ་བཞུད་དང་པོ་>>ཞེས་པའི་དེབ་ཏུ་དཔར་བསྐྲུན་བྱས། བོད་ཕྱི་ནང་གི་དུས་དེབ་དང་ཚགས་པར། དྲ་བ་བཅས་ལ་སྒྲུང་གཏམ་གཙོས་པའི་རྩོམ་ཡིག་གང་མང་སྤེལ། ཕྱི་ལོ་ ༢༠༠༥ལོར་ནོར་གླིང་བོད་ཀྱི་རིག་གནས་ཆེས་མཐོ་སློབ་གྲྭ་ནས་ལེགས་བྱང་མཐོ་རམས་པའི་སློབ་མཐར་ཕྱིན། ཕྱི་ལོ་ ༢༠༠༨ ལོར་ཞིབ་འཇུག་སློབ་མཐར་ཕྱིན། ཕྱི་ལོ་ ༢༠༠༩ ལོར་བརྩམས་སྒྲུང་ཕྱོགས་བསྒྲིགས་<<ཟུར་ཞིག>>ཞེས་པ་དཔར་བསྐྲུན་བྱས་པ་ནི་བོད་ཕྱི་ལོགས་ཀྱི་བུད་མེད་ཀྱི་བརྕམས་སྒྲུང་བརྩམས་ཆོས་ཐོག་མ་དེ་ཆགས་ཡོད། ཕྱི་ལོ་ ༢༠༠༩ ལོར་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་རྒྱལ་སྤྱིའི་པེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མིར་ཞུགས། ཕྱི་ལོ་ ༢༠༠༩ ལོ་ནས་གྲོགས་པོ་འགའ་དང་མཉམ་རུབ་ཀྱིས་བུད་མེད་ཀྱི་ཤེས་ཡོན་གོང་མཐོར་གཏོང་སའི་སྟེགས་བུ་<<མ་ཡུམ་>>ཚགས་པར་གསར་འདོན་བྱས་པ་དང་། རིམ་བཞིན་དྲ་བ་དང་ཚགས་པར་གཉིས་རྒྱུན་མ་ཆད་པར་འདོན་མུས་དང་། ད་བར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཐོན་སྐྱེད་འགན་འཛིན་གྱི་ལས་ཀ་བྱེད་ཀྱི་ཡོད།
_________________________________________________________
བྱིས་པས་བརྙན་འཕྲིན་ལྟ་བར་སྟངས་འཛིན་ཇི་ལྟར་བྱེད་དགོས་སམ།
མུ་ཏིག་གིས་དབྱིན་ཡིག་ནས་བོད་སྒྱུར་བྱེད་ཞོར་རང་གི་མྱོང་བ་ཡི་གེར་ཕབ།
ང་ནི་ཨ་མ་ཞིག་ཡིན། ངས་ནམ་རྒྱུན་སེམས་འཁུར་བྱེད་ས་གཅིག་ནི་རང་གི་བྱིས་པ་ཡིན། ད་བར་ངའི་བྱིས་པ་ནི་འགུལ་རིས་བརྙན་འཕྲིན་ལྟ་བར་དབྱིངས་ཞུགས་ཡོད་པས། བརྙན་འཕྲིན་ལྟ་བའི་དུས་ཚོད་རྫོགས་པ་ནས་མིག་མཐར་ཆུ་འཁྱིལ་ཡོང་བ་དང་མུ་མཐུད་བརྙན་འཕྲིན་ལྟ་མི་ཆོག་པ་ཅིའི་ཕྱིར་རེད་ཅེས་འཁང་ར་ཡང་ཡང་བྱེད་ངེས། ང་ལ་བྱིས་པ་གསོ་སྐྱོང་གི་ཉམས་མྱོང་མེད་པས། དཀའ་ངལ་ཅུང་ཙམ་རེ་འཕྲད་སྐབས་ཉམས་མྱོང་ཅན་གྱི་ཨ་མ་དག་ལ་སྐད་ཆ་དྲིས་པ་དང་ཡང་ན་དྲ་ཐོག་ནས་ཕྲུ་གུ་གསོ་སྐྱོང་སྐོར་ལ་སློབ་སྦྱོང་བྱེད་ཀྱིན་ཡོད།
དོ་དགོང་ཉལ་ཁར་ཡང་བྱིས་པས་ང་ལ་རེ་བ་གཅིག་བཏོན་བྱུང་། དེ་ནི་སང་ཉིན་ཡར་ལངས་མ་ཐག་བརྙན་འཕྲིན་ལྟ་ཆོག་པའི་རེ་བ་རེད། བྱིས་པ་གཉིད་མ་ཐག་ང་དྲ་བར་ཉུལ་བ་ཡིན། བྱིས་པས་བརྙན་འཕྲིན་ལྟ་བར་སྟངས་འཛིན་ཇི་ལྟར་བྱེད་མིན་སྐོར་ནས་ཤེས་བྱ་གསར་བ་ཞིག་རྙེད་པར་རེ་བ་བཟུང་།
“བྱིས་པ་ཚོས་ལྡུམ་རྭའི་མཛེས་སྡུག་དང་རྒྱ་ལམ་དུ་འཐེན་པའི་རྐང་ལམ་སྙིང་རྗེ་མོ་དེ་དག་ཡོངས་སུ་བརྗེད་པ་དང་འདྲའམ། ཁོང་ཚོས་བརྙན་འཕྲིན་ནང་གི་སྐད་ཆ་འུར་གྱིས་བཤད་པ་དང་གཟའ་འཁོར་རྗེས་མར་བརྙན་འཕྲིན་ལེ་ཚན་ག་འདྲ་ཞིག་སྟོན་གྱི་ཡོད་མེད་ལ་ཉམས་འཇོག་བྱེད་ཀྱི་འདུག་གམ། ད་དུང་དྲི་བ་གལ་ཆེན་ཞིག་ལ། ཁྱེད་ཀྱི་ཕྲུ་གུས་དུས་ཚོད་ཡོད་ཚད་བརྙན་འཕྲིན་གྱི་མདུན་གྱི་སྐྱེལ་གྱི་ཡོད་དམ། གལ་སྲིད་དེ་ལྟར་ཡིན་ན། སྟངས་འཛིན་བྱེད་པའི་དུས་ཚོད་ལ་སླེབས་པ་རེད། འཚོ་བར་དོ་སྣང་མང་ཙམ་དང་དུས་ཚོད་རེའུ་མིག་ཅིག་ངེས་པར་དུ་བཟོ་དགོས་པ་རེད། ”
དྲ་ཐོག་གི་ཡི་གེ་འདི་བཀླགས་མ་ཐག་ངས་དངན་པ་རིང་བོ་ཞིག་འཐེན་པ་ཡིན། ཚད་ཐིག་ཅིག་གིས་ཐོག་ནས་བལྟས་ན་དུས་ཚོད་རེའུ་མིག་ནི་སྔ་ས་ནས་བཟོས་ཟིན་པ་མིན་ནམ། ངའི་བྱིས་པ་ནི་ཟ་མ་ལ་དང་འདོད་ཆེ། ཤ་དང་སྣུམ་རིགས་ཟ་བར་མི་དགའ་བ་མ་ཟད་བསྔོ་ཚལ་རིགས་འགའ་ཤས་ལ་ཡང་ཡོལ་གང་ཐུབ་བྱེད་ཀྱི་ཡོད་པས་ངེད་བཟའ་ཚང་གཉིས་ཀས་ནམ་རྒྱུན་ཟ་མའི་སྐོར་ལ་དུས་ཚོད་གཏོང་གི་ཡོད། སྔ་དགོང་ཟ་མའི་སྐབས་སུ་དུས་ཚོད་མང་ཤོས་གཏོང་གི་ཡོད་ལ། ཕྱི་དྲོ་ནང་དུ་སླེབས་མ་ཐག་སློབ་གྲྭ་ནས་ཉིན་གུང་ཟ་མ་ཡག་པོ་ཟོས་ཡོད་མེད་ནན་འདྲི་བྱེད་ཀྱི་ཡོད། དེ་བཞིན་དགེ་རྒན་ཚོ་ལ་ཡང་ངའི་ཕྲུ་གུས་ཟ་མ་ལ་དོ་སྣང་མི་བྱེད་པས་ཐུགས་སྣང་མང་ཙམ་གནང་རོགས་ཞེས་ཆེད་མངགས་ཞུས་མྱོང་། ཤིང་ཏོག་རིགས་ཡོད་ཚད་ལ་དགའ་ཞིང་མཚམས་རེར་ཞོགས་ཇ་ཡང་ཤིང་ཏོག་རྐྱང་བས་ཆོག་ཅེས་བཤད་ངེས་ཀྱང་། ངེད་བཟའ་ཚང་གཉིས་ཀས་ཁྱེད་རང་དབྱིན་ཇིའི་ཕྲུ་གུ་མ་རེད་ཅེས་ཀུ་རེས་ལན་འདེབས་ཀྱི་ཡོད། དེ་ལྟར་ཟ་མ་ལ་དང་འདོད་ཆེ་བ་དེ་བརྙན་འཕྲིན་ལ་དབྱིངས་ཞུགས་པའི་རྒྱུ་གཙོ་བོ་ཞིག་ཏུ་གྱུར་སོང་བ་འདྲ། འགུལ་རིས་བརྙན་འཕྲིན་ལ་མགོ་འཁོར་ན་མདུན་དུ་ཟ་མ་ཅི་ཞིག་བཞག་ཡོད་མེད་ལ་དེ་འདྲ་སྣང་བ་མི་གཏོང་ལ། ཤིང་ཏོག་རེ་ཡོད་ན་མཚམས་རེར་ཟ་བ་ལས་ཟ་མ་ལ་མིག་ཙམ་ཡང་མི་ལྟ། ཡིན་ན་ཡང་ངེད་བཟའ་བ་གཉིས་ཀས་ཅི་ཞིག་སྤྲད་ཀྱང་བརྙན་འཕྲིན་ལ་ལྟ་བཞིན་ཟ་རྐྱང་མིད་རྐྱང་བྱེད་ངེས། དེ་ལྟར་ལོ་གཅིག་གཉིས་རིང་ཟ་མ་མི་ཟ་བའི་དཀའ་ངལ་སེལ་ཐུབ་པ་འདྲ་བོ་རེད། ཡིན་ན་ཡང་དཀའ་ངལ་གཞན་ཞིག་ལྷག་ཡོད་པ་ནི་བརྙན་འཕྲིན་ལ་དབྱིངས་ཞུགས་པ་དེ་རེད། བརྙན་འཕྲིན་ལ་ལྟ་བར་གོམས་པས་རྒྱ་གར་གྱི་སྐད་ལ་བྱང་ཆ་ལྡན་ཞིང་། རྒྱ་གར་སུ་ལ་ཡང་བརྡ་སྤྲོད་ཀྱི་གཞུང་ལུགས་དང་མཐུན་པའི་སྐད་ཆས་ཁ་བརྡ་བྱེད་པས་མི་ཚང་མ་ཧང་ནག་པོ་སང་འགྲོ། ཡུལ་མི་འགའ་རེས་ལོ་ན་བཞི་ཙམ་གྱི་བྱིས་པ་ཞིག་གིས་སྐད་ཆ་དེ་འདྲ་བཤད་ཐུབ་ཀྱང་ལོ་ངོ་མང་པོ་རྒྱ་གར་སྤྱི་ཚོགས་སུ་བསྡད་པའི་བོད་པ་ཚོས་རྒྱ་གར་སྐད་ཡག་པོ་མི་ཤེས་པ་ག་རེ་རེད་ཅེས་ཚ་འདྲི་བྱེད་མྱོང་། ངས་དེ་དག་ཡོན་ཏན་ཞིག་ཏུ་མ་རྩིས་པ་མིན་ན་ཡང་། ན་ཚ་ཞིག་ཏུ་ཡང་མཐོང་གི་འདུག་པས་ཅིས་ཀྱང་ཐབས་ལམ་ཞིག་བཙལ་དགོས་པ་རེད་སྙམ། ངས་མུ་མཐུད་དྲ་ཉུལ་བྱེད་པས་གོ་རིམ་བཅུ་གཅིག་ཅན་གྱི་ཐབས་ལམ་ཞིག་བསྟན་འདུག
གོ་རིམ་དང་པོ།
“བྱིས་པ་རྣམས་ལ་བརྙན་འཕྲིན་ནི་སྲོག་ལྡན་ཞིག་མིན་པ་དེ་གསལ་བཤད་བྱོས། བརྙན་འཕྲིན་ལ་ལྟ་བ་དེས་ཕྱིར་ཡོང་མེད་པའི་བྱ་འགུལ་དང་འཚོ་བའི་ཁྲོད་ཀྱི་བྱེད་སྒོ་གཞན་དག་ཤོར་འགྲོ་བ་དང་། བརྙན་འཕྲིན་ལྟ་བའི་དུས་ཚོད་ལ་སྟངས་འཛིན་བྱེད་དགོས་པ་འགྲེལ་བཤད་བྱོས། བརྙན་འཕྲིན་ལ་སུན་སྣང་མེད་པ་དང་། ཁ་གཏད་མེད་པ། མིའི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་བློ་གྲོས་མེད་པས་བྱིས་པ་ཚོ་ནི་ད་གཟོད་འཇིག་རྟེན་གྱི་མི་ཡོད་ཚད་ཀྱི་ལྟ་ས་ཡིན་པ་ར་སྤྲོད་བྱོས།”
བརྙན་འཕྲིན་ནང་གི་མེ་མདའ་རྒྱག་པའི་བྱ་སྤྱོད་དང་འཛིང་རེས་བྱེད་པའི་བྱ་སྤྱོད་སོགས་ལ་ལད་མོ་ཡང་ཡང་བྱེད་པ་མ་ཟད། གདོན་འདྲེ་སོགས་འཇིགས་རུང་གང་ཞིག་གིས་ཉམ་ཆུང་ཟ་བར་བྱེད་པ་སོགས་ཀྱི་མཚམས་ནས་ངས་ནམ་རྒྱུན་བརྙན་འཕྲིན་ནི་རྫུན་མ་ཡིན་པ་གསལ་བཤད་བྱེད་ཀྱི་ཡོད། ཉིན་ཞིག་བརྙན་འཕྲིན་ནས་གདོན་འདྲེ་ཞིག་གིས་བྱིས་པ་ཞིག་གི་སྐེ་བཙིར་ནས་འཆི་ལ་ཉེ་བ་ཞིག་བསྟན་པས་ངའི་བྱིས་པས་མིག་ཆུ་བཏང་སོང་། སྐབས་དེར་ངས་ཁ་པར་དུ་བརྙན་ཐུང་འགའ་སྒྲིག་ནས་བརྙན་འཕྲིན་ནང་གི་ཡོད་ཚད་རྫུན་བཟོས་ཡིན་པ་གསལ་བཤད་བྱེད་པ་ཡིན། དེ་ནས་ཉིན་གཅིག་གཉིས་རིང་ལ་བརྙན་འཕྲིན་རྫུན་མ་ཡིན་པ་ཡིད་ཆེས་བྱས་སོང་། ཡིན་ན་ཡང་རིམ་བཞིན་ཡིད་ཆེས་དེ་བརླག་པ་དང་བརྙན་འཕྲིན་ནང་གི་ཕུལ་བྱུང་མི་སྣང་དག་གི་གྱོན་གོས་དང་། ཆུ་ཚོད་སོགས་འདོགས་ཆ་ལག་ཆ་རིགས་རྨི་ལམ་དུ་ཡང་རྨིས་ཀྱི་ཡོད་པ་མ་ཟད། ལུས་ཀྱི་རྣམ་འགྱུར་སོགས་ལ་དབྱིངས་ཟབ་མོ་ཞུགས་འདུག མཚམས་རེར་མི་སྣ་དེ་དག་གི་བྱ་སྤྱོད་དངོས་སུ་འཁྲབ་པ་དང་སྐད་ཆ་ཡང་ཇི་བཞིན་བཤད་ཡོང་གི་འདུག ང་ལ་སེམས་ཁྲལ་ལྷག་མ་སྐྱེས་བྱུང་། ཕྱི་རྒྱལ་ནས་འཚར་ལོངས་བྱུང་བའི་ཕྲུ་གུ་རྣམས་ལ་བོད་པའི་གོམས་གཤིས་མ་འཇགས་པ་ལ་ཡང་བསམ་ཤེས་ཏོག་ཙམ་བྱུང་།
གོ་རིམ་གཉིས་པ།
“བརྙན་འཕྲིན་ལ་ལྟ་བའི་དུས་ཚོད་ཇེ་ཉུང་དུ་ཐོངས། གསལ་བཤད་ཀྱི་བརྒྱུད་རིམ་ནས་མཉམ་དུ་བསྡད་ནས་བརྙན་འཕྲིན་ལྟ་བའི་དུས་ཚོད་རེའུ་མིག་ཅིག་བཟོས། དུས་དེབ་དང་རྒྱུན་སྤྱོད་ཤེས་བྱ་སོགས་ནས་གཟའ་འཁོར་གཅིག་རིང་གི་བརྙན་འཕྲིན་ལེ་ཚན་གྱི་རེའུ་མིག་ཅིག་ཁྱེར་ཡོང་ནས་བྱིས་པ་སོ་སོས་དགའ་ཤོས་ཀྱི་ལེ་ཚན་དེ་བདམས་བཅུག་དགོས། ལེ་ཚན་དེ་ནི་བྱིས་པ་དེས་ལྟ་ཆོག་པའི་བརྙན་འཕྲིན་ལེ་ཚན་ཁོ་ན་ཡིན་པ་གསལ་བཤད་བྱོས། དེ་དང་མཉམ་དུ་ཉིན་རེར་ཆུ་ཚོད་༡ནས་༢རིང་ལྟ་ཆོག་པ་གཏན་ཁེལ་དང་། (དམིགས་བསལ་གུང་གསེང་མིན་དུས་དང་དགོང་མོ) གཏན་ཁེལ་ལས་བདའ་མི་ཆོག་པ་གསལ་བཤད་བྱོས། ལེ་ཚན་འགའ་རེ་དུས་ཚོད་གཅིག་གཉིས་ནང་དུ་ཡང་རྫོགས་ཀྱི་མེད་ན་གཏན་ཁེལ་གྱི་དུས་ཚོད་ནང་ལ་རྫོགས་ཐུབ་པའི་ལེ་ཚན་ཞིག་འདེམས་སུ་བཅུག”
གོ་རིམ་འདི་བློར་བབས་བྱུང་། ངས་ད་ལྟ་བར་དུ་དུས་ཚོད་གཅིག་གཉིས་ནང་ལྟ་ཐུབ་པའི་ལེ་ཚན་ཞིག་འདེམས་བཅུག་མྱོང་མེད། བརྙན་འཕྲིན་རྒྱང་སྒྱུར་དེ་བྱིས་པའི་ལག་པར་བཞག་པ་མ་ཟད་འགུལ་རིས་བརྙན་འཕྲིན་ཁག་གི་སྐུད་ལམ་ཨང་གྲངས་ཡང་གསལ་བོ་བཤད་ཡོད། བྱིས་པས་རེས་མོས་ཀྱིས་ལྟ་བས་རྫོགས་ཞེས་པའི་ས་མཚམས་ཤིག་གཏན་ནས་མེད་སོང་བ་འདྲ། དོ་དགོང་དྲ་ཉུལ་བྱས་པའི་ལག་ཡོང་ཡང་སྐད་ཆ་འདིས་ཆོག་པར་བྱ་སྙམ་བྱུང་།
གོ་རིམ་གསུམ་པ།
“བརྙན་འཕྲིན་སྒོ་རྒྱོབས། ལེ་ཚན་དེ་མ་ཐོན་བར་དུ་བརྙན་འཕྲིན་སྒོ་ཕྱེ་མ་བཅུག ལེ་ཚན་དེ་སྟོན་དུས་འུར་ཟིང་མེད་པར་ལྷིང་འཇགས་ཀྱིས་ལྟ་རུ་བཅུག འུར་ཟིང་གིས་ཕྲུ་གུའི་དོ་སྣང་ལ་བར་ཆད་འགྲོ་བ་དང་ལྟ་བཞིན་པའི་ལེ་ཚན་དེ་དགའ་ཤོས་ཤིག་མིན་པའི་དབང་དུ་བཏང་ན་ཡང་དོ་སྣང་དམིགས་བསལ་སླེབས་འཇུག་གི་རེད། ཐབས་ལམ་གཞན་ཞིག་ནི་བརྙན་འཕྲིན་གྱི་གློག་སྒོ་སྟངས་འཛིན་ཐུབ་ས་ཞིག་ལ་འཇོག་དགོས། དེས་ནི་ཉིན་རེའི་བརྙན་འཕྲིན་ལྟ་བའི་དུས་ཚོད་ལ་མ་ཐོན་བར་དུ་སྟངས་འཛིན་ཐུབ་ངེས།”
གོ་རིམ་འདིས་ངེད་བཟའ་བ་གཉིས་ཀའི་ནོར་འཁྲུལ་ཞིག་ལ་མཛུབ་མོ་འཛུགས་བཞིན་པ་འདྲ་བའི་ཚོར་སྣང་བྱུང་། ངའི་བྱིས་པས་བརྙན་འཕྲིན་སྒོེ་ཕྱེ་ཐུབ་པ་མ་ཟད་འོད་སྡེར་དང་ཟེར་སྡེར་སོགས་ཚང་མ་སྟོན་ཤེས་ཀྱི་ཡོད། ཁ་པར་དང་གློག་ཀླད་སོགས་ནས་བརྙན་དང་པར་རིས་ཚང་མ་སྒྲིག་སྦྱོར་ཤེས་ཀྱི་ཡོད། ཤེས་པ་དེ་ཡང་རང་བཞིན་གྱིས་ཤེས་པ་མ་ཡིན་པར་རེ་རེ་བཞིན་བསླབ་ནས་ཤེས་པ་རེད། ད་བར་སྟངས་འཛིན་བྱེད་མི་ཐུབ་པ་དང་བྱེད་དཀའ་བའི་ཚད་ཐིག་འདི་ཡང་བརྒྱུད་རིམ་དེ་དག་ནས་ཡོང་བ་འདྲ། གལ་སྲིད་གློག་སྒོ་དེ་མཐོ་ས་ཞིག་ན་ཡོད་ན། ཏན་ཏན་བསམ་བློ་གཏོང་ས་ཞིག་རེད་སྙམ།
གོ་རིམ་བཞི་བ།
“ཁྱིམ་ཚང་གི་རྒྱུན་འཇགས་གོམས་གཤིས་ལ་འགྱུར་བ་གཏོང་བ། ཚང་མ་གཅིག་གི་ཆེད་དུ་ཡང་ན་གཅིག་ཚང་མའི་ཆེད་དུ་ཞེས་པའི་གཏམ་དཔེ་ལྟར། བློས་གཏོང་གི་ཚད་ཐིག་གཅིག་གིས་སྐད་ཆ་བཤད་ན་ཁྱིམ་ཚང་ནས་བརྙན་འཕྲིན་མེད་པར་བཟོ་རྒྱུ་དེ་རེད། རེད། སུ་ལ་ཡང་འདྲིས་པ་བློས་གཏོང་གི་དཀའ་ངལ་ཡོད་པ་རེད། ཡིན་ཡང་ཁྱིམ་ཚང་ཞིག་ལ་མཚོན་ན་དེ་ལས་ཀྱང་གལ་ཆེ་བ་ནི་འཆར་གཞི་ཞིག་མགོ་བརྩམས་དགོས་པ་དེ་རེད། ཁྱིམ་ཚང་གཞན་དག་དང་ཡང་ན་གྲོགས་པོ་སོགས་སུ་བརྙན་འཕྲིན་བཅོལ་ནས་ཟླ་བ་གཅིག་ཙམ་རིང་ནང་མི་ཚང་མས་རྒྱུན་འཇགས་གོམས་གཤིས་ལ་འགྱུར་བ་ཞིག་ཐོངས་དང་། དེ་ནས་དཀའ་ངལ་གྱི་རྩ་བ་དེ་ཤེས་ཐུབ། འདི་ནས་གསལ་བརྡ་ཞིག་ལ། སྐབས་དེ་དག་ཏུ་དྲ་སྒོ་ངེས་པར་དུ་རྒྱོབས། དེ་དང་མཉམ་དུ་དྲ་ཐོག་རོལ་རྩེད་སོགས་འཕྲུལ་ཆས་ཀྱི་རྩེད་མོ་ཡོད་ཚད་ཐག་ཉེ་ལ་ཁྱེར་མ་ཡོང་། དེའི་ཚབ་ཏུ་སྲོལ་རྒྱུན་དམངས་ཁྲོད་ཀྱི་རྩེད་མོ་དང་། ཁེ་དང་མཚར་གཏམ་སོགས་མཉམ་འདུས་རང་བཞིན་གྱི་རྩེད་མོ་ལ་ཞུགས་ཐུབ་པར་འབད་བརྩོན་བྱོས།”
གོ་རིམ་འདིས་ང་ལ་འདས་དོན་མང་པོ་ཞིག་དྲན་གསོ་བཏང་སོང་། ང་ཆུང་ཆུང་ཡིན་དུས། ཁེ་བཤད་རེས་དང་གླུ་ཤགས་ལེན་རེས། ཐུར་མ་འདེགས་རེས། རྐང་རྡོ་འཕེན་རེས། ཐག་མཆོངས་རྒྱག་རེས་སོགས་ཁྱིམ་ཚང་དང་སྡེ་མང་ཚོགས་ས་ན་རྩེད་མོ་འདྲ་མིན་རྩེད་རྒྱུ་ཡོད། རྩེད་མོ་དེ་དག་གི་གོ་རིམ་ཁྲོད་ནས་ང་འཚར་ལོངས་བྱུང་བ་ཡིན་ལ་སྐབས་དེ་དག་ཏུ་མི་གཅིག་གིས་རྩེད་མོ་ཞིག་རྩེད་ཐབས་མེད་པ་དང་འདྲ་བར་ངེས་པར་དུ་རོགས་པ་འཚོལ་གྱིན་ཡོད། ད་ལྟའི་བྱིས་པ་འདི་དག་ལ་རོགས་པ་འཚོལ་བའི་བསམ་བློ་དང་གོམས་གཤིས་ཅི་ཡང་མེད་ལ་དགོས་མཁོ་ཡང་མེད་པ་འདྲ། རྒྱུ་མཚན་ལས་སླ་མོ་རེད། ཆ་རྐྱེན་ཡོད་པས་རེད། བརྙན་འཕྲིན་དང་ཁ་པར། རོལ་རྩེད་འཕྲུལ་ཆས་སོགས་འདྲ་མིན་སྣ་ཚོགས་ཡོད་པས་རང་རང་ས་ནས་གང་ཞིག་ལ་མགོ་འཁོར་པས་འཁྲིས་ཀྱི་ཕ་མ་དང་གྲོགས་པོ་སོགས་ལ་སྣང་བ་མི་གཏོང་། མཚམས་རེར་བཤད་པའི་སྐད་ཆ་ཡང་མི་གོ བརྙན་འཕྲིན་དང་དྲ་ལམ་སོགས་མེད་པར་གཏོང་བའི་གོ་རིམ་འདི་ལག་ལེན་བྱེད་མི་ཐུབ་ན་ཡང་། ཉིན་རེར་ནང་མི་ལྷན་འདུས་ཀྱི་རྩེད་མོའི་དུས་ཚོད་ཅིག་ཅིས་ཀྱང་གོ་སྒྲིག་བྱེད་དགོས་པ་འདྲ།
གོ་རིམ་ལྔ་བ།
“ཉལ་ཁང་ནང་དུ་བརྙན་འཕྲིན་མ་འཇོག རྒྱུ་མཚན། བརྙན་འཕྲིན་ནི་རིན་སྤྲད་ནས་ཉོས་པའི་ཅ་ལག་ཅིག་རེད། རང་གི་བྱིས་པ་དང་ཕན་ཚུན་འཁང་ར་བྱེད་པའི་དཀའ་ངལ་ལས་གྲོལ་ཐབས་ཙམ་བཤད་པ་ལས། བརྙན་འཕྲིན་ཉལ་ཁང་དུ་རྩ་བ་ནས་འཇོག་མ་ཆོག་པ་ཡང་མ་རེད། སྤྱིར་བཏང་ཉལ་ཁང་ནི་ངལ་གསོ་ས་ཞིག་རེད། ལྷིང་འཇགས་བག་ཕེབས་ཀྱི་གནས་དེ་ཡང་ཡིན་དགོས། བརྙན་འཕྲིན་གྱིས་ཁྱེད་ལ་ཞི་བདེ་བག་ཕེབས་ཀྱི་ཚོར་སྣང་ཅི་ཡང་སྤྲོད་མི་ཐུབ། དམིགས་བསལ་བྱིས་པའི་ལེ་ཚན་མིན་པ། ཁོང་ཚོའི་ནུས་སྟོབས་དང་སྐྱེས་འཕེལ་སྐོར་གྱི་ལེ་ཚན་དེ་འདྲ་ཡང་མིན་ན་དེ་བས་ནང་དུ་མི་འཇོག་པར་སྟངས་འཛིན་བྱེད་བདེ་ས་ཞིག་ལ་འཇོག་དགོས། གལ་སྲིད་ཁྱེད་ལ་ནང་མི་མང་པོ་ཡོད་ན་ལྟ་ཕྱོགས་དགའ་ཕྱོགས་ལ་རྩོད་པ་ཡོང་སྲིད་པས་བརྙན་འཕྲིན་གཅིག་གིས་མི་ཆོག་པའི་བསམ་བློ་ཡང་འཁོར་སྲིད། ཡིན་ན་ཡང་ཕན་ཚུན་བསམ་ཤེས་དང་དགའ་ཕྱོགས་བརྗེ་རེས་ནི་བྱིས་པ་རྣམས་ལ་ཁྲིད་དགོས་པའི་ཤེས་བྱ་གཙོ་བོ་གཉིས་ཡིན།”
གོ་རིམ་འདི་ཀློག་དུས།“ཨ་མའི་བརྙན་འཕྲིན་སྟོན་” ངས་རང་གི་བྱིས་པའི་སྐད་ཆ་ཞིག་ཡང་ཡང་ཐོས་ཀྱི་འདུག ངའི་བྱིས་པ་རིག་རྒོད་ཅིག་ཡིན། གླ་རྔན་ཟ་འདོད་པ་དང་ཡང་ན་ཨ་མར་རེ་དགོས་པའི་དོན་དག་རེ་ཡོད་ཚེ་“ཨ་མའི་བརྙན་འཕྲིན་སྟོན་ན་་་་་”ཞེས་ང་ལ་ཆ་རྐྱེན་འདོན་ངེས་རེད། སྐབས་འདིར་ཨ་མའི་བརྙན་འཕྲིན་ཞེས་པ་ནི་བོད་སྐད་ཀྱི་ལེ་ཚན་ཁག་རེད། བོད་སྐད་ལེ་ཚན་གྱིས་ང་ཚོ་ཕ་ཡུལ་གྱི་ཉེ་སར་ཁྲིད་ཀྱི་ཡོད་པས་ང་ལ་བརྙན་འཕྲིན་ལྟ་བའི་དུས་ཚོད་ཅིག་བྱུང་ན་བོད་སྐད་ལ་ལྟ་བཞིན་ཡོད།
ལེ་ཚན་འདི་བཀླགས་རྗེས་ང་ཚོར་ངེས་པར་དུ་བརྙན་འཕྲིན་དགོས་དོན་ག་རེ་ཡིན་ནམ་སྙམ་བྱུང་། བསམ་བློ་ཞིག་བཏང་ན་རང་ཉིད་ཨ་མ་ཆགས་པ་ནས་ལོ་གསར་སྐབས་མ་གཏོགས་བརྙན་འཕྲིན་ལ་བལྟས་ནས་དུས་ཚོད་ལྷོད་ལྷོད་ཅིག་སྐྱེལ་བ་དྲན་གྱི་མི་འདུག ལོ་གསར་དགོང་ཚོགས་ལ་ལྟ་བའི་སེམས་འདུན་བོར་མ་མྱོང་བ་ནི་ཁྱིམ་ཚང་ལ་བརྙན་འཕྲིན་ཞིག་དགོས་པའི་རྒྱུ་མཚན་གཅིག་ཡིན་པ་འདྲ། བྱིས་པ་ལོ་གཉིས་ལ་སོན་དུས་དུད་འགྲོ་སེམས་ཅན་ངོ་སྤྲོད་དང་། ཁ་དོག་ངོ་སྤྲོད། གྲངས་ཀ་རྩི་སྟངས་སོགས་ཀྱི་འོད་སྡེར་བསྟན་ནས་འཚར་ལོངས་ལ་རོགས་འདེགས་བྱས་མྱོང་། ཡིན་ན་ཡང་ད་བར་བྱིས་པའི་དགའ་ཕྱོགས་ཀྱི་ངོས་ནས་ཡིན་ནམ་ཡང་ན་ངེད་བཟའ་གཉིས་ཀས་སྣང་མེད་ཤོར་བ་ཡིན་མ་ངེས་ཀྱང་། གང་ལྟར་རོགས་འདེགས་དེ་རྒྱུན་སྐྱོང་ཐུབ་མི་འདུག དུས་ཚོད་ནམ་ཞིག་ནས་རྒྱུན་སྐྱོང་མ་ཐུབ་པ་ཡང་བཤད་རྒྱུ་མི་འདུག
གོ་རིམ་དྲུག་པ།
“རླངས་འཁོར་ནང་དུ་གཟུགས་མཐོང་འཕྲུལ་ཆས་སོགས་མ་འཇོག ཕ་མ་ཚོས་རླངས་འཁོར་དུ་གཟུགས་མཐོང་འཕྲུལ་ཆས་བཞག་ནས་བྱིས་པ་ཚོ་སེམས་གཡེང་དུ་བཅུག་པ་ནི་སེམས་འགུལ་ཐེབས་པ་ཞིག་རེད། ཡིན་ན་ཡང་རྒྱ་ལམ་དུ་འཁྱམ་བསྐྱོད་བྱེད་པ་དང་རླངས་འཁོར་དུ་འཆམ་འཆམ་ལ་འགྲོ་བ་སོགས་ནི་བྱིས་པ་ཚོའི་འབྲི་རྩལ་དང་། ཀློག་རྩལ། ལུས་རྩལ་སོགས་མདོར་ན་བྱིས་པ་རྣམས་ཀྱི་དབང་བོ་འཚར་ལོངས་ལ་རོགས་འདེགས་བྱེད་པའི་དུས་ཚོད་ཡག་ཤོས་ཤིག་རེད། དུས་ཚོད་དེ་དག་ཏུ་ཕ་མ་དང་མཉམ་དུ་སྐད་ཆ་བཤད་པ། གླུ་གཞས་ལ་ཉན་པ། སྒེའུ་ཁུང་ཕྱི་རོལ་གྱི་ཡུལ་ལྗོངས་ལ་རོལ་བ་སོགས་ནི་རང་བྱུང་ཁམས་བརྩེ་བ་མྱོང་སྟངས་ཤིག་ཀྱང་རེད། དེ་ལ་འགྲོ་སོང་ལྷག་མ་མེད་ལ་ལྟ་རྟོགས་ལྷག་མ་ཡང་དགོས་མཁོ་མེད།”
ཚན་པ་འདི་ཀློག་དུས་ཁོར་ཡུག་གི་ཆ་ནས་ཡང་ན་འཚོ་བ་རོལ་སྟངས་ཀྱི་ཆ་ནས་ང་ཚོ་དང་དེ་འདྲ་འཕྲོད་པོ་མ་བྱུང་། ཡིན་ན་ཡང་ངའི་བྱིས་པ་ཆུང་ཆུང་ཡིན་དུས་བྱེའུའི་སྐད་ལ་ཉན་རྒྱུར་དགའ། གཙང་འགྲམ་དང་ནགས་གསེང་དུ་འགྲོ་རྒྱུར་དགའ། སྤང་ཐང་ནས་སྤོ་ལོ་རྩེད་རྒྱུར་དགའ། ཕྱེ་མ་ལེབ་བདའ་རྒྱུར་དགའ། རྩྭ་དང་མེ་ཏོག་འཐུ་རྒྱུར་དགའ། རྡོ་ཆས་སྒྲིག་ནས་ཟ་མ་བཟོ་ཁུལ་བྱེད་རྒྱུར་དགའ། དབྱིག་པ་ཆུང་ཆུང་དག་སྒྲུག་ནས་ཁང་པ་ལས་རྒྱུར་དགའ། ཡིན་ན་ཡང་འབྲི་ཀློག་གི་མགོ་བརྩམས་པ་ནས་ངེད་བཟའ་ཚང་གཉིས་ཀས་དཔེ་ཆ་དང་འབྲི་དེབ་ཐོག་ལ་ཤུགས་སྣོན་རྒྱག་བཞིན་པ་ལས་ཕྱི་རོལ་དུ་འཆམ་འཆམ་ལ་ཁྲིད་པའི་དུས་ཚོད་དེ་ཤོར་ཡོད་པ་འདྲ། ཐ་ན་གཟའ་ཉི་མ་དང་གུང་གསེང་ལ་ཡང་དུས་ཚོད་མང་ཆེ་བ་བརྙན་འཕྲིན་གྱི་མདུན་ནས་སྐྱེལ་གྱི་ཡོད། ཚན་པ་འདིས་ཤོར་མི་ཉན་པའི་དུས་ཚོད་ཅིག་དྲན་གསོ་གཏོང་གི་འདུག
གོ་རིམ་བདུན་པ།
“བདམས་ཀ་གཞན་པ་མཁོ་སྤྲོད་བྱོས། བྱིས་པ་ཚོས་ཉི་མ་རེ་རེ་འཇིག་རྟེན་གྱི་བྱ་དངོས་ལ་སློབ་སྦྱོང་བྱེད་དགོས་པ་རེད། ངེས་པར་དུ་ཤེས་དགོས་པ་ཞིག་ལ་སློབ་སྦྱོང་དེ་དག་ནི་དངོས་སུ་མཐོང་བ་དང་རེག་པ། བཀོལ་བ་སོགས་སྦྱོང་གོམས་མྱོང་གསུམ་ཁྲོད་ནས་ཐོབ་པ་ལས་བཤད་སྒྲོས་དང་ཡང་ན་བརྙན་འཕྲིན་བརྒྱུད་ལམ་སོགས་ནས་ངོ་མི་ཤེས་པ་སེམས་ལ་བཟུང་། བྱིས་པ་ཚོས་གང་ཞིག་ལ་སྦྱོང་གོམས་དང་ངོ་ཤེས་གཏོང་བར་ཕ་མའི་ངོས་ནས་རོགས་རམ་བྱེད་དགོས་པ་རེད། བྱིས་པའི་དགའ་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས་པ་རེད། རྩེད་ཆས་སོགས་བྱེད་སྒོ་སྣ་ཚོགས་ཀྱི་ཆ་རྐྱེན་མཁོ་སྤྲོད་བྱེད་ཐུབ་དགོས། རྩེད་ཆས་དེ་དག་བླུགས་སའི་ཆ་སྒམ་དང་འཇོག་ས་ཡང་མཁོ་སྤྲོད་ཐུབ་དགོས།
དཔེར་ན།
· ཚན་རིག་པའི་ཅ་ལག་དང་ཚོད་ལྟའི་ཡོ་བྱད། གློག་ཆས་ཡོ་བྱད། གནམ་གཤིས་བརྟག་དཔྱད་ཀྱི་ཡོ་བྱད། རང་བྱུང་ཁོར་ཡུག་རྟོགས་ཞིབ་ཡོ་བྱད། ས་ཆུ་མེ་རླུང་སོགས་ཀྱི་ངོ་སྤྲོད་ཡོ་བྱད། རོལ་ཆ་རིགས།
· ལག་ཤེས་དང་ལག་རྩལ་ཡོ་བྱད། རི་མོ་འབྲི་བྱེད་དང་རྒྱུ་ཆ།
· མིག་མང་རྡེའུ། ཤོག་འཕེན་རྩེད་ཆས། ཁང་པ་རྩིག་བྱེད། ཐབ་ཚང་གི་ཅ་ལག རླངས་འཁོར་དང་མེ་འཁོར་རིགས།
· རྟ་ཟོག་སེམས་ཅན་ངོ་སྤྲོད།
· བྱིས་པའི་ཀློག་དེབ་སྣ་ཚོགས། ལོ་ཚོད་ལ་དཔག་པའི་ཀློག་དེབ་འབྲི་དེབ། སློབ་ཚན་དང་ལོ་རིམ་ལ་དཔག་པའི་ཀློག་དེབ་འབྲི་དེབ།”
གོ་རིམ་འདི་བཀླགས་རྗེས། ངས་ནུབ་ཕྱོགས་ཀྱི་བྱིས་པ་ཚོ་དང་བོད་པའི་བྱིས་པ་ཚོ་སྡུར་དགོས་བྱུང་། ནུབ་ཕྱོགས་ནས་བྱིས་པའི་ཆ་རྐྱེན་ལ་ལྟ་རྟོགས་བྱེད་མཁན་ཡང་ཡོད་པ་རེད། བོད་པའི་སྤྱི་ཚོགས་སུ་དེ་ལྟར་བཙན་ཤེད་དང་ལྟ་རྟོགས་བྱེད་མཁན་མེད་ན་ཡང་། ད་ལྟའི་ཕ་མ་ཚོས་གང་ཐུབ་ཅི་ཐུབ་ཀྱིས་བྱིས་པའི་ཡོ་བྱད་དང་རྩེད་ཆས། སློབ་ཆས་སོགས་མཁོ་སྤྲོད་གནང་ཡོད་པ་ཁྱིམ་ཚང་སོ་སོ་ན་མཐོང་རྒྱུ་ཡོད། ཡིན་ན་ཡང་མཚམས་ལན་རེར་རིགས་དེ་དག་ནི་ཕ་མའི་འགན་འཁུར་དང་དམིགས་ཡུལ་གཙང་མ་ཞིག་གིས་ཉོས་པ་མིན་པར། ལད་ཟློས་དང་ཡང་ན་རང་གིས་བྱིས་པས་གཞན་གྱི་རྩེད་ཆས་མ་འཕྲོག་པའི་ཆེད་དུ་ཉོས་པ་རེད། ཉོས་པ་ནས་ལས་འགན་རྫོགས་སོང་བ་རེད་ལ། དེ་ངོ་སྤྲོད་དང་བཀོལ་སྤྱོད་ལ་དེ་འདྲ་ཁ་ཡ་མི་བྱེད། ནམ་ཞིག་རྩེད་ཆས་རླངས་འཁོར་ཞིག་གི་འཁོར་ལོ་ལྟ་བུ་ཞིག་ཆགས་སོང་ན། རྗེས་མ་ནས་རྩེད་ཆས་མི་ཉོ་བའི་འཇིགས་སྐུལ་ཡང་བྱེད་ངེས། ཕ་མ་སུ་ཞིག་གིས་དེ་ཆགས་འགྲོ་བ་དང་ཆགས་པའི་རྒྱུ་མཚན། མི་ཆགས་པའི་ཐབས་ལམ། ཆགས་སོང་ན་ག་རེ་བྱུང་གི་ཡོད་པ། མ་ཆགས་གཉར་ཚགས་ཐུབ་ན་ཕན་ཐོགས་ག་རེ་ཡོད་པ་་་་་གནས་ལུགས་མང་པོ་ཞིག་ཤེས་ན་ཡང་འགྲེལ་བཤད་རྒྱག་པའི་གོམས་གཤིས་མེད། ཕ་མ་ལ་ལས་ད་དུང་རང་གི་བྱིས་པའི་ལག་པར་ཐལ་ལྕག་ཚ་ཐག་ཆོད་ཅིག་གཞུས་ཡོད་ངེས། དྲང་མོ་བཤད་ན་བྱིས་པའི་ཀུན་སློང་ན་རླངས་འཁོར་བཅག་བསམ་པ་ཞིག་ཡོད་མི་སྲིད། མ་ཤེས་པ་ནི་ཤུགས་ཀྱིས་བརྡབ་ན་ཆགས་འགྲོ་བ་དེ་མ་ཤེས་པ་རེད། ཕ་མས་དེ་གསལ་བཤད་བྱེད་དགོས་པ་འདྲ། དེ་ལྟར་བོད་པའི་ཕ་མ་ཚོའི་ངོས་ནས་བྱིས་པར་རྒྱབ་སྐྱོར་དང་སློབ་སྦྱོང་སྤྲོད་སྟངས་གཉིས་ཀར་དོ་སྣང་དགོས་རྒྱུ་གལ་ཆེན་རེད་སྙམ་བྱུང་། མཚམས་རེར་བྱིས་པ་གཉོར་སྐྱོང་གི་དེབ་དང་དྲ་རྒྱ་ཀློག་དུས་ད་གཟོད་འདི་རིགས་ལ་དྲན་གསོ་ཡང་ཡང་གཏོང་གི་འདུག
གོ་རིམ་བརྒྱད་པ།
“ལུས་རྩལ་གྱི་བྱེད་སྒོ་དང་སྒེའུ་ཁུང་ཕྱི་ལོགས་ཀྱི་ཁོར་ཡུག་ལ་ལོངས་སྤྱོད་ཐུབ་པ་གནང་དགོས། ཚོང་ཁང་སྤུས་དག་ནས་ཐོན་པའི་ཅ་ལག་སྤུས་དག་སྤོ་ལོ་དང་། དབྱིག་པ་སྤོ་ལོ། བྱ་སྒྲོ། དྲ་སྤོལ། ཐག་མཆོངས། མཁའ་གཡུག་སྤོ་ལོ། ལྕགས་རྟ་ལ་སོགས་པའི་མཐུན་རྐྱེན་སྦྱར་ཏེ་གཟུགས་པོ་སྦྱོང་བརྡར་བྱེད་པར་གཞོགས་འདེགས་གནང་དགོས། དེ་བཞིན་མེ་ཏོག་ལྡུམ་རྭ་དང་། ཆུ་རྐྱལ་རྭ་བ། རྩེད་ཐང་རྭ་བ་སོགས་སུ་ཁྲིད་ནས་ཕ་མས་བྱིས་པ་དང་མཉམ་རྩེད་མཉམ་འདུག་གནང་དགོས། བྱིས་པ་གཞན་དང་མཉམ་དུ་རྩེད་པའི་སེམས་ཤུགས་སྤྲོད་དགོས་པ་དང་། གྲོགས་པོ་གྲོགས་མོ་མང་པོ་དང་མཉམ་ཞུགས་ཐུབ་པའི་གདེངས་ཚོད་སྤྲོད་ཐུབ་དགོས། ལོ་ཚོད་ཆ་མི་མཉམ་པའི་བྱིས་པ་མང་པོ་སྤྱིར་བཏང་གི་ལུས་རྩལ་བྱེད་སྒོ་ཁག་ཏུ་མཉམ་ཞུགས་དང་ཡང་ན་ཚོགས་ཁག་སྒྲིག་པ། མི་སྒེར་རེ་རེ་བྱེད་པ་བཅས་བྱིས་པའི་རྣམ་འགྱུར་དང་། འདོད་པ། དགའ་ཕྱོགས་ལ་བསྟུན་པའི་སྒོ་ནས་མཉམ་ཞུགས་གནང་འཇུག་དགོས།”
གོ་རིམ་འདིས་ངས་བྱིས་པའི་ཆེད་དུ་དུས་ཚོད་གཏོང་རྒྱུ་ཉུང་དྲགས་ཡོད་པ་གསལ་བཤད་གནང་བྱུང་། གཟའ་ཉི་མ་སོགས་གུང་གསེང་ལ་མ་གཏོགས་བྱིས་པ་འཆམ་འཆམ་དུ་དེ་འདྲ་ཁྲིད་ཀྱི་མེད། མཚམས་རེར་གུང་གསེང་དུ་ཡང་ལས་དོན་ག་གེ་མོའི་ཆེད་དུ་གཅིག་གིས་བྱིས་པ་དང་མཉམ་དུ་ནང་ནས་འདུག་པ་དང་། གཅིག་ཤོས་ལས་དོན་སྒྲུབ་པར་འགྲོ་གི་ཡོད། ནང་ནས་བསྡད་རིང་དུས་ཚོད་མང་ཆེ་ཤོས་བརྙན་འཕྲིན་མདུན་དུ་སྐྱེལ་གྱི་ཡོད། ན་ནིང་ད་ལོ་ནས་ནང་མི་ཚང་མ་དྲ་ཉུལ་ལ་གོམས་ཀྱི་འདུག བརྙན་འཕྲིན་ལྟ་བ་ལས་ཀྱང་ཉེན་ཁ་ཚ་བའི་ལམ་ཁ་ཞིག་ཏུ་བསྐྱོད་བཞིན་ཡོད་པ་འདྲ། ད་ནི་གོ་རིམ་འདི་ནས་བསླབ་བྱ་ཞིག་བླངས་ནས་སྒེའུ་ཁུང་ཕྱི་རོལ་གྱི་བྱེད་སྒོ་ཞིག་ཏུ་ནང་མི་མཉམ་ཞུགས་ཀྱི་དུས་ཚོད་རེའུ་མིག་ཅིག་ཅིས་ཀྱང་དགོས་ཀྱི་འདུག བོད་ལ་ཐུན་མོང་མ་ཡིན་པའི་གོམས་གཤིས་ཁྱད་པར་བ་ཞིག་ཡོད་པ་ནི་དགོན་པ་ཁག་ཏུ་ཡང་ཡང་འགྲོ་བ་དེ་རེད། ངའི་ཁོར་ཡུག་ཏུ་ཡང་དགོན་པ་ཡོད། མཚམས་རེར་ངས་བྱིས་པ་ཁྲིད་ནས་དགོན་པར་སོང་བ་དང་མ་ཎི་འཁོར་ལོ་བསྐོར་གྱི་ཡོད། བྱིས་པ་ཞིག་གི་ངོས་ནས་དགེ་བ་ཞེས་པའི་ཆོས་སེམས་དེ་ཡོད་མི་སྲིད་ན་ཡང་དུས་ཚོད་སྐྱེལ་སྟངས་ཡག་པོ་ཞིག་དང་བག་ཆགས་འཇོག་སྟངས་ཤིག་ཏུ་བསམ་བློ་གཏོང་གི་ཡོད། དེ་ཡང་གཏན་འཁེལ་དང་དུས་ཚོད་རེའུ་མིག་ཅིག་མེད་པས་མཚམས་རེར་འདོད་པ་ཡོད་མེད་ཅིག་གིས་ཐག་གཅོད་བྱེད་པ་འདྲ། ད་ནི་ནང་མི་གྲོས་མོལ་གྱིས་ཕྱི་རོལ་གྱི་བྱེད་སྒོ་ལ་རོལ་བའི་དུས་ཚོད་ཅིག་གཏན་འཁེལ་ཐུབ་དགོས་སོང་།
གོ་རིམ་དགུ་བ།
“ནང་མི་དང་ལྷན་དུ་ལྗོངས་རྒྱུ་ལ་སོང་། འགྲེམས་སྟོན་ཁང་དང་། སྤྱི་གླིང་། ཚན་རིག་གླིང་ག ཆུའི་སྲོག་ཆགས་གླིང་ག རི་དྭགས་སྲོག་ཆགས་གླིང་། ན་ཆུང་བྱིས་པའི་སྤྱི་གླིང་། དབྱིག་སྤོལ་རྩེད་ཐང་ཆུང་ཆུང་། གློག་བརྙན་ཁང་། མཚོ་འགྲམ་སོགས་སུ་ལྗོངས་རྒྱུ་ལ་ཁྲིད་ནས་བརྙན་འཕྲིན་དང་བར་ཐག་ཇེ་རིང་དུ་ཐོངས། མེ་འཁོར་སོགས་སུ་བསྡད་ནས་གང་ནས་མགོ་བརྩམས་ནས་འགྲོ་གི་ཡོད་པ་དང་གང་ནས་བབས་རྗེས་ཕྱིར་ལོག་དགོས་པ་བཅས་ནན་བཤད་བྱེད་དགོས། ཕྱི་ལོགས་སུ་ལྗོངས་རྒྱུ་ལ་འགྲོ་བ་དང་མཉམ་དུ་ལས་གྲྭ་ཆུང་ཆུང་རེ་སྒྲུབ་ཐུབ་པར་རོགས་རམ་གནང་དགོས། རེག་པ་དང་། ལྟ་བ། དྲི་མྱོང་བ། སྒྲ་ཐོས་པ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་བྱིས་པ་རྣམས་ཀྱིས་འཇིག་རྟེན་གྱི་བྱ་དངོས་རེ་རེ་ལ་རྒྱུས་ལོན་ཐུབ་པར་སེམས་ཤུགས་དང་སྤོབས་པ་སྤྲོད་དགོས། བརྙན་འཕྲིན་ནང་ནས་སྟོན་པའི་བྱ་དངོས་ཀྱི་བྱིས་པ་ཚོའི་ཚོར་ཤེས་ལ་འཇགས་ཐུབ་པའི་ཤེས་བྱ་ཞིག་མཁོ་སྤྲོད་མི་ཐུབ་ལ། གང་ཞིག་ཤེས་པ་དེ་ཡང་དོན་དངོས་དང་ཁ་ཐག་རིང་།”
ངའི་བྱིས་པ་ལོ་གཅིག་དང་ཕྱེད་ཀར་སླེབས་དུས་ཕ་ཡུལ་བོད་དུ་ཐེངས་གཅིག་ཁྲིད་པ་ཡིན། ཕ་ཡུལ་དུ་སླེབས་མ་ཐག་བྱིས་པ་ཧ་ཅང་སུན་སྣང་སྐྱེས་ཀྱི་འདུག ཕ་ཡུལ་གྱི་མི་དང་སྐད་བརྡ་མི་འཕྲོད་པ་མ་ཟད། ཟ་མ་དང་ཁོར་ཡུག་སོགས་ཆ་ཚང་མ་འདྲ་བ་ཞིག་ཏུ་གྱུར་བས་“ཕྱིར་ནང་ལ་ལོག་འགྲོ་”ཞེས་ཡང་ཡང་བཤད་མྱོང་། སྐབས་དེར་ངས་གཙང་འགྲམ་སོགས་སུ་ཁྲིད་ནས་སེམས་གཡེང་ཐབས་བྱས་པས་རིམ་བཞིན་གོམས་པར་གྱུར་སོང་། ངའི་ཕ་ཡུལ་གྱི་སྐད་བརྡ་དང་གོམས་གཤིས་ལ་བྱང་སོང་བ་མ་ཟད། ཁྱོ་གའི་ཕ་ཡུལ་གྱི་སྐད་བརྡ་དང་གོམས་གཤིས་ལ་ཡང་བྱང་སོང་། སྐབས་དེར་བྱིས་པ་ཆུང་ཆུང་ཚོའི་ཤེས་པ་ནི་མི་རྒན་པ་ལས་ལྡབ་འགྱུར་གྱི་མྱུར་བ་རྟོགས་བྱུང་། ང་ཚོས་གཞན་གྱི་སྐད་ཡིག་སྦྱང་བར་ལོ་ཁར་ལོ་མཐུད་མོད། བྱིས་པ་ཚོས་ཟླ་གཅིག་གཉིས་ནང་ཟིན་ཡོང་བ་མ་ཟད་སྐད་ཆའི་རྣམ་འགྱུར་དང་བཅས་པ་ཏག་ཏག་ལེན་ཐུབ་ཀྱི་འདུག ཕ་ཡུལ་ནས་ཟླ་ལྔ་ལ་བསྡད་རྗེས་ཕྱིར་ལོག་ཡོང་བ་ཡིན། རང་གནས་སུ་སླེབས་དུས་བྱིས་པས་ཕ་ཡུལ་གྱི་སྐད་ལས་བཤད་ཀྱི་མི་འདུག་པས། ཁོང་གི་སློབ་གྲོགས་ཚང་མ་ཧང་སངས་པ་དང་ཡ་མཚར་སོང་། ཁོང་ཚོས་སྐད་མ་འདྲ་བ་ཞིག་གོ་བ་ནི་མཚར་པོ་ཞིག་ཏུ་མཐོང་གི་ཡོད་པ་མ་ཟད་སྐྱིད་སྣང་དོད་ཤོས་ཤིག་ཏུ་མཐོང་གི་འདུག རྒྱུ་མཚན་བྱིས་པ་ཚང་མ་ངའི་བྱིས་པའི་མཐའ་ནས་བསྐོར་ཏེ་སྐད་ཆ་འདྲ་མིན་དྲིས་པ་དང་། སྔ་དགོང་ཐུག་དུས་དམིགས་བསལ་འཚམས་འདྲི་དང་སློབ་གྲྭ་གྲོལ་མཚམས་ལ་གཅིག་ལས་གཅིག་མགྱོགས་ཀྱིས་བདེ་མོ་འཇོག་གི་འདུག བྱིས་པ་དེ་དག་ནང་དུ་སོང་ནས་ཀྱང་གངས་དཀར་(ངའི་བྱིས་པའི་མིང་)གྱིས་ཨམ་སྐད་བཤད་ཤེས་ཀྱི་འདུག་ཅེས་རང་གི་ཕ་མ་ཚོར་གསར་འགྱུར་ཞིག་ཏུ་ཚབ་ཏུ་སྨྲ་བཞིན་འདུག གནས་སྟངས་དེའི་ཐོག་ནས་བྱིས་པ་ཚོ་གསར་བ་ཤེས་པ་ལ་དང་འདོད་ཡོད་པ་མཚོན་གྱི་འདུག དེར་བརྟེན་བྱིས་པ་ཁྲིད་ནས་ཁོར་ཡུག་མ་འདྲ་བར་སྤྲོ་འཆམ་དུ་འགྲོ་རྒྱུའི་འདུན་པ་ཡང་ཇེ་དྲག་ཏུ་བུད་སོང་། སོང་ནས་ཀྱང་ལས་གྲྭ་ཆུང་ཆུང་རེ་ཅིས་ཀྱང་སྒྲུབ་ཐུབ་ན་བསམ་བྱུང་། བྱིས་པའི་སློབ་གྲྭའི་ངོས་ནས་ཁོར་ཡུག་སྐོར་གྱི་ལས་གྲྭ་དང་སྲོག་ཆགས་སྐོར་གྱི་ལས་གྲྭ་བཅས་ཟླ་གཅིག་གཉིས་ནང་ལ་ལས་གྲྭ་རེ་སྒྲུབ་ཀྱི་འདུག་མོད། ཕ་མའི་ངོས་ནས་ད་ལྟ་བར་དུ་སྒྲུབ་མྱོང་མེད། རྩྭ་རྐང་གཅིག་ངོ་སྤྲོད་དང་འབུ་སྣ་གཅིག་ངོ་སྤྲོད་ལེགས་པོ་ཐུབ་ན་ཡང་ཤེས་བྱ་ཡིན་པས་དོ་སྣང་བྱེད་དགོས་པ་ཚན་པ་འདིས་དྲན་སྐུལ་བཏང་བྱུང་།
གོ་རིམ་བཅུ་བ།
“བརྙན་འཕྲིན་ལྟ་རྒྱུ་ཇེ་ཉུང་དུ་བཏང་བར་བསྟོད་བསྔགས་གནང་དགོས། བརྙན་འཕྲིན་ལ་ལྟ་བའི་འཆར་གཞི་ལེགས་འགྲུབ་བྱུང་སྟེ་བྱིས་པས་དུས་ཚོད་རེའུ་མིག་ལྟར་བརྙན་འཕྲིན་ལ་བལྟས་པ་ཡིན་ན། ཕ་མའི་ངོས་ནས་རྒྱབ་སྐྱོར་ལྷག་མ་དང་མཉམ་དུ་བསྟོད་བསྔགས་དང་བྱ་དགའ་གནང་ཐུབ་དགོས། བྱ་དགའ་དེ་ཡང་བྱེད་སྒོ་དང་འབྲེལ་བའི་ཐོག་ནས་དཔེར་ན་བྱིས་པའི་སྤྱི་གླིང་དུ་ཁྲིད་པ་དང་། ཟློས་གར་ཁང་དུ་ཁྲིད་པ། རྩེད་ཆས་ཉོ་བ། གོན་པ་གསར་བ་ཉོ་བ། དེབ་དང་སློབ་ཆས་ཉོ་བ་བཅས་ཡིན་དགོས།”
མི་ནི་སྒྱིག་ལུག་དང་ལེ་ལོའི་དབང་དུ་འགྲོ་ཆོག་ཆོག་ཅིག་རེད་འདུག སྤྱིར་བཏང་བྱས་ན་གོ་རིམ་འདི་དག་ཡོད་ཚད་ཤེས་བྱ་གསར་བ་གསར་རྐྱང་དེ་འདྲ་མིན་ན་ཡང་། མང་ཆེ་བ་ནི་མགོ་རེ་བརྩམས་རྗེས་རྒྱུན་སྐྱོང་མ་ཐུབ་པར་གཡུག་བཞག་པ་ཏག་ཏག་རེད་འདུག ཆེད་དུ་དུས་ཚོད་བཏང་ནས་དེབ་ཀློག་པ་དང་གཞན་པ་སྐད་ཆ་དྲིས་ན་ཏག་ཏག་དྲན་གསོ་དང་སྐུལ་ལྕག་ཡོང་གི་འདུག ལོ་གཅིག་གོང་ལ་ངས་“ཨ་མ་མཛངས་མ་དགེ་བའི་བཤེས་གཉེན་འདྲ་”ཞེས་པའི་དཔེ་ཆ་དེ་བཀླགས་པ་ཡིན། རང་གི་བྱིས་པའི་ཆེད་དུ་བྱེད་དགོས་པ་མང་པོ་ཞིག་སེམས་ལ་འཁོར་བ་དང་ལག་ལེན་ཡང་གང་ལ་གང་འཚམས་བྱས་པ་ཡིན། ཡིན་ན་ཡང་ད་ལྟ་ལག་ལེན་དེ་དག་དང་ཡང་ཁ་ཐག་ཇེ་རིང་དུ་འགྲོ་གི་འདུག གང་ལྟར་དེ་རིང་དྲ་ཐོག་ནས་རྙེད་པའི་གོ་རིམ་འདི་དག་གིས་ཡང་བསྐྱར་ང་ལ་སྐུལ་ལྕག་ཐེབས་བྱུང་། བྱིས་པ་ཚོའི་ཆེད་དུ་ཕ་མའི་ངོས་ནས་དུས་ཚོད་དང་ནུས་པ་སོགས་ལྷོད་གཡེང་མེད་པར་གཏོང་དགོས་ཞེས་ཡང་ཡང་སྐུལ་བྱུང་།
གོ་རིམ་བཅུ་གཅིག་པ།
“མིག་དཔེ་ཡག་པོ་ཞིག་སྟོན། དེ་ཡང་ཕ་མའི་བྱ་སྤྱོད་སྐོར་གྱི་གནད་དོན་ཞེས་གསལ་བཤད་མ་ཡིན་ན་ཡང་། ཕ་མའི་ངོས་ནས་བྱིས་པ་ཚོར་གང་ཞིག་འགྲིག་པ་དང་བྱེད་ཆོག་པར་རྣམ་འགྱུར་ག་འདྲ་ཞིག་སྟོན་གྱི་ཡོད་དམ། ཐད་ཀར་བཤད་ན་རང་ངོས་ནས་བརྙན་འཕྲིན་ལ་ཉུང་ཙམ་ལྟོས། ཡང་ན་ནང་གི་བརྙན་འཕྲིན་མེད་པར་བཟོས། ཉལ་ཁང་ནང་དུ་བརྙན་འཕྲིན་མ་འཇོག བྱིས་པའི་བྱེད་སྒོ་ཡོད་ཚད་ལ་མཉམ་ཞུགས་བྱོས། བྱིས་པའི་ལུས་རྩལ་སྦྱོང་བརྡར་བཅས་ལ་མཉམ་ཞུགས་ཀྱིས་ལྷོད་གཡེང་མེད་པར་རྒྱུན་སྐྱོང་བྱོས། དེ་ལྟར་བྱེད་ན་ཁྱེད་ཀྱིས་རང་གི་བྱིས་པ་རླབས་ཆེན་གྱི་མིག་དཔེ་ཞིག་ཏུ་གསོ་སྐྱོང་བྱེད་ཐུབ་པ་རེད་ཟེར་དཀའ་ན་ཡང་། མ་མཐའ་ཡང་རང་གི་དགའ་ཕྱོགས་དང་བསམ་ཕྱོགས་ཤིག་ཏུ་ཏག་ཏག་འགྲོ་གི་ཡོད་པ་རེད། དེ་ལྟར་བརྙན་འཕྲིན་དང་བར་ཐག་ཇེ་རིང་དུ་བཏང་བ་ནས་ཉིན་གཅིག་ལ་དུས་ཚོད་ག་ཚོད་ཙམ་ཞིག་ཡག་ཕྱོགས་སུ་གཏོང་གི་ཡོད་མེད་ལ་ཚོད་ལྟ་ཞིག་གནོངས།”
སྔོན་ཆད་ཅིག་ལ། ཕ་མ་སློང་མོ་བ་ཡིན་ན་བྱིས་པ་ཡང་སློང་མོ་བ་དང་། ཕ་མ་ཤིང་བཟོ་རྡོ་བཟོ་ཡིན་ན་དེ་དག་གི་བྱིས་པ་ཡང་དེ་འདྲ་ཡིན་ཞེས་པའི་གཏམ་དཔེ་ཞིག་གོ་མྱོང་། དེ་བཞིན་བྱིས་པ་སུ་ཞིག་གི་བྱ་སྤྱོད་མིག་ལ་མ་རན་ན་ལམ་སང་བྱིས་པ་དེའི་ཕ་མའི་མིང་ནས་བོས་ཏེ་མཉམ་དུ་འདྲུད་ཡོང་བ་ནི་ང་ཚོའི་སྤྱི་ཚོགས་ཀྱི་འགྲོ་སྟངས་རེད། གཏམ་དཔེ་དེ་དང་འགྲོ་སྟངས་འདི་དག་ནི་གོ་རིམ་མཐའ་མ་འདིའི་བསྟན་དོན་དང་ཧ་ཅང་མཚུངས་པར་སྙམ། ང་ཚོས་བྱིས་པ་རྣམས་ལ་མིག་དཔེ་ག་ཚོད་ཅིག་བཞག་ན་ཁོང་ཚོ་ཡང་དེ་བཞིན་འཚར་ཡོང་བ་རེད་སྙམ། ཐ་ན་བརྙན་འཕྲིན་ལ་ལྟ་བའི་གོམས་གཤིས་འདི་ཡང་ཕ་མ་ནས་མགོ་བརྩམས་པ་རེད་སྙམ། དེར་བརྟེན་ཕ་མ་ལ་དཀའ་ངལ་ག་ཚོད་ཡོད་ན། གནོན་ཤུགས་ག་ཚོད་ཡོད་ན། མ་ཁོམ་པ་ག་ཚོད་ཡོད་ན་ཡང་བྱིས་པའི་ཆེད་དུ་དུས་ཚོད་གཏོང་རྒྱུ་དང་བཟོད་སྒོམ་རྒྱུ་གལ་ཆེ་ཤོས་ཡིན་པ་འདྲ། ཐ་ན་སྐད་ཆ་གཅིག་བཤད་པ་དང་རྣམ་འགྱུར་གཅིག་སྟོན་པར་བསམ་བློ་ཡག་པོ་གཏོང་རན་རེད། བྱིས་པ་ཚོས་ཕ་མ་མིག་དཔེ་རུ་བཟུང་ནས་འཚོ་བའི་ཐེམ་སྐས་རེ་རེ་ལ་འཛེགས་ཡོང་གི་ཡོད།
་་་་་་་་་་་་་་ སྔོན་ཆད་ཅིག་ལ། ཕ་མ་སློང་མོ་བ་ཡིན་ན་བྱིས་པ་ཡང་སློང་མོ་བ་དང་། ཕ་མ་ཤིང་བཟོ་རྡོ་བཟོ་ཡིན་ན་དེ་དག་གི་བྱིས་པ་ཡང་དེ་འདྲ་ཡིན་ཞེས་པའི་གཏམ་དཔེ་ཞིག་གོ་མྱོང་། དེ་བཞིན་བྱིས་པ་སུ་ཞིག་གི་བྱ་སྤྱོད་མིག་ལ་མ་རན་ན་ལམ་སང་བྱིས་པ་དེའི་ཕ་མའི་མིང་ནས་བོས་ཏེ་མཉམ་དུ་འདྲུད་ཡོང་བ་ནི་ང་ཚོའི་སྤྱི་ཚོགས་ཀྱི་འགྲོ་སྟངས་རེད། ་་་་་་་་་་་་་
དུས་ཚོད་ཀྱིས་དབང་གིས་ད་ལྟ་བཀླག་ཐུབ་མ་སོང་སྟེ། ག་ལེར་བལྟ་ཀི་ཡིན།