ཀུན་མཚོ།
དཔའ་མོ་ཞིག་རྗེས་དྲན་བྱེད་སྟངས་ཤིག
ད་ནངས་ཞོགས་པ་མལ་ལས་ལངས་དུས།།
དྲིན་ལྡན་མ་ལོ་བརྩེ་འཛུམ་ཤིག་ཤིག།
བདག་གི་མགོ་ལ་བྱིལ་བྱིལ་བྱས་ནས།།
ཨ་མའི་མ་ལོ་སློབ་གྲྭར་སོང་ཟེར།།
ཨ་མ་མ་གཅེས་མི་འགྲོ་ཟེར་བཞིན།།
ཨ་མའི་འགྲམ་ནས་ལྷོད་པར་བསྡད་དུས།།
བྱམས་ལྡན་ཨ་མའི་མིག་ཟུང་དེ་ནས།།
ཆར་ཆུ་ཐིགས་པ་སྙིལ་སྙིལ་བབས་བྱུང་།།
ང་ཡིས་ཨ་མ་སྙིང་རྗེ་བསམ་ནས།།
དེ་འདྲ་མ་བྱེད་བརྩེ་བའི་ཡུམ་ཆེན།།
དཔེ་ཁུག་སྤྲོད་དང་སློབ་གྲྭར་འགྲོ་ཞེས།།
ཕྱག་ལ་འཇུས་ནས་ལམ་ལ་ཆས་ཡིན།།
ལམ་གྱི་བར་ཐག་ག་ཙམ་རིང་ཡང་།།
སློབ་སྦྱོང་བྱེད་པའི་ལམ་སྟོན་རེ་དང་།།
མི་ཚེ་ཚུལ་ལྡན་དགོས་རབ་གསུངས་ནས།།
ལམ་སེང་སློབ་གྲྭའི་རྭ་བར་འབྱོར་སོང་།།
སློབ་ཕྲུག་ཁྲོད་ན་འཛུམ་གྱིས་རྒྱུག་བཞིན།།
བྱམས་ལྡན་ཨ་མར་ཕྱིར་བལྟས་བྱེད་དུས།།
བརྩེ་བའི་ཡུམ་གྱི་ཕྱག་ཟུང་གཉིས་པོས།།
མིག་མཐའ་བྱིལ་བའི་ངང་ཚུལ་མཐོང་སོང་།།
ཉིན་མ་གཅིག་གི་སློབ་དུས་རྫོགས་ནས།།
དགོད་མ་འཛུམ་གྱིས་ནང་ལ་ལོག་དུས།།
ཕྱི་ཡི་དར་ཤིང་རིང་བ་མ་ཟད།།
སྒོ་ཡི་ཁྱི་སྐད་སྙིང་ལ་གཟན་པ།།
ཁྱིམ་ལ་མཆོང་ལྡིང་རྩེད་མོ་རྩེད་བཞིན།།
ཨ་མ་ཞེས་པ་གདངས་ལ་དྲང་ནས།།
སྐད་ཤུགས་ཆེན་པོས་ཇི་ལྟར་བོས་ཀྱང་།།
ཨ་མའི་གཅེས་ཕྲུག་ཟེར་རྒྱུ་མི་འདུག།།
ཁྱིམ་གྱི་ཐབ་ཀ་གྲང་མོ་རེད་འདུག།།
ཀ་བར་ཕན་ཚུན་སྟོང་སེང་ཆེ་བ།།
ཁྱིམ་ཚང་འདི་ཡི་ནོར་བུ་གཅིག་པོ།།
བརྩེ་ལྡན་གཉེན་མཆོག་གང་དུ་ཆས་སམ།།
ཁྱིམ་མཚེས་ཚང་ལ་སྐད་ཆ་དྲིས་དུས།།
ཅུང་ཙམ་སྒུག་དང་སླེབས་ངེས་གསུང་བཞིན།།
གདོང་གི་རྣམ་འགྱུར་གཞན་དུ་འགྱུར་འགྲོ།།
མིག་གི་ལམ་ནས་ཆུ་ཡང་བཞུར་ཡང་།།
སློབ་གྲྭར་སོང་བའི་དཀའ་ཚེགས་ཁྲོད་ནས།།
སློབ་སྦྱོང་ཞེས་པ་ཤེས་སུ་མེད་ཀྱང་།།
གྲོད་ཁོག་ལྟོགས་ནས་བཟོད་དུ་མེད་པས།།
ཨ་མའི་ལག་རྫིས་རྩམ་པ་དྲན་པ།།
མི་ལོ་ཉེར་དྲུག་སོན་པའི་ཨ་མ།།
ལུས་ལ་ནད་མེད་བདེ་མོ་ཡིན་ལ།།
སེམས་ལ་སྡུག་མེད་དགའ་བ་ཡིན་མོད།།
མཆི་བ་ཟེར་བ་ཡོང་བ་མི་སྲིད།།
གང་དུ་ཆས་སམ་ག་རེ་བྱས་རེད།།
མུན་པའི་སྐར་ཚོགས་ལམ་ལམ་ཁྲོད་ན།།
གཅིག་པུར་ལྷག་པའི་བུ་ཆུང་ང་ཡིས།།
ཨ་མ་འཚོལ་བའི་ལམ་ལ་ཆས་ཡིན།།
ཨ་མའི་ཞེས་པའི་སྐད་དེ་ཐོས་སམ།།
འཛུམ་པའི་ཞལ་གྱི་མདངས་དེ་མཐོང་ངམ།།
ལྷད་མེད་བརྩེ་བའི་སྙིང་དེ་མཇལ་ལམ།།
མུན་ནག་ཁྲོད་ནས་སྟོང་བསམ་ཆེ་བ།།
ཞོགས་པ་ཞིག་གི་སྐྱ་མདའ་བཀྱགས་སོང་།།
ཁྭ་ཏ་ནག་པོས་ཐན་སྐད་བརྒྱབ་སོང་།།
ཅུང་ཙམ་སོང་བའི་དུས་ཚོད་ཅིག་ལ།།
ཨ་མ་མེད་པ་གཞི་ནས་ཤེས་སོང་།།
བྱམས་བརྩེའི་བདག་ཉིད་ཨ་མ་དེ་ཉིད།།
ཐག་རིང་རྒྱ་གར་སོང་བ་མ་རེད།།
སྨད་ཕྱོགས་རྒྱ་ལ་ཕྱིན་པ་མ་རེད།།
མུན་ནག་གྲོང་ལ་མགྲོན་དུ་ཕྱིན་འདུག།།
ཡུམ་ཆེན་ཞེས་པའི་བརྩེ་དྲིན་ཅན་མ།།
ནད་ཀྱིས་མནར་ནས་གྲོངས་པ་མ་རེད།།
གཞན་གྱིས་མཚོན་གྱིས་བསད་པ་མ་རེད།།
མེ་ལྕེའི་ཀློང་ནས་འབར་བ་རེད་འདུག།།
ལྷག་བསམ་དཀར་པའི་ཨ་མ་མ་ལོ།།
རྒས་པས་མནར་ནས་སོང་བ་མ་རེད།།
རང་སྡུག་མ་ཆགས་ཤི་བ་མ་རེད།།
མི་རིགས་སླད་དུ་མེ་ལ་བསྒྲོན་འདུག།།
ཨ་མ་ཟེར་ནས་བོས་པ་བྱས་ཀྱང།།
ཡ་ལན་དེ་ལ་ཐོས་པ་མི་འདུག།།
སྡུག་བསྔལ་མ་བཟོད་ངུ་ན་འདོད་ཀྱང་།།
མིག་ཆུ་དེ་ཡང་ཟད་ནས་མི་འདུག།།
ཨ་མ་མེད་པའི་ཁྱིམ་ཚང་ཞིག་ལ།།
དྲོད་དང་སྐྱིད་ཀྱི་ཐ་སྙད་མེད་པ།།
དེ་རིང་གཞི་ནས་རང་ཐོག་བབ་དུས།།
ཚོར་བ་གསེབ་ནས་གསལ་པོ་ཤེས་སོང་།།
ཨ་མའི་བྱམས་བརྩེ་དྲོད་ཁོལ་རེད་འདུག།།
ཨ་མའི་གསུང་སྐད་གླིང་བུ་རེད་འདུག།།
གྲང་ན་ཨ་མའི་བརྩེ་བ་ཡོད་རེད།།
སྡུག་ན་ཨ་མའི་སེམས་གསོ་ཡོད་རེད།།
དེ་རིང་ཉི་མར་དྲོད་ཁོལ་མི་འདུག།།
ཟླ་བ་ལ་ཡང་འོད་སྣང་མི་འདུག།།
ས་ཆེན་འཇིག་རྟེན་འོད་ཀྱིས་ཁྱབ་པ།།
རྫུན་དུ་བཤད་པ་མིན་ནམ་སྙམ་སོང་།།
བུ་མོ་ཞིག་གིས་དཔའ་མོ་དག་ལ་རྗེས་དྲན་གྱི་སྙན་རྩོམ་ཞིག་བྲིས་པ་མཐོང་པ་འདི་ཐེངས་གཉིས་པ་ཡིན།སྔོན་མ་གཟུངས་ཕྱུག་སྐྱིད་ཀྱིས་གཡུ་ཞུན་ཐོག་ཨ་མ་རིན་ཆེན་གྱི་སེམས་གཏིང་གི་སྐད་ཆ་ཟེར་བ་ཞིག་མཐོང་སོང་།ད་ཐེངས་ཀྱི་འདི་གཉིས་པ་དེ་ཡིན་པས་ཁྱེད་གཉིས་ལ་ཐུགས་རྗེ་ཆེ་རྒྱུ་ཡིན།ངས་བྲིས་བའི་རྟོག་བཟོ་འཕྲིན་ཡིག་འདི་མ་བྲིས་བར་བུད་མེད་ཞིག་གིས་བྲིས་ན་བསམ་ཏེ་ཅུང་རེ་སྒུགས་བྱས་མོད།གཅིག་ཀྱང་དེ་རིང་བར་དུ་མ་མཐོང་བས་ཁ་སང་ཕྱི་དྲོ་རྩོམ་འཆལ་དེ་བྲིས་ན་བསྐུར་བ་ཡིན།གང་ལྟར་རྩོམ་གྱི་བརྗོད་བྱ་དང་ཚིག་རྩལ་སོགས་གང་ཐད་ཡག་པོ་འདུག་པས་ཁྱེད་ལ་ཐུགས་རྗེ་ཆེ་ཞེས་སེམས་གཏིང་ནས་ཞུ་འདོད་བྱུང་།གལ་སྲིད་བྱུང་ན་ཁྱེད་ཅག་བུད་མེད་རྩོམ་པ་པོ་ཚོས་ང་ཚོའི་མིག་མདུན་ནས་བྱུང་ཟིན་པའི་རླབས་ཆེན་གྱི་ལོ་རྒྱུས་དེབ་ཞིག་པར་སྐྲུན་བྱེད་ཐུབ་ན་དེ་བས་ཀྱང་རླབས་ཆེ་བར་འདུག སྔོན་མ་མདོ་སྨད་ཀྱིས་བཙན་རྒོལ་རྒྱབ་སྐྱོར་ཟེར་བའི་དེབ་ཞིག་པར་ཡོད།དེ་མིན་གཞུང་ནས་རླབས་ཆེ་བའི་ལོ་རྒྱུས་ཀྱི་འདི་དག་ག་ལེར་སྨག་མེད་དུ་གཏོང་འདོད་བསམ་བཞིན་དུ་མ་བྱས་་ཀྱང་།དོན་སྣང་མི་བྱེད་པས་བློ་ཕམ་གྱི་གནས་ཞིག་རེད།གང་ལྟར་ངའི་རེ་སྐུལ་དེ་སྒྲུབ་མིན་བུད་མེད་རྩོམ་པ་པོ་ཁྱེད་ཚོ་ལ་རག་ལས་ཡོད།ནོར་འཁྲུལ་ཡོད་ན་དགོངས་འགལ་མེད་པར་ཞུ།
སེམས་པ་སྐྱོ་བའི་སྐད་ཆ། དོ་ལེགས་ཚིག་ནས་བཤད་པ། ཡིད་ཀྱིས་གཏིང་ནས་ཀློག་དུས། མིག་ལ་མཆི་མ་
འཁོར་ཡོང་།
ཨོ་ དངོས་གནས་ཡག་པོ་བྲིས་འདུག་ག
རྗེས་སུ་ཡི་རངས་བྱེད་དགོས་འདུག་ག
བུད་མེད་རྩོམ་མ་མོ་ཟེར་དགོས་འདུག་ག
དགའ་བསུ་ཞིག་བྱེད་དགོས་འདུག་ག
དེང་སང་དཔའ་བོ་མེ་བསྲེགས་བཏང་ཟིན་པའི་གནས་ཚུལ་དང་། ཡང་ན་དཔའ་བོ་དཔའ་མོ་དག་བརྗོད་བྱར་བླངས་པའི་རྩོམ་ཡིག་དག་ལ་མཆན་འདེབས་མཁན་ཧ་ཅང་དཀོན་ཞིང་། དེའི་སྐོར་ལ་རྩོམ་ཡིག་འབྲི་མཁན་ནི། ཧ་ཅང་ཧ་ཅང་གིས་ཉུང་ཉུང་ཡིན་པའི་སྐབས་ཤིག་རེད་ཨང་། བཙན་བྱོལ་བའི་རྩོམ་པ་པོ་དག་ནི། གཙོ་བོ་ཆོལ་ཁ་དང་ཆོལ་ལུགས་རྩོད་ཅིང་། གཉིས་པ་ཆགས་རྩོམ་བརྗོད་བྱར་བླངས་པའི་རྩོམ་ཡིག་ལ་མོས་ཁ་ཟབ་པ། རྩོམ་པ་པོ་གང་དེ་རང་ཉིད་དང་ཇ་ཁ་དང་ཆང་ཁའི་འབྲེལ་བ་མེད་ཚེ་དུས་གཏན་དུ་མཆན་ཙམ་ཡང་མི་འདེབས་པའི་ངན་སྤྱོད་ཡོངས་སུ་དབང་བཙན་པའི་སྐབས་འདིར། སྔོན་མའི་རྩོམ་པ་པོ་རྒན་པ་དག་རེ་རེ་བཞིན་དྲ་ཐོག་ནས་རྒྱང་བཞུད་བྱས་སོང་བ་ལ། ངོ་མ་དེང་སང་ངེས་ཤེས་གསལ་ཐག་ཅིག་འདྲེན་བཞིན་འདུག་ཨང་།
ཨ་འདུས་མིག་ཆུ། ངུ་སྐད་མ་རྒྱག ཁྱོད་རང་གི་ལག་པ་གཉིས་ཁྱོད་རང་ལ་དབང་ཞིང་། དཔའ་བོ་དང་དཔའ་མོ་རྣམས་ལ་གུས་རྩི་ཡོད་ན་ཁོང་རྣམ་པའི་སྐོར་ཆེད་རྩོམ་བྲིས་དང་། སུས་འགོག་གི་འདུག
མེ་ཏོག་དཀར་པོ། དྲ་ཐོག་ནས་ཁྱི་འཛིང་བྱ་རྒྱུར་ང་ལ་མོས་པ་གཏན་ནས་མེད། ཁྱོད་ཉིད་ཁ་བརྡ་དྲ་ཚིགས་འདིར་ཞུགས་ནས་ཡུན་རིང་སོང་བ་ཞིག་རེད་ལ། ཁྱི་འཛིང་གི་ལས་ཀ་གོམས་ནས་ཡོད་ཤག་རེད། ཡིན་ནའང་ཨ་འདུས་མིག་ཆུས་ངུ་སྐད་མི་འདོན་རང་འདོན་རེད། ཁྱི་སྐད་བརྒྱབས་ནས་རྣ་བར་སུན་པོ་བཟོས་སོང་། དཔའ་བོ་དཔའ་མོ་དག་ལ་རྗེས་དྲན་གྱི་རྩོམ་ཡིག་བྲིས་བྲིས་ཉིད་ནས་གཞན་ལ་སྐད་ཆ་འདི་ལྟར་བཤད་པ་ལས། གང་ཡང་མ་བྲིས་ཇི་ཡང་མ་བཤད་པར་སྟོང་ལབ་རྒྱག་རྒྱུར་དགའ་མཁན་ཞིག་ཨ་འདུས་མིག་ཆུ་ག་ལ་ཡིན་ཨང་།
མེ་ཏོག་དཀར་པོས་དེ་ཁྱེར།
སྒྲོལ་མ་དཀར་མོའི་ཞལ་རས་མེད་ཀྱང་།།
འཚོ་བར་ངེས་འབྱུང་སྐྱེས་པ་མིན་ཡང་།།
མི་རིགས་ཤིག་གི་བདེ་སྡུག་བསམ་ནས།།
ཕྱི་མའི་ཡུལ་ལ་འགྲིམ་དགོས་བྱུང་སོང་།།
ལུང་རྟོགས། ཁྱོད་མ་སླེབས་གོང་ནས་མིག་ཆུ་བཀླགས་ཟིན། ལན་ལྡོན་འོས་པ་ཅང་མིན་འདུག ཁྱོད་ཀྱིས་བསམ་པར་ང་ཁ་གྲགས་རྒྱུ་མེད་པར་ལུས་འདུག་དྲན་ཡོད་ན་ནོར་སོང་བ་རེད།
སྙིང་ཚིམ་པོ་བྱུང་ན་ཁེ་བཟང་བྱོས།
མི་སེམས་གསོ་བའི་ཚིག་གི་ཚོགས་པ་ལ་༑་་ཧ་ཅང་ལེགས་པའི་ལ་རྒྱའི་རྩོམ་ཡིག་ལ་བསྟོད་པའི་མི་ཏོག་ཕུལ་ན་ཨེ་མ་མཚར༑