འདྲེན་ཁུངས། སློབ་དཔོན་ཟམ་གདོང་རིན་པོ་ཆེའི་ངོ་དེབ།
“ང་ཚོས་ནམ་རྒྱུན་ཡོངས་གྲགས་ཁ་སྐད་དུ་བྱུང་རབས་ལ་རྒྱལ་རབས་དང་། ཡང་ན་ལོ་རྒྱུས་ཞེས་བརྗོད་ཀྱི་ཡོད། མིང་དེ་གཉིས་བེད་སྤྱོད་ཆེ་ཤོས་རེད། འོན་ཀྱང་བྱུང་བ་རིག་པའི་ངོས་ནས་བལྟས་ན་དེ་གཉིས་བྱུང་རབས་ཀྱི་ཆ་ཤས་མ་གཏོགས། བྱུང་རབས་ཡོངས་སུ་རྫོགས་པ་མིན། རྒྱལ་རབས་ཞེས་པ་ཚིག་གི་ངོ་གདོང་ནས་བལྟས་ནའང་རྒྱལ་པོ་གང་གི་རྗེས་སུ་གང་བྱུང་བ་རྒྱལ་པོ་ཚོའི་མི་རབས་བསྒྲིགས་པ་ཞིག་ལ་བརྗོད། བདག་ཉིད་ཆེན་པོ་གཱནྡཱིས་བྱུང་རབས་ལ་བཀའ་བཀྱོན་གནང་སྐབས་བྱུང་རབས་ནང་རྒྱལ་པོ་དང་སྐུ་དྲག་སྐོར་མ་གཏོགས། མི་མང་དཀྱུས་མའི་སྐོར་སླེབས་མི་འདུག་གསུངས་པ་དེ་ཕྱོགས་གཅིག་ནས་བལྟས་ན་བདེན་པ་རེད།
ལོ་རྒྱུས་ཞེས་པ་དེ་ཚིག་གི་ངོ་གདོང་ལ་བལྟས་ན་ལོ་ནི་ལོ་འཁོར་བཅུ་གཉིས་སུ་བརྩི་རྒྱུའི་ཟླ་བ་བཅུ་གཉིས་སམ། བཅུ་གསུམ་གྱི་དུས་ཡུན་ཅན་དེ་རེད། རྒྱུས་ནི་དེའི་བརྒྱུད་རིམ་མམ་གོ་རིམ་རེད། ཨིན་སྐད་དུ་ Chronology ཞེས་པ་དེ་ལ་ལོ་རྒྱུས་ཞེས་པའི་ཚིག་དེ་བེད་སྤྱོད་བཏང་ན་ཕལ་ཆེར་དོན་དང་མཐུན། དེ་ཡང་བྱུང་བ་རིག་པའི་ཆ་ཤས་ཤིག་མ་གཏོགས། ཆ་ཚང་བ་མིན། དེང་སང་ནུབ་ཕྱོགས་པས་བཤད་པའི་ History ཟེར་བ་དེའི་ནང་རྒྱལ་རབས་དང་ཆོས་འབྱུང་ཡང་ཚུད་དགོས་ལ། ལོ་རྒྱུས་ཀྱང་ཚུད་དགོས། དེ་རྣམས་ཚང་མ་བསྡོམས་པའི་སྤྱི་ཡོངས་ཤིག་ལ་ History ཞེས་བརྗོད་དགོས།
History ལ་ལེགས་སྦྱར་སྐད་དུ་ཨིཏིཧཱས་བརྗོད་ཀྱི་རེད། ཨིཏིཧཱས་དེ་ཐད་ཀར་བསྒྱུར་ན་“དེ་ལྟ་བུའི་བྱུང་བ་”རེད། སྟོན་པ་བདེ་བར་གཤེགས་པའི་གསུང་རབ་ལ་བརྗོད་བྱ་དང་རྗོད་བྱེད་གཉིས་ཀའི་ཆ་ནས་གསུང་རབ་ཡན་ལག་བཅུ་གཉིས་སུ་ཕྱེ་ཞིང་། དེའི་ནང་ནས་“དེ་ལྟ་བུའི་བྱུང་བ་”ཞེས་པ་ཡན་ལག་གཅིག་རེད། དཔེར་ན་འདུལ་བ་ལུང་གཞིའི་ནང་བྱུང་བ་དང་གླེང་གཞི་ཞེས་གཉིས་གསལ་ཞིང་། བྱུང་བ་གང་དང་གང་བྱུང་བ་དང་། དེ་ལ་བརྟེན་ནས་གླེང་གཞི་གང་དང་གང་ཆགས་པ་བཅས་རེད། དེ་གཉིས་ཀ་དེ་ལྟ་བུའི་བྱུང་བའི་ནང་འདུས་པ་རེད།
དེས་ན་ཨིན་སྐད་ཀྱི་ History ཞེས་པའི་ཚིག་དོན་ཆ་ཚང་བསྟན་ཐུབ་པའི་བོད་སྐད་ཀྱི་ཚིག་ནི་དེ་བྱུང་ངམ་དེ་ལྟ་བུའི་བྱུང་བ་ཞེས་པ་དེ་རེད། དེ་ནི་ང་ཚོས་གསར་དུ་བཟོས་པ་ཞིག་མིན། སྔོན་གྱི་ལོ་ཙཱ་བ་ཚོས་ཐོག་མ་ནས་“ཨིཏིཧཱས་”དེ་བོད་སྐད་ལ་“དེ་ལྟ་བུའི་བྱུང་བ་”ཞེས་བསྒྱུར་བ་རེད། འགྱུར་དེའང་སྐད་དོད་དང་མཐུན་པའི་སྒྲ་བསྒྱུར་མ་ནོར་བ་ཞིག་རེད། དེར་བརྟེན་ང་ཚོས་འདས་པའི་བྱུང་རིམ་ལ་ཞིབ་འཇུག་བྱེད་སྐབས་རྒྱལ་རབས་ཙམ་དང་། ཆོས་འབྱུང་ཙམ། ལོ་རྒྱུས་ཙམ་གྱི་སྡེ་ཚན་བྱེ་བྲག་གཅིག་མ་ཡིན་པར། ཐམས་ཅད་ལ་ཁྱབ་པའི་དེ་བྱུང་ཞིག་གཟིགས་དགོས་ལ། དེ་བྱུང་རིག་པའི་དགོངས་དོན་ལྟར་གྱི་ཞིབ་འཇུག་བྱེད་སྟངས་ཀྱི་ཐབས་ལམ་དེ་ཚོ་མཁྱེན་དགོས་པའང་གལ་ཆེན་པོ་རེད།”
བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་ཕྱི་ལོ་༢༠༡༣ ཟླ་བ་༡༡ ཚེས་༢༤ ལྷ་བབས་དུས་ཆེན་ཉིན་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གསར་འཕྲིན་དབུ་བརྙེས་ཏེ་མི་ལོ་ ༢༠ འཁོར་བའི་དུས་དྲན་མཛད་སྒོའི་ཉིན་རྒྱབ་ཏུ་ཕྱི་ལོ་༡༩༠༠ ནས་༡༩༥༩ བར་བོད་ཀྱི་བྱུང་རབས་སྐོར་གསུང་བཤད་ལས་དྲངས།
ལོ་ཤས་སྔོན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལོ་རྒྱུས་དང་བྱུང་རབས་རིག་པའི་སྐོར་ལ་བཀའ་སློབ་གནང་བའི་བརྙན་འཐུང་ཞིག་ཡུ་ཀྲུབ་ནང་ལ་བཞག་འདུག དེ་ཤེས་མཁན་ཡོད་ན་དེའི་བརྙན་འབྲེལ་ཞིག་འདིར་འཇོག་རོགས་གནོངས་ཐུགས་རྗེས་གཟིགས། བཀའ་དྲིན་ཆེ་ཞུ། །
ལོག་བཤད།
དེ་བྱུང་ཟེར་བ་ནི་གསུང་རབ་ཡན་ལག་བཅུ་གཉིས་ནང་ཚན་ཞིག་རེད། དེ་ཁྱབ་ཆུང་དྲག་པ་རེད།
དེ་ལོ་རྒྱུས་ལ་གོ་ན་ག་བ་འགྲིག་གི་རེད།
ལོ་རྒྱུས་ནི་ལོ་རྒྱུས་རེད། དབྱིན་ཇིའི་history དང་ཏག་ཏག་སྡོད་ཀྱི་རེད། དེ་བྱུང་ཟེར་ན་ལེགས་སྦྱར་ནས་བྱུང་བའི་ལོག་སྐད་རེད།
གཙང་ཆུ་བརྒལ་ནས། ཡུལ་ཆུ་ལས་མ་ཐར་བ་་་
https://www.youtube.com/watch?v=JkMXT0YAtTU
རྒྱལ་རབས། ལོ་རྒྱུས། བྱུང་རབས་་་་་
https://www.youtube.com/watch?v=z0rOzIFtHXc
ཀརྡོ་གཉེར་ཕྱག་པ་་ལགས། ཐུགས་རྗེ་ཆེ་ཞུ། ཤུག་རི་ཡཱ། །