རྐ་སྲས་ཀྱིས་བསྒྱུར་སྤེལ་ཞུས།
ཉིན་ཞིག་མི་གཞོན་པ་ཞིག་སངས་རྒྱས་ཀྱི་གམ་དུ་སོང་ནས། ཁོ་ལ་གོ་བདེ་བའི་ཆོས་ཤིག་གསུང་རོགས་ཞེས་ཞུས་པ་རེད། སངས་རྒྱས་ཀྱིས་ཞལ་བཞེས་གནང་ནས།
“ཁྱོད་ལ་བུ་ཡོད་དམ་”ཞེས་གཞོན་པ་དེ་ལ་དྲིས། གཞོན་པ་དེས་ “ཡོད་ལགས”
“ཁྱོད་ཀྱི་སྤུན་མཆེད་ལ་བུ་ཡོད་དམ” “ཡོད་པ་རེད་ལགས”
“འོ་ན་ཁྱོད་ཀྱི་ཁྱིམ་མཚེས་ལ་བུ་ཡོད་དམ” “ཡོད་པ་རེད་ལགས།”
“ཁྱོད་ཀྱིས་ངོ་མི་ཤེས་པའི་མི་ལ་བུ་འདུག་གམ” “འདུག་ལགས”
དེ་ནས་སངས་རྒྱས་ཀྱིས་“གལ་ཏེ་ཁྱོད་ཀྱི་བུ་ཤི་ན། ཁྱོད་སེམས་ཅི་ཙམ་སྐྱོ་བ་འདུག་གམ”ཅེས་དྲིས། གཞོན་པ་དེས་”དེ་བཞིན་གཤེགས་པ། ངས་གཏམ་དེ་ཐོས་ན་མི་བཟོད་པར་འདུག ང་སྡུག་བསྔལ་དྲགས་པོས་གཟིལ་བར་འགྱུར”ཞེས་ལན་བཏབ།
“འོ་ན་གལ་ཏེ་ཁྱོད་ཀྱི་སྤུན་མཆེད་ཀྱི་བུ་ཤི་བ་ཡིན་ན། ཁྱོད་སེམས་ཅི་ཙམ་སྐྱོ་བ་འདུག” “ང་ངོ་མ་སྐྱོ་བ་འདུག འོན་ཀྱང་ང་རང་གི་བུ་ཤི་བ་ལྟ་བུ་ཞིག་སྐྱོ་བ་མི་འདུག”
“གལ་ཏེ་ཁྱིམ་མཚེས་ཀྱི་བུ་ཤི་ན་་་” “ང་ཡིད་སྐྱོ་བ་འདུག འོན་ཀྱང་། ངའི་སྤུན་མཆེད་ཀྱི་བུ་ཤི་བ་བཞིན་སྐྱོ་བ་མི་འདུག”
“འོ་ན་ཁྱོད་ཀྱི་ངོ་མི་ཤེས་པའི་མིའི་བུ་ཤི་ན་་་” “སངས་རྒྱས་ལགས། ང་སེམས་སྐྱོ་བ་མི་འདུག་”ཞེས་ལན་བཏབ།
“དེས་ན་ཁྱོད་ཀྱི་སྐྱོ་བའི་ཚད་དེ་ཁྱོད་ཀྱི་ཅི་ཞིག་དང་འབྲེལ་བ་འདུག་གམ” “དེ་ནི་ང་དང་ང་ཡི་བ་དང་འབྲེལ་འདུག་ལགས་”
“དེས་ན་ཁྱོད་ཀྱིས་རང་གི་བུ་མཚོ་འགྲམ་དུ་ཁྲིད་དུས་ཁོས་བྱེ་མའི་མཁར་རྫོང་བརྩིགས་ནས་ནས་རྩེད་མོ་བརྩེ་ཡི་འདུག་གམ”
“འདུག་ལགས”
“འོ་ན། ཁོའི་བྱེ་མའི་མཁར་རྫོང་མཚོ་རླབས་ཀྱིས་གཏོར་བ་ན། ཁོ་ངུས་སོང་ངམ” “ངུས་སོང་ལགས”
“ཁྱོད་ཀྱང་ངུས་པ་ཡིན་ནམ” “ཧཧཧ མ་ངུས་ལགས”
“ཁྱོད་ཅི་ལ་མ་ངུས་པ་ཡིན།” “སངས་རྒྱས་ལགས། བྱིས་པས་མཁར་རྫོང་དེ་སྙིང་རྗེ་པོ་མཐོང་ཞིང་། བརྟན་པོ་ཡོད་པ་རེད་འདོད་པ་དང་། ཁོ་དེ་ལ་དགའ་ཞེན་ཡོད་པས་རེད། ངས་བྱེ་མའི་མཁར་རྫོང་བརྟེན་པོ་མེད་པ་ཤེས་པས་ག་ལ་ངུ་་་”
དེ་ནས་སངས་རྒྱས་ཀྱིས་ “ད་ཁྱོད་ཀྱིས་ཤེས་སོང་ངམ། གལ་ཏེ་དངོས་ཡོད་མ་མཐོང་ན། འུ་ཅག་མུ་མཐུད་སྡུག་བསྔལ་བར་འགྱུར། བྱེ་མའི་མཁར་རྫོང་གཞིཊ་པར་ངུ་བའི་བྱིས་པ་དང་། ཁྱོད་ཀྱི་དབར་ལ་ཁྱད་པར་ཅི་ཡང་མེད། གལ་དེ་ཁྱོད་རང་དངོས་པོ་ཞིག་གམ། གང་ཟག་ཞིག་ལ་ཞེན་ཞིང་ཆགས་ན། ནམ་ཞིག་དེ་དག་གིས་ཁྱོད་སྐྱུར་ཏེ་ཆས་དགོས་པས། རང་གིས་ཞེན་ཆགས་ཀྱི་སྡུག་བསྔལ་མྱང་དགོས་པ་ཡིན།”ཅེས་ཆོས་རྣམས་མི་རྟག་པའི་རང་བཞིན་ཅན་དུ་ཐབས་ཀྱིས་བསྟན་ཏོ།