ཆབ་ཚང་འཇམ་དཔལ།
སྔ་མའི་འཕྲོས། ལེ་ཚན་གཉིས་པ།
དང་པོ། འཛིན་གྲྭ་དབྱེ་བགོས་བྱེད་སྟངས།
དེ་ཡང་ཕྱྭ་བ་ཆོས་ཀྱི་སེངྒེས་གསང་ཕུ་སྣེ་ཐོག་ཏུ་གཞུང་བཀའ་པོད་ལྔ་གར་སློབ་གཉེར་བྱེད་པའི་ལམ་སྲོལ་གསར་དུ་བཏོད་པ་དང༌། ལྷག་དོན་གཞུང་བཀའ་པོད་ལྔ་གར་སློབ་གཉེར་དཔྱིས་ཕྱིན་པ་ཡོང་ཆེད་འཛིན་གྲྭ་བགོ་བའི་ལམ་ལུགས་གསར་བཏོད་བྱས་ཏེ། འཛིན་གྲྭ་སོ་སོར་གཞུང་བཀའ་པོད་ལྔ་ག་ཆ་བགོས་དང༌། འཛིན་གྲྭ་སོ་སོའི་སློབ་ཡུན་གྱི་ལོ་ཚད་གཏན་འབེབས་སོགས་བྱས་པ་ནས་བཟུང་ལུགས་སྲོལ་འདི་བོད་ཀྱི་མདོ་དབུས་ཁམས་གསུམ་དུ་གནས་པའི་རྩོད་གྲྭའི་གདན་ས་ཕལ་མོ་ཆེར་དར་སྲོལ་ཆེན་པོ་བྱུང་ཡོད།
བློ་གླིང་གྲྭ་ཚང་འདིར་མཚོན་ན་
༡) བསྡུས་གྲྭའི་འཛིན་གྲྭ།
༢) རྟགས་རིགས་འཛིན་གྲྭ།
༣) ཕར་ཕྱིན་འཛིན་གྲྭ།
༤) དབུ་མའི་འཛིན་གྲྭ།
༥) འདུལ་བའི་འཛིན་གྲྭ།
༦) མཛོད་ཀྱི་འཛིན་གྲྭ་བཅས་རྩ་བའི་འཛིན་གྲྭ་དྲུག་ཡོད།
དེ་ཡང་ཕར་ཕྱིན་འཛིན་གྲྭར་
༡) གཞུང་གསར་འཛིན་གྲྭ།
༢) དྲང་ངེས་འཛིན་གྲྭ།
༣) སེམས་བསྐྱེད་འཛིན་གྲྭ།
༤) དགེ་འདུན་ཉི་ཤུའི་འཛིན་གྲྭ།
༥) བསམ་གཟུགས་འཛིན་གྲྭ།
༦) སྐབས་བཞི་པའི་འཛིན་གྲྭ།
༧) སྐབས་ལྔ་པའི་འཛིན་གྲྭ་བཅས་ནང་གསེས་འཛིན་གྲྭ་བདུན།
དབུ་མའི་འཛིན་གྲྭར་
༡) སེམས་བསྐྱེད་འཛིན་གྲྭ།
༢) བདེན་གཉིས་འཛིན་གྲྭ།
༣) བདག་འགོག་འཛིན་གྲྭ་བཅས་ནང་གསེས་འཛིན་གྲྭ་གསུམ།
འདུལ་བའི་འཛིན་གྲྭར་
༡) ལྔ་ཕྲུགས་འཛིན་གྲྭ།
༢) སྤང་ལྟུང་འཛིན་གྲྭ།
༣) ཞུ་བ་སྤྱིར་བསྟན་འཛིན་གྲྭ།
༤) ལས་གཞིའི་འཛིན་གྲྭ་བཅས་ནང་གསེས་འཛིན་གྲྭ་བཞི།
མཛོད་འཛིན་གྲྭར་
༡) མཛོད་དང་པོའི་འཛིན་གྲྭ།
༢) མཛོད་གཉིས་པའི་འཛིན་གྲྭ་བཅས་ནང་གསེས་འཛིན་གྲྭ་གཉིས།
གཉིས་པ། འཛིན་གྲྭ་སོ་སོའི་སྐབས་བབ་བློ་འཛིན་གྱི་གཞུང༌།
བསྡུས་གྲྭ་དང་བློ་རྟགས་ཀྱི་འཛིན་གྲྭ་སོ་སོའི་སྐབས་
༡) རྒྱལ་རོང་དགེ་བཤེས་ཀྱི་བསྡུས་གྲྭའི་དོན་ཀུན་བསྡུས་པ།
༢) བློ་རིག་གི་རྣམ་གཞག
༣) མི་ཉག་དགེ་བཤེས་ཚུལ་རྣམ་གྱི་རྟགས་རིགས་ཀྱི་རྣམ་གཞག
༤) ཁ་སྐོང་དུ་རྣམ་འགྲེལ་རྩ་བ་དབུ་ནས་སྔོ་སོགས་ཞེས་པའི་བར།
ཕར་ཕྱིན་འཛིན་གྲྭའི་སྐབས་
༡) པཎ་ཆེན་བསོད་ནམས་གྲགས་པའི་ཕར་སྤྱི་སྐབས་དང་པོ།
༢) བཞི་པ།
༤) ལྔ་པ་བཅས་གསུམ།
དབུ་མའི་འཛིན་གྲྭའི་སྐབས་
༡) དབུ་མ་འཇུག་པ༌།
༢) དབུ་མའི་སྤྱི་དོན་ཆ་ཚང༌།
༣) རྩ་བ་ཤེས་རབ་ཀྱི་རབ་བྱེད་དགུ་པ།
འདུལ་བའི་འཛིན་གྲྭའི་སྐབས་
༡) འདུལ་བ་མདོ་རྩ།
༢) རྒྱལ་རོང་དགེ་བཤེས་ཀྱི་འདུལ་བ་རྒྱ་མཚོའི་སྙིང་པོ་བསྡུས་པ།
མཛོད་དང་གཉིས་ཀྱི་འཛིན་གྲྭའི་སྐབས་
དགེ་ལུགས་རྒྱུགས་སྤྲོད་དུ་འགྲོ་ངེས་ཤིག་ཡིན་ན། ཐོག་མར་མཛོད་རྩ་བའི་དབུ་ནས་གནས་བཞི་པ་བར་བློ་འཛིན་གྱིས་རྒྱུགས་སྤྲོད་དང༌། གནས་ཕྱི་མ་རྣམས་ཀྱང་རྗེས་སུ་རིམ་བཞིན་བློ་རྒྱུགས་སྤྲོད་དགོས་པ་མ་གཏོགས། དགེ་ལུགས་རྒྱུགས་སྤྲོད་དུ་འཛུལ་ཞུགས་བྱེད་རྒྱུར་གནས་ཚད་མ་ལོན་པ་ཚོས་མཛོད་རྩ་བློ་འཛིན་གྱིས་གཞུང་རྒྱུགས་སྤྲོད་དགོས་ཀྱི་ལམ་སྲོལ་མ་མཐོང༌།
དེ་ཡང་བསྡུས་གྲྭ་དང་རྟགས་རིགས་འཛིན་གྲྭ་གཉིས་ཀྱི་སྐབས་བསྡུས་གྲྭ་དང་བློ་རྟགས་སོགས་ལོ་རེར་དཔེ་རིང་ཤོག་ལྷེ་འདི་དང་འདི་འཛིན་དགོས་པའི་ཤོག་ལྷེས་གྲངས་བཅད་མེད་མོད། འོན་ཀྱང་འཛིན་གྲྭ་དེ་གཉིས་ཀྱི་ནང་དུ་བཞུགས་ཚེའི་རིང་གོང་གསལ་གྱི་བློ་རྟགས་བསྡུས་གྲྭ་གསུམ་ངེས་པར་དུ་བློ་འཛིན་གྱིས་གཞུང་རྒྱུགས་སྤྲོད་ཐུབ་པ་དགོས།
ཕར་ཕྱིན་སྐབས་ལོ་རེར་ཕར་ཕྱིན་སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེ་དཔེ་རིང་ཤོག་ལྷེ་གྲངས་སུམ་ཅུ་དང༌།
དབུ་མའི་སྐབས་ལོ་རེར་དབུ་མའི་སྤྱི་དོན་དཔེ་རིང་ཤོག་ལྷེ་གྲངས་སོ་དྲུག
འདུལ་བའི་སྐབས་ལོ་རེར་འདུལ་སྡོམ་དཔེ་རིང་ཤོག་ལྷེ་གྲངས་ཉེར་ལྔ་བློ་འཛིན་ངེས་པར་དུ་བྱེད་དགོས་པ་མ་ཟད། ལོ་སྔོན་མའི་ནང་བློ་འཛིན་གང་བྱས་པའི་ཤོག་ལྷེའི་གྲངས་གང་ཡོད་པ་དེ་དག་བསྐྱར་དུ་ལོ་འདིའི་གཞུང་རྒྱུགས་དང་མཉམ་དུ་རྒྱུགས་འབུལ་ཞུ་དགོས།
དེ་ཡང་གཞུང་རྒྱུགས་དངོས་གཞིའི་སྐབས་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གིས་དམིགས་འཛུགས་བྱས་པའི་མི་གཉིས་ཀྱིས་གྲྭ་ཚང་གི་མཁན་པོ་དང༌། བླ་མ་གཞུང་ལེན་པ། དགེ་བསྐོས། དབུ་མཛད་བཅས་ཚང་འཛོམས་དབུས་ནས་ལེན་དགོས།
གསུམ་པ། གཞུང་དོན་རྩོད་པ་ལ་འཇུག་སྟངས།
དེ་ཡང་སྔོན་ཆད་རྒྱ་གར་དུ་པཎ་གྲུབ་བཅུ་བདུན་སོགས་ཀྱི་དུས་སྐབས་སོ་སོར་སྔ་རྒོལ་དང་ཕྱི་རྒོལ་གཉི་ག་ཕན་ཚུན་ཁྲིར་བཞུགས་ཏེ་གཞུང་དོན་རྩོད་པ་ལ་འཇུག་པ་དང༌། དེའང་སེ་གོལ་གྱི་བརྡ་ཐབས་ལ་བརྟེན་ནས་ཐལ་ངག་དང་སྒྲུབ་བྱེད་གཞན་ལ་གོ་བར་བྱེད། རང་རེའི་བོད་དུའང་ཐོག་མའི་ཆར་རྩོད་པའི་བྱ་བར་འཇུག་སྟངས་གོང་དང་མཚུངས་པ་སློབ་དཔོན་ཀ་མ་ལ་ཤཱི་ལ་དང༌། རྒྱའི་ཧ་ཤང་གཉིས་རྩོད་པའི་བྱ་བར་འཇུག་ཚུལ་ལས་རྟོགས་ནུས། ཕྱིས་ད་ནས་བརྩིས་པའི་ལོ་དྲུག་བརྒྱའི་གོང་ཕྱྭ་བ་ཆོས་ཀྱི་སེང་གེས་གསང་ཕུ་སྣེ་ཐོག་ཏུ་མཚན་ཉིད་ཀྱི་གཞུང་དོན་སློབ་རྩོད་དུས་གཅིག་ཏུ་སྤེལ་བའི་བརྒྱུད་རིམ་གསར་བཏོད་བྱས་པ་མ་ཟད། སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་སོ་སོའི་ཁྱད་ནུས་མི་འདྲ་བར་གཞིགས་ཏེ་སློབ་ཁྲིད་ཀྱི་ལས་འགན་གཏན་ཁེལ་གནང་ནས་དགེ་རྒན་སོ་སོའི་ཁྱད་ནུས་མི་འདྲ་བ་ཁག་དམིགས་སུ་བཀར་ནས་འདོན་སྤེལ་གང་ལེགས་བྱེད་དུ་བཅུག ལྷག་དོན་གཞུང་བཀའ་པོད་ལྔ་གར་གཞི་རིམ་ནས་བཟུང་སྟེ་སྦྱོང་བརྡར་ཡང་དག་པ་ཡོང་ཆེད་འཛིན་གྲྭ་བགོ་བའི་ལམ་ལུགས་གསར་བཏོད་དང་འབྲེལ་འཛིན་གྲྭ་སོ་སོར་གཞུང་བཀའ་པོད་ལྔ་ག་ཚན་རིག་དང་མཐུན་པའི་སྒོ་ནས་ཆ་བགོས་དང༌། འཛིན་གྲྭ་སོ་སོའི་སློབ་ཡུན་གྱི་ལོ་ཚད་གཏན་འབེབས་ཀྱང་བྱས།
མ་ཟད་ལོ་གཅིག་གི་སློབ་དུས་སོ་སོའི་ཆོས་ཐོག་གི་སློབ་ཚན་གྱི་ནང་དོན་གཏན་འབེབས། སྐབས་ཐོག་སོ་སོར་འཛིན་གྲྭ་གོང་འོག་ཕན་ཚུན་གཏུགས་རེས། ཆོས་ཐོག་སྐབས་བགྲོ་གླེང་གཙོ་བོ་དང་སློབ་ཁྲིད་ཞར་བྱུང༌། ཆོས་མཚམས་སྐབས་སློབ་ཁྲིད་གཙོ་བོ་དང་བགྲོ་གླེང་ཞར་བྱུང་བྱ་རྒྱུ་གཏན་འཇགས། སློབ་གཉེར་པ་ལེགས་གྲས་རྣམས་རང་མོས་ཀྱིས་དགོན་སྡེ་གཞན་དག་ཏུ་གྲྭ་སྐོར་དམ་བཅར་འགྲོ་བའི་ལམ་སྲོལ་སོགས་གསར་དུ་བཏོད་པ་ནས་བཟུང་ལམ་སྲོལ་འདི་བཞིན་རྩོད་པའི་བྱ་བ་དར་སའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཕལ་མོ་ཆེས་ཕྱག་ལེན་དུ་བསྟར་སྟབས། བོད་བརྒྱུད་ནང་བསྟན་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་ཤུགས་རྐྱེན་གཏིང་ཟབ་ཐེབས་ཐུབ་པ་བྱུང༌།
འོ་ན། རྩོད་པའི་བྱ་བར་དངོས་སུ་ཞུགས་སྐབས་རྩོད་གཞིའི་འགོ་འཛུགས་སྟངས་ཅི་ཡིན་སྙམ་ན། མཐའ་གཅིག་ཏུ་འདི་ལྟ་བུ་ཞིག་ཡིན་ཞེས་ཚིག་ཐག་ཆོད་པོས་བཤད་ཐུབ་པར་དཀའ་ཡང༌། སེ་འབྲས་དགེ་གསུམ་གྱིས་གཙོས་རྩོད་པའི་བྱ་བ་དར་སའི་བོད་ཀྱི་དགོན་སྡེ་མང་ཆེ་བས་སོ་སོའི་སྐབས་སུ་བབ་པའི་སློབ་ཚན་ཞིག་གཞི་རྩར་བཟུང་སྟེ། སློབ་ཚན་དེའི་ནང་ཚན་རྩ་བ་དང་ཡན་ལག་གི་ས་བཅད་དང༌། དཀའ་གནས་ཀྱི་རིགས་དག་དམིགས་བཀར་གྱིས་བཟུང་ནས་རང་རང་གི་གོ་རྟོགས་གོང་འཕེལ་ཆེད་འདི་ཡིན་དང་དེ་མིན་གྱིས་རྩོད་པའི་བྱ་བར་གཟབ་ནན་གྱིས་འཇུག་པ་ཡིན།
དེ་ཡང་རྩོད་གཞི་གཅིག་གི་ཐོག་ཏུ་རྩོད་པ་བྱེད་པའི་བརྒྱུད་རིམ་དངོས་ཀྱི་ནང་རྩོད་པ་བྱེད་མཁན་གྱིས་སྐབས་བབ་གཞུང་ཚན་གྱི་དཀའ་གནས་དང་འབྲེལ་བའི་རྩོད་གཞི་གང་ཡང་རུང་བ་ཞིག་བཀོད་ནས་དེ་འདྲའི་དཀའ་གནས་དེ་གཞུང་དང་གཞུང་ཚན་གང་ནས་ཡིན་དང༌། གཞུང་དེའི་རྩ་བ་དང་ཡན་ལག་གི་ས་བཅད་སོགས་གང་ཡིན། གཞུང་དེའི་ཚིག་སྔ་མ་དང་ཕྱི་མ་སོགས་གང་ཡིན། གཞུང་དེ་དང་འབྲེལ་ནས་ཡོད་པའི་ཁ་ཅིག་གི་འདོད་པ་དང༌། རང་ལུགས་ཀྱི་འདོད་པ་གང་དག གཞུང་དེའི་གཞུང་དོན་གང་ཡིན་སོགས་རང་རང་གི་རྩོད་ཟླར་ཞིབ་ཏུ་ངོས་འཛིན་བྱེད་དུ་བཅུག་སྟེ་རྩོད་གཞི་ངོས་འཛིན་གསལ་པོར་ཆགས་རྗེས།
རྩོད་གཞི་དེ་ཉིད་གཞིར་དམ་པོར་བཟུང་སྟེ་དགག་གཞག་སྤོང་གསུམ་གྱི་རྩོད་པའི་བགྲོ་གླེང་ལ་བརྗིད་ཉམས་ཀྱི་རྣམ་པས་འཇུག དེ་ཡང་དྲིས་ལན་འདེབས་པ་པོས་དྲི་བ་འདོན་མཁན་གྱིས་དྲི་བ་གང་བཏོན་ལ་བློ་རིག་བསྒྲིམས་ནས་བསལ་བ་ཁས་ལེན་ན། འདོད་ལན་དང༌། བསལ་བ་ཁས་མི་ལེན་ན། རྒྱུ་མཚན་འདྲི་བའི་ཚིག ཅིའི་ཕྱིར། རྟགས་ཁས་མི་ལེན་ན། རྟགས་མ་གྲུབ་ཀྱི་ལན་དང༌། རྟགས་དེ་ཁས་ལེན་ན། མ་ཁྱབ་ཀྱི་ལན་དང༌། དེ་བཞིན་སྐབས་བབ་དང་བསྟུན་ནས་རྫས་སྤྱི་མའམ། ཆོས་ཅན་སྐྱོན་ཅན། སྡོམ་རྟགས་མ་གྲུབ་སོགས་ཀྱིས་ལན་འདེབས་ཅི་རིགས་བྱེད་པ་དང༌།
དྲི་བ་གཏོང་མཁན་གྱིས་ཀྱང་ཁྱད་གཞི་དང༌། ཁྱད་ཆོས། རྟགས། བསལ་བ་སོགས་མ་ནོར་བའི་སྒོ་ནས་དྲི་བ་གཏོང་སྐབས། དྲིས་ལན་འདེབས་པ་པོས་ལུང་རིགས་དང་འགལ་བའི་རྟགས་གསལ་ཁྱབ་གསུམ་ཀ་འཁོར་ཏེ་ཁས་བླངས་ཤོར་བ་དང༌། རྩ་བའི་ཁས་ལེན་དང༌། ཁས་ལེན་སྔ་མ་ཤོར་བ། དྲི་བར་མྱུར་ཤུགས་ཀྱིས་ལན་འདེབས་སོགས་བྱེད་མ་ཐུབ་པའི་ཚེ་དྲི་བ་འདོན་མཁན་གྱིས་སྐབས་ཐོག་སོ་སོར་ཆད་ལུས་མེད་པའི་ཐོག་ནས་འཁོར་གསུམ་བསྐོར་བ་དང༌། ལུང་འདྲེན་པ། རྩ་བའི་དམ་བཅའ་ནས་ཚར། དངོས་འགལ་ཚར། ཚར། འཁྱེར་སོགས་ཀྱི་རིགས་བབ་བསྟུན་གྱིས་བརྒྱགས།
རྒྱུས་མེད་ཅིག་གིས་བལྟས་ཚེ་དྲི་བ་འདོན་མཁན་གྱིས་རྩོད་པའི་བརྒྱུད་རིམ་དངོས་ཀྱི་ནང་ཕ་རོལ་བོ་དམའ་བར་འདོད་པའི་ཞེ་སྡང་དང༌། རང་ཉིད་མཐོ་བར་འདོད་པའི་འདོད་ཆགས། རིགས་ལམ་འདོར་བར་འདོད་པའི་གཡོ་སྒྱུ་སོགས་བསམ་ངན་སྣ་ཚོགས་ཀྱིས་སྐད་གཟེངས་མཐོན་པོས་ལན་འདེབས་མཁན་གྱི་གང་ཟག་ལས་རྣམ་པར་རྒྱལ་འདོད་ཁོ་ནས་རང་རང་གི་རྩོད་ཟླར་ངར་ཤུགས་དྲག་པོས་འདི་ཡིན་དང་དེ་མིན་གྱིས་རྩོད་པ་བྱེད་པ་ལྟ་བུར་ཚོར་སྲིད་ཀྱང༌། དོན་དངོས་ཐོག་དྲི་བ་འདོན་མཁན་གྱིས་ཐོག་མཐའ་བར་གསུམ་དུ་རང་གིས་རྟོགས་པར་འདོད་པའི་གུས་པ་དང༌། གཞན་གྱི་ལོག་རྟོག་ལེགས་པར་བསལ་འདོད་ཀྱི་སྙིང་རྗེ། ཕ་རོལ་བོར་ཟབ་མོའི་ཆོས་ཡང་དག་པ་བསྟན་འདོད་ཀྱི་བྱམས་པ་སོགས་ཀུན་སློང་བཟང་པོའི་རིགས་མངོན་དུ་འགྱུར་ཐབས་ལ་སྒོ་ཀུན་ནས་འབད་བཞིན་པའི་ངང་རྩོད་པའི་བྱ་བ་གཉེར་གྱིན་ཡོད།
མདོར་བསྡུས་ནས་བཤད་ན། རང་རང་གི་སྐབས་བབ་ཀྱི་གཞུང་དོན་རྩོད་པ་ལ་འཇུག་པའི་བརྒྱུད་རིམ་ནང་དྲི་བ་གཏོང་མཁན་དེ་དྲི་བ་གཏོང་ཡུལ་གྱི་གང་ཟག་གི་མདུན་སར་བཞེངས་ནས་གཟན་སྐྱོར་བརྒྱབས་ཏེ་ཞྭ་གྱོན་བཞིན་པའི་ངང་ཐལ་སྐད་གཏོང་བ་དང༌། དེ་རྗེས་གཟན་སྐེད་པར་དཀྲིས་ཏེ་རང་རང་གི་སྐབས་བབ་ཀྱི་གཞུང་དོན་རྩོད་པ་ལ་རིག་པ་བསྒྲིམས་ནས་འཇུག གཞུང་དོན་རྩོད་པའི་བརྒྱུད་རིམ་ནང་དྲི་བ་འདོན་མཁན་རང་ཉིད་ཀྱིས་རང་གི་རིག་སྟོབས་ཇེ་འཕེལ་དུ་འགྲོ་ཆེད་རྐང་ལག་དུས་མཉམ་དུ་རྡེབ་པ་སོགས་ཕ་རོལ་ཟིལ་གྱིས་གནོན་པའི་སྟངས་སྟབས་འདྲ་མིན་གྱིས་སྐབས་བབ་ཀྱི་ཁྱབ་མཐའ་འགོད་པ་དང༌། རྒྱུ་མཚན་འདྲི་བ། ཁས་ལེན་གྱི་ཁ་ཕྱོགས་དང་བསྟུན་ནས་འཁོར་གསུམ་བསྐོར་བ་དང༌། འཁྱེར་དང༌། ཚར་སོགས་རྒྱག དེ་བཞིན་དྲིས་ལན་འདེབས་པ་པོས་ཀྱང་ལན་བཞི་བོ་གང་རུང་གི་བྱེད་ཐབས་བརྒྱུད་ནས་རང་གིས་སྔར་གང་ཁས་བླངས་པའི་དོན་དེ་མུ་མཐུད་ནས་རྒྱུན་བསྲིང་ཐུབ་ཐུབ་བར་ཏན་ཏན་ཏིག་ཏིག་གིས་འབད་པ་སོགས་རྩོད་པའི་བགྲོ་གླེང་ལ་འཇུག་པའི་བྱེད་ཐབས་ངོ་མཚར་བའི་རིགས་མང་དུ་སྣང་མོད་ཞིབ་ཏུ་འབྲི་བར་མ་ནུས།
མུ་འགོད།