གཅན་ བཟོད་པ།
__________
བྲི་ཤ་ཞེས་པ་ནི་བོད་ཀྱི་ནུབ་ཕྱོགས་མཐའ་མཚམས་ཀྱི་ཡུལ་ལུང་བྱེ་བྲག་པ་ཞིག་གི་མིང་རྙིང་ཡིན་ལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ནས་བོད་དང་འབྲེལ་བ་བྱུང་ཞིང་མཐར་བོད་ཀྱི་མངའ་རིས་སྐོར་གསུམ་གྱི་གྲས་སུ་གྱུར། (སྐབས་དེར་སྟོད་དུ་མངའ་སྐོར་གསུམ་དང་བར་དུ་དབུས་གཙང་རུ་བཞི། སྨད་དུ་མདོ་ཁམས་སྒང་དྲུག་ཏུ་དབྱེས་ཏེ་དབང་བསྒྱུར་བྱས། “དེ་ཡང་སློབ་དཔོན་གྱིས་བོད་ཀྱི་ལྷ་ཀླུ་གཞི་བདག་རྣམས་གསོལ་མཆོད་མཛད་སྐབས། བརྒྱག་བརྔན་ལྷ་བསངས་ལས། སྟོད་ཀྱི་མངའ་རིས་སྐོར་གསུམ་དང་། བར་གྱི་དབུས་གཙང་རུ་བཞི་སྟེ། སྨད་ཀྱི་མདོ་ཁམས་སྒང་དྲུག་སོགས།’’”མངའ་རིས་སྐོར་གསུམ་གྱི་སྔོན་བྱུང་ལོ་རྒྱུས།”ཞེས་སྐབས་དེ་ནས་མངའ་རིས་སོ་སོར་དབྱེས་ཡོད་པ་དང་། ཕྱིས་ཀྱི་སྐོར་གསུམ་དབྱེས་སྟངས་དང་ཆེ་ཆེར་མི་འདྲ་སྟེ། བསྟན་པ་སྔ་དར་སྐབས་ཀྱི་མངའ་རིས་སྐོར་གསུམ་ནི། པུ་རངས། ཟངས་དཀར། མང་ཡུལ་(ལ་དྭགས)གསུམ་སྐོར་གཅིག ལི། བྲུ་ཤ། སྦལ་ཏེ་གསུམ་སྐོར་གཅིག ཞང་ཞུང་། ཁྲི་སྡེ་སྟོད། ཁྲི་སྡེ་སྨད་གསུམ་སྐོར་གཅིག་བཅས་ལ་བོད་ལྗོངས་སྟོད་ཀྱི་གླིང་དགུའམ་མངའ་རིས་སྐོར་གསུམ་ཡང་ཟེར། བསྟན་པ་ཕྱི་དར་སྐབས་ཀྱི་ནི་མངའ་རིས་གུ་གེ་ལ་སྐོར་གཅིག མར་ཡུལ་ལ་དྭགས་ལ་སྐོར་གཅིག ཟངས་དཀར་སྒོ་གསུམ་ལ་སྐོར་གཅིག་བཅས་སོ། །ཞིབ་ཏུ་ནི་མངའ་རིས་ལ་གཟིགས།)
དེ་ཡང་ཡུལ་གྲུ་དེ་ཆོས་རྒྱལ་ཁྲི་སྲོང་གིས་ཆབ་འོག་ཏུ་མ་བཅུག་པའི་སྔོན་ལ་རྒྱལ་ཁབ་བམ་མི་རིགས་སྟོབས་ཆེན་ཞིག་ཡིན་ཚོད་འདུག་སྟེ། ཆོས་རྒྱལ་ཁྲི་སྲོང་གིས་རྒྱ་གར་མ་གྷ་ངྷར་དམག་དྲངས་ཏེ་ཆུ་བོ་གངྒའི་འགྲམ་དུ་མི་བཞི་བསྐོས་ཏེ་འདི་ཚུན་ཆད་བོད་ཀྱི་ས་ཡིན་པས་རྡོ་རིང་གྱིས་ཤིག་ཅེས་བཀའ་བསྩལ། བྱེ་ཁུངས་སུ་ལྕགས་ཀྱི་ཀ་བ་བཙུགས་(འདིའི་སྐོར་སྨྱསྲིད་དོན་རྒྱལ་རབས་ཡསྟོད་ཆའི་ཤོག་ངོས་༡༨༩ པར་གཟིགས་)པའི་རྗེས་སུ་བྲི་ཤ་དང་འབྲེལ་བ་བྱུང་། དེ་ནས་རིམ་གྱིས་བོད་ཀྱི་སྟོབས་ཤུགས་ནུབ་ཕྱོགས་སུ་རྒྱ་བསྐྱེད་འགོ་བཙུགས་ཏེ་བྲི་ཤ་དང་སྦལ་ཏེ། སྟག་གཟིག་གམ་ཨ་རབ་རྒྱལ་ཁབ་དབར་བོད་ཀྱི་དྲག་པོའི་སྟོབས་ཤུགས་སླེབས་(འདིའི་སྐོར་ཏ་ཞིག་ཞེས་པར་གཟིགས་)མྱོང་ཞིང་། བྲི་ཤ་ཞེས་པའི་ཐ་སྙད་འདི་ཡང་སྐབས་དེ་དུས་ཏེ་དུས་རབས་བརྒྱད་པའི་དཀྱིལ་སྨད་ཙམ་ནས་བོད་ཀྱི་ཡིག་ཐོག་ཏུ་སླེབས་པ་ཡིན།
དེ་ཡང་ཏུན་ཧོང་ཡིག་རྙིང་མ་ཡིག་ཨང་I.O.750 ལས། ‘‘གླིང་གི་ལོ་ལ། བཙན་པོཿཕོཿབྲངཿདྲོན་གྱྀ་མང་སྟེཿལུང་ན་བཞུགས། བློན་སྐྱེསཿབཟངཿལྡོང་ཅབཿགྱྀས། བྲུ་ཞ་ཡུལ་དུ་དྲངས། དགུན་ཕོ་བྲང་བྲག་དམར་ན་བཞུགསྟེ། བྲུ་ཞའྀ་རྒྱལཿཔོ་ཕབ་སྟེ་པྱག་འཚལད།’’༡ ཅེས་བྲི་ཞའམ་བྲི་ཤའི་ཡུལ་དུ་དམག་དྲངས་ཏེ་བྲི་ཤའི་རྒྱལ་པོ་ཕབ་སྐོར་བཀོད་པ་དང་། དང་ཡང་རྦ་བཞེད་ལས། ‘‘མི་བཞི་པོས་བྱེ་ཁུང་དུ་ལྕགས་ཀྱི་ཀ་བ་བཙུགས་ཏེ། ཕྱིས་སུ་བྲི་ཤའི་དམག་གིས་དེ་བཤིག་པས་མ་ཤིག་ནས་མེར་བཞུ་བའི་འཕྲོ་ཡོད་དོ།’’༢ ཞེས་སྐབས་དེར་བྲུ་ཤའི་དམག་རྒྱ་གར་ནུབ་ཕྱོགས་སྟག་གཟིག་གི་ས་མཚམས་ནས་རྒྱ་གར་ཤར་ཕྱོགས་མ་གྷ་ངྷ་བར་སླེབས་ཐུབ་པ་དེས། སྐབས་དེའི་བྲུ་ཤའི་དམག་གི་སྟོབས་ཤུགས་ཅི་འདྲ་ཡོད་མེད་མཚོན་ཐུབ་ཅིང་། འདིར་དགོས་པའི་བྲུ་ཤ་ཞེས་པའི་ཐ་སྙད་འདི་ཐོག་མར་བོད་ཡིག་སྟེང་ཐོན་པའང་ཏུན་ཧོང་ཡིག་རྙིང་དང་རྦ་བཞེད་གཉིས་སྔ་བ་ཡིན་ནོ།།
དེས་ན་བྲུ་ཤ་ཞེས་པའི་ཐ་སྙད་འདི་བོད་ཀྱི་ཡིག་ཐོག་ཏུ་སླེབས་ནས་ད་བར་དུ་མི་ལོ་ཆིག་སྟོང་བརྒྱ་དང་ཉི་ཤུ་ནས་སུམ་ཅུ་ཙམ་སོང་ཟིན་པའི་གལ་ཆེའི་ཐ་སྙད་རྙིང་པ་ཞིག་ཡིན།
བྲུ་ཤའི་ཐ་སྙད་ཀྱི་བྱུང་བ་ངོ་སྤྲོད་རགས་ཙམ་བྱས་རྗེས་ད་ནི་བྲུ་ཤ་ཞེས་པ་དེ་ཡུལ་གང་ཞིག་ལ་ངོས་འཛིན་བྱ་རྒྱུའི་སྐོར་ལ། གོང་དུ་བོད་ཀྱི་ནུབ་ཕྱོགས་ས་ཁུལ་ཞེས་པ་བཞིན་བོད་ཀྱི་ནུབ་ཕྱོགས་ས་ཁུལ་སྟོད་མངའ་རིས་སྐོར་གསུམ་གྱི་ཆར་གྱུར་བ། ལི། བྲུ་ཤ། སྦལ་ཏེ་ཞེས་པའི་ནང་ཚན་བྲུ་ཤ་ཞེས་པ་དེ་ཡིན། དེ་ཡང་བྲུ་ཤ་ཞེས་པ་ས་ཆ་གང་ཡིན་ལ་མཁས་པའི་བཞེད་པ་མི་འདྲ་བ་མང་སྟེ། སྨྱབོད་རྒྱ་ཚིག་མཛོད་ཆེན་མོ་ཡལས། ‘‘ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཁོངས་ཀྱི་ལུང་པ་ཞིག་གི་མིང་རྙིང་’’ ཞེས་བོད་ཀྱི་བྱང་རྒྱབ་ཅིག་ཏུ་འདོད་པ་དང་། དུང་དཀར་བློ་བཟང་འཕྲིན་ལས་ཚང་གིས་‘‘བྲུ་ཤ་འདི་མངའ་རིས་ལྷོ་རྒྱུད་ཀྱི་ས་ཆ་ཞིག་མིན་ནམ་སྙམ་ཞིང་’’ ཞེས་ཕྱོགས་ཙམ་གླེང་རྗེས་གོང་གི་རྦ་བཞེད་ཀྱི་ལུང་དེ་དྲངས་འདུག སྨྱམངའ་རིས་སྐོར་གསུམ་གྱི་སྔོན་བྱུང་ལོ་རྒྱས།ཡ ལས། ‘‘བྲུ་ཞའམ་བྲུ་ཤ་ཞེས་ཤིན་ཅང་གི་ཡུ་གུར་རིགས་རང་སྐྱོང་ལྗོངས་ཁོངས་ཀྱི་ལུང་ལྗོངས་ཤིག་གི་མིང་རྙིང་སྤྱི་དང་བྱེ་བྲག་གཉིས་སུ་འཇུག་པར་སྣང་’’༣ ཞེས་གསུངས།
ད་དུང་མཁས་བླུན་མང་པོས་ས་ཕྱོགས་འདྲ་མིན་ལ་ངོས་འཛིན་བྱས་དང་བྱེད་བཞིན་ཡོད་མོད། བདག་གིས་ནི་སྔ་མོའི་ལི་དང་སྦལ་ཏེ་གཉིས་ཀྱི་དབར་དུ་ཡོད་པར་འདོད་དོ། །
སྤྱིར་བྲུ་ཤ་ཞེས་པའི་མིང་ཡིག་གི་དག་ཆའི་ཐད་ལའང་བོད་དབྱིན་རྒྱ་སོགས་ཀྱིས་འབྲི་ཚུལ་མི་འདྲ་བ་མང་པོ་ཞིག་ཡོད་པ། དཔེར་ན། བོད་ཡིག་ཐོག་བྲུ་ཤ། བྲུ་ཞ། བྲུ་ཤར། བྲུ་ཤད། བྲུ་ཤལ། བྲུ་ཤན། སྦྲུ་ཤལ། འབྲུ་ཤལ་སོགས་དང་། དབྱིན་ཡིག་ནང་དུའང་། ‘‘Bru-sád,་Hbru-śal,་Sbru-Sal,་Bru-śal.” སོགས་མང་དུ་འབྱུང་ཡང་བརྗོད་གཞིའི་ས་ཆ་གང་ཡིན་ཐད་ལ་འགལ་བ་མེད་ཅིང་། བྲུ་ཤ་གར་ཡོད་ཐག་གཅོད་ལ་ཡང་ཕན་གནོད་གང་ཡང་མི་འབྱུང་ངོ་། །
འོ་ན་བྲུ་ཤ་ཞེས་པ་དེ་གང་དུ་ཡོད་པར་འཇུག་པ་ལ། གོང་དུ་བོད་ཀྱི་ནུབ་ཕྱོགས་སྟོད་མངའ་རིས་ཀྱི་ཆ་སྦལ་ཏེ་དང་ལི་ཡུལ་གཉིས་ཀྱི་དབར་ན་བྲུ་ཤ་སྟེ་དེང་གི་ཕ་ཁིསཐན་(Pakistan)གྱི་ཁོངས་(Gilgit)ཞེས་པ་དེ་དང་དེའི་མཐའ་སྐོར་ལ་བྲུ་ཤ་ཟེར་བ་ཡིན་ལ། སྦལ་ཏེ་ལི་ཡུལ་བྲུ་ཤ་གསུམ་ནི་བོད་ཀྱི་སྟོད་མངའ་རིས་མཐའ་མཚམས་ལྷོ་ནུབ་བྱང་གསུམ་དང་ས་འབྲེལ་བྱས་ནས་ཡོད།
དེ་ཡང་སློབ་དཔོན་དམ་པ་མཁས་དབང་གར་ཤ་བ་དངོས་གྲུབ་ལགས་ཀྱི་ “ངའི་སྙན་ཚིག་ང་གཅིག”(ད་སྔ་དཔེ་སྐྲུན་བྱས་མེད།) ཞེས་པར། ‘‘གིལ་གིཏ་(Gilgit)ཅེས་པ་གནའ་སྔ་མོ་རྒྱ་གར་ས་ཁོངས་སུ་གཏོགས་པའི་ནང་པ་སངས་རྒྱས་པའི་ལུང་པ་བྱེ་བྲག་པ་ཞིག་སྟེ། དེ་ལ་བོད་ཀྱི་རྒྱལ་རབས་ཀྱི་ཕྱག་དཔེ་རྣམས་སུ་བྲུ་ཤན་ཞེས་བརྗོད་ཡོད་ཅིང་། དེང་སང་ཁ་ཆེའི་ལུང་པ་ཞིག་ཏུ་གྱུར་ཡོད་’’ ཅེས་དང་། ཡང་ཁོང་གིས་(ཧིན་ངྷིའི་ཚིག་མཛོད་རྙིང་མ)ཡི་ནང་གཟིགས་ཏེ་གསུངས་དོན། ‘‘ཀཤི་སྨིར་དང་ཧིན་ངྷི་གུཤི་(Hindukush རི་ཞིག་གི་མིང་།)བར་གྱི་ས་ཆ་ཞིག་གི་མིང་’’ སྟེ(Gilgit)ཡིན་ཚུལ་དང་། ཀཤི་སྨིར་ཕྱི་མ་དེ་ལ་བྲུ་ཤ་ཟེར་བ་ཡིན་ཚུལ་སོགས་ཀྱི་ཞལ་གསུངས་དྲོན་མོ་ཡང་བསྩལ་གནང་བྱུང་། དེས་ན་བྲུ་ཤའི་སྐོར་འདི་ལས་ལྷག་ཅིག་འབྲི་མི་དགོས་སྙམ་ཡང་། ཡིག་རིགས་གཞན་འགའ་ཞིག་དྲངས་ཏེ་གསལ་ཁ་ཆེ་རུ་བཏང་ན། མཁས་དབང་ (A.H.Francke. ph.D.)ཡིས་བརྩམས་གནང་བའི་(Antiquities of indian tibet)ཞེས་པའི་དེབ་ཕྲེང་གཉིས་པའི་ཤོག་ངོས་༡༧༣ པར། ‘‘བྲི་ཤད་གྱི་ལིད (Bru-śad in Gil-lid,) ’’ ཞེས་དང་། “P.178. “Hbru-śal(Gilgit)’’ ཞེས་དང་། ཡང་ P 33 ‘‘ལྷོ་རྒྱ་གར་། ནུབ་སྦལ་ཏེ་དང་འབྲུ་ཤལ།’’ ཞེས་པའི་དབྱིན་བསྒྱུར་གྱི་ཐད་དུ་ ‘‘p 87 “india in the south,sbal-ti and Hbru-śal (Gilgit)in the west” ཞེས་དང་། ཡང་ང་༣༤ ‘‘ནུབ་ཕྱོགས་ཏ་ཟིག་གི་ས་མཚམས་འབྲུ་ཤལ་སོགས་དབང་དུ་བསྡུས་’’ ཞེས་པའི་དབྱིན་བསྒྱུར་ལས། “in the west Hbru- śal[Gilgit]on the Persian frontier and other were conquered: “ཞེས་བྲུ་ཤའམ་བྲུ་ཤལ་ཡོད་ཚད་ཀྱི་ཐད་ལ་གིལ་གིཏ་ (Gilgit)བྲིས་ཡོད་པས་བྲུ་ཤ་དང་གིལ་གིཏ་གཉིས་གཅིག་ཡིན་པར་ངེས་ལ། ལྷག་པར་དུ་དེའི་སྒྲུབ་བྱེད་ཀྱི་རྣམ་པ་གསལ་ཤོས་ཤིག་ལ། གོང་གི་ཡིག་ཆ་ལས། P. 99 “Hbru- śal is Gilgit.The Ladakhis still call the town by its ancient name of Hbru- śal-gi-lid;’’ ཞེས་བཀོད་ཡོད་པས་བྲུ་ཤ་ནི་དེང་སྐབས་ཕ་ཁི་སིཐན་(Pakistan) ནང་གི་གིལ་གིཏ་ལ་ཟེར་བ་དོགས་པ་ཅུང་སངས་ཐུབ་སྙམ།
༡། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། ཤོག་ངོས་༢༧ པར་གསལ། ༡༩༩༢ ལོར་མི་རིགས་དཔེ་སྐྲུན་ཁང་།
༢། རྦ་བཞེད་ ཤོག་ངོས་༥༢ པར་གསལ།
༣། མངའ་རིས་སྐོར་གསུམ་གྱི་སྔོན་བྱུང་ལོ་རྒྱུས། ཤོག་ངོས་༤༤ པར་གསལ།
བྲི་ཤའི་སྐོར་འདི་སྔོན་མ་སྦལ་ཏིའི་སྐོར་ང་ཚོས་གླེང་བརྗོད་བྱས་པ་ནས་ངས་ག་ས་གར་འཚོལ་བསྡད་པ་ཡིན། ད་རུང་ལི་དང་གར་ལོག་ཀྱང་བཙལ་བ་ཡིན། ལོ་རྒྱུས་ཀྱི་འགྲོས་ལ་བལྟས་ན་དེ་ཚོ་ཚང་མ་ཕལ་ཆེར་གཅིག་གཅིག་ལ་ས་འབྲེལ་ཡིན་པ་གསལ་པོ་རེད།
བྲི་ཤ་དེ་རྒྱ་བོད་ཚིག་མཛོད་ཆེན་མོའི་ནང་ཤིན་ཅང་ཁུ་ཧྲིའི་ལྷོ་དང་བོད་ལྫོངས་མངའ་རིས་ཀྱི་བྱང་ཀ་ཤི་སྨིར་དང་ས་འབྲེལ་བའི་རྒྱ་ཡིག་ནང་པོ་ལི་ཟེར་བའི་ས་ཆ་དེར་ངོས་བཟུང་འདུག ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཞེས་པ་རྒྱ་བོད་གཉིས་ཀྱི་སྐད་བྲིས་ཡོད་པ་དེའི་ནང་ཡང་བྲུ་ཤ་ལ་པོ་ལི་ཞེས་བསྒྱུར་འདུག དེས་ན་གསལ་དུ་གསལ་དུ་འགྲོ་གི་འདུག བྲུ་ཤ་དེ་ཡང་ན་གྷིད་གི་ཡིན་དགོས་པ་དང་མིན་ན་པོ་ལི་ཡིན་དགོས་པ་དེ་འདྲ་གང་ཡང་མིན་པ་འདྲ། གྷོའུ་གལ་ཨར་ཐི་ནང་ཕྱིན་ནས་སའི་གོ་ལའི་ས་བཀྲར་བལྟས་པ་ཡིན་ན་ཡང་འདི་གཉིས་ས་འབྲེལ་ལྟ་བུ་རེད་འདུག ཀ་ཤི་མིར་དང་ས་འབྲེལ་ཟེར་བ་འདི་ཡང་ཀ་ཤི་མིར་ཕྱི་མར་གོ་བ་ཡིན་ན་ཏག་ཏག་མགོ་ཐུག་གི་འདུག ས་ཆ་གང་ཞིག་ཡིན་ན་ཡང་ལོ་ཟླ་དུས་ཚོད་ལ་བསྟུན་ནས་འགྱུར་བའི་རང་བཞིན་ཅན་ཡིན་པ་དེ་ཡང་ཤེས་དགོས་པའི་གནད་ཅིག་རེད། ཁྱེད་རང་གིས་བཤད་པ་ལྟར་ཁྲི་སྲོང་གིས་དབང་བསྒྱུར་མ་བྱས་སྔོན་རྒྱལ་ཁབ་བམ་མི་རིགས་སྟོགས་ཤུགས་ཆེན་པོ་ཞིག་ཡིན་པ་འདྲ་ཟེར་ནས་བརྗོད་པ་ལྟར་ད་ལྟའི་ཤིན་ཅང་ལྷོ་ངོས་ཀྱི་པོ་ལི་དེ་ལྷོ་ཕྱོགས་སུ་རྒྱ་ཅུང་བསྐྱེད་ན་གྷིད་གི་ལ་སླེབས་ཡོང་བ་དང་། གྷིད་གི་དེ་ཕར་བྱང་ཕྱོགས་སུ་རྒྱ་ཅུང་བསྐྱེད་ན་རྒྱ་ཡིག་ནང་གི་པོ་ལི་ལ་སླེབས་ཡོང་བས་དེར་འགལ་ཆ་གང་ཡང་མི་མཐོང་ངོ་།
ལི་ཡུལ་ཏེ་ཡུལ་ལྕང་ར་སྨུག་པོ་འདི་ད་ལྟའི་ཤིན་ཅང་ལ་གོ་དགོས་པ་རེད་ཟེར་ནས་མཁས་པ་ཆེན་པོ་གཅིག་གི་རྗེས་ལ་མཁས་བླུན་མང་པོ་ཞིག་འབྲངས་ནས་ཤོད་རྐྱང་བྱེད་པ་དེ་ཅུང་རྩིང་དྲགས་འདུག་སྙམ། འདི་ཡང་བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་། ཤིནཅང་ལྷོ་རྒྱུད་རི་བོ་ཁུ་ནའི་བྱང་ཕྱོགས་དང་། ཐག་ལ་མ་གན་ཞེས་པའི་བྱེ་ཐང་ཆེན་མོའི་ལྷོ་ཕྱོགས་བར་མཚམས་ཀྱི་ཧོ་ཐེན་དང་། ཆེ་མོ། རྨིན་ཧྥེང་ནས་རུའོ་ཆང་གཏུགས་པའི་བར་བཅས་ཀྱི་ས་ཆ་སྤྱི་དང་། སྒོས་སུ་དེའི་ནང་གསེས་ཀྱི་ཧོ་ཐེན་དང་ཡུས་ཐེན་ཡུལ་གྲུ་གཉིས་ཀྱི་མིང་རྙིང་། སྔར་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་དར་མྱོང་བའི་ཡུལ་གྲུ་ཞིག་ཅེས་བཀོད་འདུག་པ་འདི་ཁུངས་ཧ་ཅང་དག་པར་མཐོང་། གནམ་མཐོང་ནས་བོད་བྱང་ཕྱོགས་དང་འབྲེལ་བའི་སའི་གོ་ལའི་ས་བཀྲར་ལྟོས་དང་ཧོ་ཐེན་ཞེས་པའི་མིང་དེ་མཐོང་ཐུབ།
བྲུ་ཤ་དང་ལི་གཉིས་ཀ་ཁྲི་སྲོང་ལྡེ་བཙན་སྐབས་དབང་དུ་བསྡུས་པ་འདྲ་ན་ཡང་། དམག་སྣ་འདྲེན་མཁན་གྱི་བློན་པོ་ཁ་ཁར་འདུག ལི་དབང་དུ་བསྡུ་མཁན་ནི། ་་འབྲོ་ཁྲི་གཟུའ་རམ་ཤགས་ཀྱིས། སྟོད་ཕྱོགས་སུ་དྲངསྟེ། ལྀ་འབངས་སུ་བཀུག་ནས་དཔྱའ་ཕབ་པོ་་ བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་ཞེས་པའི་ནང་གསལ། བྲུ་ཤར་དམག་དྲངས་མཁན་ནི་བློན་སྐྱེས་བཟང་ལྡོང་ཙབ་ཡིན་པ་ཁྱེད་ཀྱིས་བཀོད་འདུག་པ་ལྟར་རེད།
མངའ་རིས་སྐོར་གསུམ་དབྱེ་སྟངས་ལ་ཡང་མི་མཐུན་པ་འདུག་སྟེ། ཇོ་བོ་རིན་པོ་ཆེའི་རྣམ་ཐར་རྒྱས་པའི་ནང་། བཀྲ་ཤིས་མགོན་ལ་པུ་རངས་བྱིན། དཔལ་གྱི་མགོན་ལ་ཞང་ཞུང་ཕྱིན། ལྡེ་གཙུག་མགོན་ལ་མང་ཡུལ་བྱིན་པས་མངའ་རིས་སྐོར་གསུམ་ཞེས་གྲགས་སོ།ཞེས་གསལ།
ལ་དྭགས་རྒྱལ་རབས་ནང་། དེ་ནས་སྲས་གསུམ་ལ་མངའ་རིས་སོ་སོར་གནང་སྟེ། ཆེ་བ་དཔལ་གྱི་མགོན་མངའ་རིས་མར་ཡུལ། འབངས་གཞུ་ནག་ཅན།ཤར་རུ་ཐོག་དང་། གསེར་ཁ་འགོག་ལད་ཀྱི་སྡེ་མཆོག་དཀར་པོ། མཚམས་ཀྱི་ར་བ་དམར་པོ། ཝམ་ལེ་ཡི་མིག་གི་ཕ་བོང་ལ་མགོ་བར ནུབ་ཁ་ཆེའི་ལ་རྩ། རྡོ་བུག་པ་ཅན་ཡན་ཆད། བྱང་གསེར་ཁ་འགོག་པོ་ཚུན་ཆད་ཀྱི་ས་རྒྱ་ལ་གཏོགས་པ་རྣམས་ཡིན་ནོ།
བར་བ་བཀྲ་ཤིས་མགོན་ལ། གུ་གེ་པུ་ཧྲངས། རྩེ་དང་བཅས་པ་ལ་མངའ་མཛད། ཆུང་བ་ལྡེ་གཙུག་མགོན་ལ། ཟང་དཀར་སྒོ་གསུམ། སྤི་ཏི། སྤི་ལྕོགས་བཅས་པ་ལ་མངའ་མཛད། ཅེས་གསལ་བ་འདི་ཡང་དཔྱད་གཞིར་ཕུལ།
བྲི་ཤ་ཤེས་ན་ཕན་ཡོན་ཅི།།
བྲི་ཤ་མ་ཤེས་གྱོང་གུད་ཅི།།
བྲི་ཤ་བྲིས་པའི་མི་ཚད་པར།།
བྲི་ཤར་ཐོན་རུང་ཁྱད་ཆོས་གང་
བྲི་ཤ་ཤེས་ན་ཕན་ཡོན་ཅི།།
བྲི་ཤ་མ་ཤེས་གྱོང་གུད་ཅི།།
བྲི་ཤ་བྲིས་པའི་མི་ཚད་པར།།
བྲི་ཤར་ཐོན་རུང་ཁྱད་ཆོས་གང་།།
བྲི་ཤ་ཤེས་ན་བོད་ཀྱི་ལོ་རྒྱུས་ཤེས།།
བྲི་ཤ་མ་ཤེས་བོད་ཀྱི་རང་བཙན་ཤོར།།
བྲི་ཤར་ཐོན་ན་བོད་ལ་སླེབས་སོང་སྙམ།།
གངས་ཅན་པ་ཞེས་དེ་ནས་གྲགས་སོ་ལོ།།
གར་ལོག་འདི་ད་རུང་གསལ་བོ་ཆགས་མ་སོང་། དུང་དཀར་ཚང་ནས་བྲུ་ཤའི་ཡུལ་མིན་ནམ་ཟེར་ནས་ཐེ་ཚོམ་གྱི་དྲི་བ་ཞིག་བཀོད་འདུག ཞྭ་སྒབ་པས་གར་ལོག་གི་ཡུལ་གང་དུ་ཡོད་རྩད་དཔྱོད་བྱ་ཕྱིར་ཧིལ་ཕུག་ཧོབ་མན་གྱི་དབྱིན་དེབ་(་་་་་་)ནང་ཡར་ཁྱེན་ཕྱོགས་སུ་ངོས་འཛིན་བྱས་འདུག་ཅིང་། ང་རང་གིས་ཀྱང་དེ་ལྟར་ཡིན་པར་སེམས་སོ་ཞེས་བྲིས་འདུག རྒྱ་བོད་ཚིག་མཛོད་ནང་། སྔར་ཁ་ཆེའི་ཡུལ་གྱི་མི་རིགས་ཏུ་རུ་ཀའི་ནང་གསེས་ཡན་ལག་ཅིག་ཡིན་ཞེས་དང་། རྒྱ་ཡིག་གི་འགྲེལ་དུ་ ཀི་ལོ་ལུའུ། མིག་སྔོ་ཐུའུ་ཇེ་ཞེས་པ་གནའ་བོའི་དཀྱིལ་ཤར་གྱི་ཐུའུ་ཇེ་མི་རིགས་ཀྱི་གྲས་ཤིག་ཅེས་བྲིས་འདུག ཡང་ཇོ་བོ་རིན་པོ་ཆེའི་རྣམ་ཐར་རྒྱས་པའི་ནང་། ལྷ་བླ་མ་ཡེ་ཤེས་འོད་ལྷོ་བལ་ཕྱོགས་གསེར་འཚོལ་དུ་ཕྱིན་སྐབས་གར་ལོག་རྒྱལ་པོས་བོད་རྒྱལ་ཡིན་པ་ཤེས་ནས་བཟུང་སྐོར་བཀོད་འདུག ཡང་དེའི་ནང་ལྷོ་བལ་དང་བལ་ཡུལ་གཉིས་ཀྱི་མིང་ཁྱད་པར་ཕྱེ་ནས་བྲིས་འདུག ང་ཚོའི་རྒྱལ་རབས་གང་ཡིན་ནམ། གཅིག་གི་ནང་ལི་ཡུལ་ཡང་ལྷོ་བལ་ཕྱོགས་ན་ཡོད་པར་ངོས་བཟུང་བར་ཨ་ལགས་ཞབས་དྲུང་ཚང་ནས་ལི་ཡུལ་བལ་ཡུལ་མིན་པར་ཡུལ་ལྕང་ར་སྨུག་པོ་སྟེ་ད་ལྟའི་ཤིན་ཅང་ཡིན་ཞེས་དགག་པ་རྒྱབ་ཡོད་པ་ལྟ་བུ་ཞིག་བཀོད་ཡོད་བསམ་སོང་། འདིའི་སྐོར་ང་ལ་ཏག་ཏག་ཅིག་བཤད་རྒྱུ་མེད། ཨ་ལགས་ཞབས་དྲུང་ཚང་གི་དཔེ་ཆ་རྡོག་མ་གཅིག་ཀྱང་འདིར་མེད།
དོན་དངོས་སུ་ལྷོ་བལ་ནི་བལ་ཡུལ་མིན་པར་ལི་ཡུལ་དང་བྲུ་ཤའི་ཕྱོགས་དེ་བ་ཞིག་ཡིན་པ་འདྲ། དེ་ཡིན་ན་གར་ལོག་ཀྱང་དེ་ཕྱོགས་ཤིག་ཡིན་དགོས་པ་འདུག ག་རེ་རེད་ཟེར་ན། ལྷོ་བལ་་ཕྱོགས་ཕེབས་སྐབས་གར་ལོག་གིས་འཇུས་འདུག ཇོ་བོ་རྗེའི་རྣམ་ཐར་རྒྱས་པ་འདི་ཇོ་བོའི་སློབ་མ་དང་ཇོ་བོ་གདན་འདྲེན་ཞུ་མཁན་ནག་ཚོ་ལོ་ཙྰ་བ་སོགས་ལྷ་བླ་མ་ཁུ་དབོན་ལ་རྒྱུས་ཡོད་པའི་སྐབས་ཐོག་དེའི་མི་ལ་དངོས་སུ་དྲི་གཏུགས་ཀྱིས་བྲིས་པ་ཞིག་ཡིན་པས་ཁུངས་བཙུན་དུ་མཐོང་། ཁུངས་ཐུག་ལ་མ་ཐུག་པའི་ཐ་ཐོར་ཡར་མར་ཀུན་ནས་བསྡུས་ཡོང་བའི་སྤྲང་བོའི་སློང་རྩམ་ལྟ་བུ་འདི་ཡང་དུས་ཚོད་ཐུང་ཙམ་བེད་སྤྱད་ནས་དཔེ་ཆའི་ཁྲོད་ཉུལ་མཁན་ཏེ་དཔེ་ངོས་ཀྱི་སློང་མོ་བ་རྣམས་ཀྱི་མདུན་སྤྱི་འཇོག་བྱས་པ་ཡིན། ཟ་འདོད་ཅན་གྱི་རྩམ་གསར་ཡིན་ན་དོན་མེད་མིན། ཁ་ལ་རེག་ཙམ་ཀྱིས་ཀྱང་གྲོད་ཁོག་ན་བའི་རྩམ་རྙིང་ཡིན་ན་དོན་ཡོད་མིན།
བྲི་ཤ་ཟེར་ན་ག་རེ་རེད།
བྲུ་ཤ་ཤོད་ཀྱི་ཡོད་པ་འདྲ།
བྲི་སྟངས་ནོར་བ་ཡིན་པ་འདྲ།
བྲི་ཤ་མ་རེད་བྲུ་ཤ་རེད།
ཨ་ཕའི་ལོ་ལོ་ཉལ་གི་སོང་།
ཆུ་ཚོད་དགུ་དང་ཕྱེད་ཀ་རེད།
བཤད་རྒྱུ་ཡོད་ན་སང་ཉིན་མཇལ།
ཕན་དང་གྱོང་གུན་གང་ཞིག་ཡོད།
འདི་ནི་ཁ་བརྡ་བྱེད་ས་རེད།
ཁ་བརྡ་ཅི་བྱེད་རང་ལག་རེད།
ཉན་མཁན་ཡོད་མེད་ཁྱད་པར་མེད།
ཆང་རེ་འཐུང་ན་བཤད་རྐྱང་ཡིན།
བྲུ་ཤ་ཡིན་པ་ལོས་ཤེས་ཏེ།།
ཐོག་མར་བྲི་ཤ་ཞེས་བྲིས་འདུག།
ད་དུང་འབྲི་སྲོལ་མང་རབ་ཟེར།།
ངས་ནི་མཆན་དེ་བྲི་ཤར་བཏབས།།
ཁོ་རེ་མགོན་པོ་ལག་གཉིས་པ།།
ཁར་སང་ཡིག་ནོར་མ་ཤེས་རུང་།།
དེ་རིང་ཡིག་ནོར་ཤེས་སོང་ཟིག།
ངོ་མ་ཁྱོད་ལ་ཡར་རྒྱས་འདུག།
ཁ་སྔོན་བྲུ་ཤའི་སྐོར་ལ་རྩོམ་ཐུང་ཞིག་བྲིས་པར། ཁ་བྱང་དུ་བྲུ་ཤའི་བྲུ་ལ་གེ་གུ་ཅན་གྱི་བྲི་བྲིས་འདུག་པ་ནོར་འདུག་དྲ་གྲོགས་མགོན་པོ་ཕྱག་གཉིས་ལགས་ཀྱིས་ཡོ་བསྲིངས་དང༌། དྲ་གྲོགས་ཚོས་མཆན་བུ་གནང་བར་ཐུགས་རྗེ་ཆེ་ཞུ། སྐུ་ཞབས་ལུང་རིགས་རྒྱལ་གྱིས་སྟག་གཟིག་གི་སྐོར་ལ་དོགས་སློང་ཞིག་གནང་འདུག་པ་མཐོང་འཕྲལ་ཏག་ཏག་བདག་གིས་སྟག་གཟིག་གི་ལ་བྲིས་པའི་རྩོམ་ཐུང་དེ་དྲན་བྱུང༌། དེ་བས་སྟག་གཟིག་གི་སྐོར་ལ་དོགས་སྐོང་རྩོམ་ཐུང་ཞིག་བྲིས་ཡོད་པ་ཁ་བརྡའི་དྲ་ངོས་སུ་བསྐུར་ཡོད་པས་དྲ་གྲོགས་ཚོས་དཔྱད་གླེང་ཡོང་བ་ཞུ།
ཁ་སྔོན་བྲུ་ཤའི་སྐོར་ལ་རྩོམ་ཐུང་ཞིག་བྲིས་པར། ཁ་བྱང་དུ་བྲུ་ཤའི་བྲུ་ལ་གེ་གུ་ཅན་གྱི་བྲི་བྲིས་འདུག་པ་ནོར་འདུག་དྲ་གྲོགས་མགོན་པོ་ཕྱག་གཉིས་ལགས་ཀྱིས་ཡོ་བསྲིངས་དང༌། དྲ་གྲོགས་ཚོས་མཆན་བུ་གནང་བར་ཐུགས་རྗེ་ཆེ་ཞུ། སྐུ་ཞབས་ལུང་རིགས་རྒྱལ་གྱིས་སྟག་གཟིག་གི་སྐོར་ལ་དོགས་སློང་ཞིག་གནང་འདུག་པ་མཐོང་འཕྲལ་ཏག་ཏག་བདག་གིས་སྟག་གཟིག་གི་ལ་བྲིས་པའི་རྩོམ་ཐུང་དེ་དྲན་བྱུང༌། དེ་བས་སྟག་གཟིག་གི་སྐོར་ལ་དོགས་སྐོང་རྩོམ་ཐུང་ཞིག་བྲིས་ཡོད་པ་ཁ་བརྡའི་དྲ་ངོས་སུ་བསྐུར་ཡོད་པས་དྲ་གྲོགས་ཚོས་དཔྱད་གླེང་ཡོང་བ་ཞུ།
སྤྱིར་ཡིག་གཏགས་ལ་བྱང་ཆ་མེད་ཁར་ཀ་དང་ལ་གཉིས་ཀྱི་མཐེབ་གནོན་གཤིབ་བསྡད་ཡོད་པས། དོགས་སློང་ལ་དོགས་སྐོང་ཞེས་བྲིས་ནོར་ཐེབས་འདུག་ དགོངས་འགལ་མེད་ལ་ཞུ། ཁ་སྔོན་ཀླུ་སྨྱོན་ལགས་ཀྱིས་བཀའ་བཀྱོན་པར་ཐུགས་ཁག་མི་འདུག
……………………………….
ལི་ཡུལ་(Khotan)ནི་དེང་སང་ཞིན་ཅང་ཡུལ་གྱི་མཐའ་རིང་ཐང་གཞུང་ཆེན་མོའི་ནང་གི་ཕྲག་ལ་ མ་ཁན་(ཕར་འགྲོ་ཡོད་ལ་ཕྱིར་འོང་མེད)་བྱེ་ཐང་གི་ལྷོ་དང་ཁུན་ལིན་རི་རྒྱུད་ཀྱི་བྱང་ན་ཡོད། ཡུལ་འདིའི་ཡུལ་མི་ཏ་ཟིག་ཡུལ་ནས་མཆེད་ཅིང་ཡི་ཤུ་སྔོན་གྱི་དུས་རབས་གསུམ་པའི་ནང་རྒྱལ་བོ་མྱ་ངན་མེད་ཀྱི་སྲས་ཤིག་ནས་ཡུལ་འདིའི་རྒྱལ་ཐབ་ཟིན་པའི་བཞེད་ཚུལ་ཞིག་ཀྱང་ཡོད་ལ། ཕྱིས་སུ་ཡུལ་འདིར་ཐེག་པ་ཆེན་པའི་ཆོས་རྒྱ་ཆེན་པོ་དར་ནས་དབུས་ཨེ་ཤི་ཡའི་དར་སི་ཚོང་ལམ་རིང་མོིའི་རྒྱུད་ཀྱི་ནང་བའི་རྒྱལ་ཁབ་ཆེ་གྲས་ཤིག་ཏུ་གྱུར་འདུག ལྷ་ཐོ་ཐོ་རི་གཉན་བཙན་སྐབས་སུ་བྱོན་པའི་སྤང་སྐོང་ཕྱག་རྒྱ་དང་མདོ་སྡེ་ཟ་མ་ཏོག་སོགས་གཉན་པོ་གསང་བའི་ཆོས་དཔེ་རྣམས་ལི་ཡུལ་ནས་འཁྱེར་ཡོང་བའི་བཞེད་ཚུལ་དང་། ལི་ཡུལ་གྱི་ཡི་གེའང་རྒྱ་གར་གྱི་གྷོ་པུ་ཏའི་ཡི་གེ་ལས་བཟོས་བས་བོད་ཡིག་དང་ཁྱིམ་གཅིག་གི་སྤུན་མཆེད་ལྟ་བུ། ། རྗེ་མང་སྲོང་དང་འདུས་སྲོང་ཁྲི་སྲོང་ལྡེའུ་བཙན་དུས་སུ་བོད་བཙན་པོའི་ཆབ་འབངས་སུ་བཙུད་པ། ཆོས་རྒྱལ་མེས་ཨག་ཚོམ་གྱི་དུས་སུ་ལི་ཡུལ་གྱི་ནང་བའི་དགེ་འདུན་པ་བོད་དུ་སྐྱབས་བཅོལ་དུ་ཕེབས་པ། ཁྲི་རལ་དུས་ལི་ཡུལ་གྱི་ལག་ཤེས་ཁྱད་མཁས་བོད་དུ་གདན་དྲངས་བ་སོགས་བོད་དང་ལི་ཡུལ་བར་ལོ་རྒྱུས་ཁྲོད་འབྲེལ་བ་དམ་ཟབ་བྱུང་འདུག
རྒྱའི་བཙུན་པ་ཧྥ་ཞན་(ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས)་དུས་རབས་བཞི་བའི་མཇུག་དང་ལྔ་བའི་འགོ་ཙམ་ལ་་ལི་ཡུལ་བརྒྱུད་ནས་རྒྱ་གར་དུ་འདུལ་བའི་དཔེ་ཆ་འཚོལ་དུ་ཕེབས་དུས་ཞང་ཞང་ནས་ཟླ་བ་གཅིག་དང་ལི་ཡུལ་ནས་ཟླ་བ་3་ཙམ་བཞུགས་པའི་རིང་ཡུལ་དེའི་ནང་བ་ཚོའི་ཆོས་སྤྱོད་ཐད་མཐོང་ཆོས་འདི་འདྲ་ཞིག་བྱུང་འདུག
ལི་ཡུལ་ནི་སྤྲོ་སྐྱིད་ལྡན་ལ་ལོངས་སྤྱོད་དར་བ། མི་འབོར་མང་བའི་རྒྱལ་ཁབ་ཞིག་དང་། དགོན་ཆུང་རྣམས་མ་བགྲང་བར་དགོན་པ་ཆེ་བ་14་དང་གྲ་བའི་གྲངས་འབོར་ཁྲི་ཤས་ཡོད་པ་མང་ཆེ་བ་ཐེག་ཆེན་པ་དང་གྲ་མང་གི་འཚོ་བ་སྤྱི་ཐབ་ཡིན་འདུག དགོན་པའི་ནང་གྲ་བཙུན་གནས་འགྲིམས་པ་བཞུགས་སའི་འགྲུལ་ཁང་ཡོད་ཐོག་གྲ་བཙུན་གནས་འགྲིམས་པ་ཚོར་དགོན་པ་ཁག་ནས་འགྲུལ་ཤག་དང་དགོན་པར་བཞུགས་རིང་འཚོ་བའི་མཐུན་རྐྱེན་ཡང་སྦྱོར་གི་ཡོད་འདུག
སྐབས་དེར་ལི་ཡུལ་རྒྱལ་བོས་བཙུན་པ་ཧྥ་ཞན་དང་ཁོང་གི་ལམ་གྲོགས་ཚོ་བ་གླང་ཕྱུག་ཅེས་བའི་དགོན་ཆེན་ནང་མགྲོན་དུ་གཉེར་ནས་འཚོ་བའི་མཐུན་རྐྱེན་ཡང་སྦྱར་འདུག བ་གླང་ཕྱུག་ན་ཐེག་པ་ཆེན་པོའི་གྲ་བ་སྟོང་གསུམ་དང་གྲ་མང་ལ་ཞལ་ལག་གཏོང་་དུས་ཅོང་དཀྲོལ་ནས་བརྡ་གཏོང་གི་ཡོད་འདུག་ལ། ཟས་མཆོད་དུས་གྲ་མང་ཚུལ་སྤྱོད་ལྡན་པའི་ངང་གྲལ་དུ་འཁོད་ནས་ལྷུང་བཟེད་དང་སྣོད་སྤྱད་སོགས་ཀྱི་སྒྲ་ཟིང་ཅི་ཡང་མེད་མེད་པར་ཟས་ལ་རོལ་བ་དང་། ཟས་འདྲེན་ཞབས་ཞུ་བར་བརྡ་གཏོང་དུས་སྐད་མི་འབྱིན་པར་ཕྱག་བརྡ་ཁོ་ན་བྱེད་ཀི་ཡོད་འདུག
ལི་ཡུལ་གང་བོར་འབངས་ཁྱིམ་ནི་སྐར་མའི་ཚོམས་བཞིན་ཞེས་དུད་ཁྱིམ་མང་བོ་ཡོད་པ་གསལ་འདུག་ལ། ཁྱིམ་རེའི་སྒོ་ན་མཆོད་རྟེན་རེ་ཡོད་འདུག་པར་གཞིགས་ན་སྐབས་དེར་ནང་ཆོས་འབངས་ཀྱི་ཁྲོད་ལ་ཤིན་ཏུ་དར་ཁྱབ་ཆེ་འདུག
ལོ་རེིའི་ཟླ་བཞི་བའི་ཚེས་ཤར་ནས་ཚེས་བཅུ་བཞི་བར་སངས་རྒྱས་ཀྱི་སྐུ་བརྙན་མང་ཚོགས་ལ་སྤྱན་འབུལ་ཞུས་བའི་དུས་ཆེན་ཞིག་ཡོད་པ་དེ་་སླེབས་ལ་ཉེ་དུས་གྲོང་ཁྱེར་གྱི་སྲང་ལམ་ཆེ་ཆུང་ཚང་མ་ཆུ་གཏོར་ནས་གཙང་ཕྱགས་དང་གྲོང་ཁྱེར་གྱི་ཁོར་ཡུག་ཚང་མར་མཛེས་རྒྱན་སྤྲོས། གྲོང་ཁྱེར་སྒོ་མོ་ཆེའི་ཀླད་དུ་མཆོར་རྒྱན་གྲ་རྒྱས་སྤྲས་བའི་གུར་གྱི་ཕོ་བྲང་ཞིག་ཕུག་ནས་དུས་ཆེན་སྐབས་རྒྱལ་བོ་དང་བཙུན་མོ་འཁོར་བཅས་དེར་བཞུགས་གི་ཡོད་འདུག
སྐུ་བརྙན་སྤྱན་འདྲེན་གྱི་ཉིན་དེར། གྲོང་ཁྱེར་ནས་ལམ་ཐག་མེལ་གཅིག་ཙམ་གྱི་ས་ནས་འདྲུལའཁོར་ཆེན་པོ་འཁོར་ལོ་བཞི་ལྡན་ཞིག་གི་སྟེང་མཐོ་ལ་ཕི་ཀྲི་30ཙམ་ཡོད་པའི་སངས་རྒྱས་སྐུ་བརྙན་དཀྱིལ་དང་དེའི་གཡས་གཡོན་དུ་སེམས་དཔའ་ཆེན་པོ་ཟུང་། དེའི་འཁོར་དུ་རིན་ཆེན་གསེར་དངུལ་རྒྱུ་ལྡན་ལྷའི་ཚོགས་ཀླད་ན་དཔྱངས་བའི་ལྷའི་ཕོ་བྲང་རིན་ཆེན་སྣ་ལྡས་མཛེས་རྒྱན་སྤྲས་པའི་སྟེང་དར་སྲབ་དང་གདུགས་སོགས་ཀྱིས་བརྒྱན་པ་ལྷའི་ཕོ་བྲང་མངོན་སུམ་དུ་བསྐྱོད་ཀྱིན་པ་ལྟ་བུའི་སྐུ་བརྙན་སྐྱེལ་བསུའི་རུ་ཕྲེང་དེ་བ་གླང་ཕྱུག་་དགོན་པས་སྣེ་དྲངས་ཏེ་དགོན་པ་གཞན་རྣམས་རྗེས་སུ་རང་རང་གི་དགོན་པའི་སྐུའི་སྣང་སྙན་འདྲིལ་འཁོར་ལ་བསྐྱོན་ནས་གོ་རིམ་བཞིན་ཕེབས་གི་ཡོད་འདུག།
སྐུའི་སྐྱེལ་སྟོན་རུ་ཕྲེང་གྲོང་ཁྱེར་གྱི་སྒོ་ཆེན་དང་གོམ་པ་100་ཙམ་ཉེ་བར་སླེབས་དུས་རྒྱལ་བོས་དབུ་རྒྱན་མར་ཕབས། ལུས་ལ་གོས་གཙང་མ་མནབས།། ཕྱག་ལ་མེ་ཏོག་བསྣམས། ཞབས་རྗེན་དུ གཞུག་ལ་འཁོར་གཡོག་གི་གྲལ་ཕྲེང་དང་བཅས་སྒོ་ཆེན་ཡོད་སར་ཕེབས་ནས་སངས་རྒྱས་སྣང་བརྙན་ལ་བསུ་བ་བྱེད།
རྒྱལ་བོས་སངས་རྒྱས་ཀྱི་ཞབས་ལ་དབུ་ཐོད་གཏུགས་ནས་ཕྱག་འཚལ། མེ་ཏོག་གཏོར། ལྷ་སྤོས་བདུག་ནས་བསྙེན་བཀུར་མཛད། དེ་ནས་སྐུའི་སྣང་བརྙན་སྒོ་ཆེན་གྱི་ནང་དུ་འཛུལ་མཚམས་སྒོ་ཆེན་ཀླད་ཀྱི་ལྡིངས་ཀ་ནས་བཙུན་མོ་དང་འཕྱོར་སྒེག་སྤྲས་བའི་བུད་མེད་ཚོས་མེ་ཏོག་རྒྱ་ཆེན་པོ་གཏོར་བའི་ཚེ་མེ་ཏོག་གི་འདབ་མ་རྣམས་བར་སྣང་དུ་ལྷབ་ལྷུབ་འཁོར་ཞིང་ག་ལེར་ས་ལ་ལྷུང་བ་ན་སྐུ་བརྙན་གདན་འདྲེན་རུ་ཕྲེང་གི་དགའ་་སྟོན་ལ་རྔམ་བརྗིད་རབ་ཏུ་འབར་བར་བྱེད།
གཞན་ཡང་། གྲོང་ཁྱེར་བྱང་དུ་མེལ་3་ལྷག་གི་སར་རྒྱལ་བོའི་དགོན་སར་ཞིག་ཡོད་པ་རྒྱལ་ཐོག་གསུམ་དང་མི་ལོ་80་རིང་གསར་བཞེངས་གནང་ཞིང་། མཐོ་ལ་ཕི་ཀྲི་250་ཡོད་པ་ཕྲ་རྒྱན་དང་བརྐོས་རིས་ཀྱིས་ཕྱུག་ཅིང་ཕྱི་ངོས་གསེར་དང་དངུལ་ཐེ་བའི་རིན་ཆེན་སྣ་བདུན་གྱིས་སྤུད་ཡོད་འདུག་ལ། དགོན་གསར་དེིའི་མཆོད་རྟེན་གྱི་རྒྱབ་ན་མཆོག་ཏུ་མཛེས་ཤིང་རྔམ་བརྗིད་ཆེ་བའི་སྟོན་པའི་ལྷ་ཁང་ཞིག་ཡོད་པ་དེའི་ཀ་བ་དང་གདུང་མ། སྒོ་དང་སྒེའི་ཁུང་ཚང་མ་གསེར་གྱི་ལོ་མས་བརྒྱན་ཡོད་པར་མ་ཟད། དགོན་པའི་གྲ་ཤག་ཚང་མར་མཛེས་པའི་མཆོར་རྒྱན་གྱིས་སྤུད་པ་ལྟ་ན་སྟུག་ཅིང་སྨྲ་བསམ་བརྗོད་ལས་འདས་བ་ཞིག་ཡིན་འདུག།
ཙོང་རིའི་ཤར་རྒྱུད་ཀྱི་རྒྱལ་ཁབ་དྲུག་གི་རྒྱལ་བོ་ཚོས་རང་ལ་ཡོད་པའི་རྒྱུ་ནོམ་པ་རྩ་ཆེན་གང་མཆིས་པ་ཉུང་ངུ་ཞིག་རང་ལ་་ཉར་ནས་ཕོན་ཆེ་བ་དགོན་པ་གསར་བཞེངས་ཐོག་བཏང་འདུག་གསུངས་བར་གཞིགས་ན་བོད་ཀྱི་ཆོས་རྒྱལ་ཚོའི་མཛད་པ་དང་ཧ་ཅང་འདྲ་འདུག
ཐང་སིན་བླ་མས་(མཚན་དངོས་ཞོན་ཙང་།བཙན་པོ་སྲོང་བཙན་སྒམ་པོ་དང་དུས་་མཉམ)་ཡུལ་འདིའི་ཡི་གེ་རྒྱ་གར་གྱི་ཡི་གེ་དང་འདྲ་ཚུལ། ལི་ཡུལ་དུ་ནང་བའི་དགོན་པ་བརྒྱ་ལ་ཉེ་བ་དང་ཐེག་པ་ཆེན་པོིའི་རྗེས་འཇུག་པ་གྲ་བ་ལྔ་སྟོང་ཙམ། ཡུལ་མི་རྣམས་གུས་ཞབས་ལྡན་ཞིང་དྲང་བོ་སྲོང་མཁན། ཡི་གེ་དང་སྒྱུ་་རྩལ་ལ་དགའ་སྣང་ཆེ་ལ་ཤེས་རིག་གི་ཆུ་ཚད་མཐོན་པོར་སླེབས་ཡོད་པ་གསུངས་འདུག།
ཡུལ་མི་རྣམས་རོལ་མོ་དང་བྲོ་གར་ལ་དགའ་མགུ་ཆེ་ཟེར་བ་འདི་བཙུན་པ་ཧྥ་ཞན་དང་ཐང་སིན་བླ་མ་གཉིས་ཁ་གཅིག་གྲགས་རེད་འདུག་ལ། ཐང་གི་སྙན་ངག་པ་ཚོས་ལི་ཡུལ་གྱི་པི་ཝང་རྟ་མགོ་མའི་སྐྱོ་ཉམས་སྐབས་དེའི་སྙན་ངག་གི་ཉམས་འདོན་བྱེད་དུ་སྤྱད་འདུག་པ་དེས་ཀྱང་ལི་ཡུལ་གྱི་སྒྱུ་རྩལ་རིན་ཐང་གི་ཟུར་ཅིག་མཐོང་ཐུབ།
ལི་ཡུལ་བྱང་གི་ཁོ་ཆ་དང་ཨ་ཀི་སོ། ནུབ་བྱང་གི་ཁ་ཤི་སྒར་སོགས་སུའང་སྐབས་དེར་ནང་བའི་ཆོས་དར་ཁྱབ་ཆེན་པོ་ཡོད་འདུག་ལ་ཡུལ་དེ་ཚོ་མང་ཆེ་བ་ལི་ཡུལ་དང་མི་འདྲ་བར་ཐེག་པ་ཆུང་ངུའི་ལུགས་ཡིན་འདུག།
བོད་བཙན་པོའི་དུས་སུ་འཇང་དང་མཚོ་སྔོན་པོའི་ཡུལ། རྨ་ཆུ་ཀླུ་ཆུ་འཇུ་ལག་ཆུ་བོ་སོགས་ཀྱི་རྒྱུད་དང་། ཏུན་ཧོང་དང་མདོ་
ལ་རིང་མོའི་བྱང་རྒྱུད་ཀྱི་ལི་ཡུལ་དང་ཏུར་ཕན། ཁ་ར་ཞི། ཁོ་ཆ། ཁ་ཞི་སྒར ཕ་མིར་(འཛམ་གླིང་ཡང་རྩེ)་གངས་ལ་རིང་མོའི་ཤར་ནུབ་ཀྱི་རྒྱུད་སོགས་སུ་བོད་བཙན་པོའི་དམག་དཔུང་སྐབས་སྐབས་སུ་དྲུ་གུ་དང་མཚམས་མཚམས་ལ་ཨ་རབ་ལ་མཉམ་འབྲེལ་བྱས་ནས་ཐང་དམག་ལ་གཡུལ་འགྱེད་དང་། སྐབས་སྐབས་སུ་ཐང་དམག་ཐོག་དཔའ་བོ་ཁེར་རྒྱུག་ཁྱོད་ཤི་ང་གསོན་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། སྟོད་ཀྱི་མཁར་བཞིའི་ཡ་གྱལ་ལི་ཡུལ་འདི་བཙན་པོ་མང་སྲོང་མང་བཙན་གྱི་དུས་སུ་བཙན་པོ་དམག་ཤེད་ཀྱིས་ཐང་རྒྱལ་གོང་མའི་ལག་ནས་(665-670ལོར)་འཕྲོག་ནས་སྤྱི་ལོ་670་ནས་སྤྱི་ལོ་692་ལོའི་བར་སྟོད་ཀྱི་མཁར་བཞིའི་ཡུལ་ཚང་མ་མི་ལོ་ཉེར་གཉིས་རིང་བོད་ཀྱི་བཙན་པོའི་ཆབ་འོག་ཏུ་བཅུག ཕྱིས་སུ་འདུས་སྲོང་མང་བོ་རྗེའི་ཚེ་སྨད་དུ་ཕྱིར་ཐང་གོང་མའི་ལག་ཏུ་ཤོར་ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ཏུང་ཧོང་(781་ལོ)་དང་ལི་ཡུལ་(790་ལོར)་སླར་ཡང་བོད་ཀྱི་མངའ་འོག་ཏུ་བཅུག་འདུག་པར་བསམས་ན་ལི་ཡུལ་འདི་བོེད་བཙན་པོིའི་དུས་དབུས་ཨེ་ཤི་ཡའི་ཡུལ་གྱི་སྙིང་ནོར་ཞིག་ཡིན་འདུག།
ཕྱིས་སུ་དུས་རབས་བཅུ་གཅིག་གི་འགོ་སྟོད་དུ་སྟོད་ཀྱི་མཁར་བཞི་ཐེ་བའི་ཤར་དྲུ་གུ་སིན་ཐན་(དེང་གི་ཞིན་ཅང་ས་ཁུལ)་གྱི་ཡུལ་ཚང་མ་ཁ་ཆེ་དྲག་དམག་གིས་དབང་དུ་བསྡུས་ནས་མོ་ཧན་མོ་ཏིའི་ལྟ་སྤྱོད་འདི་ཡུལ་གང་བོར་ཁྱབ། སྐབས་དེའི་ཁ་ཆེ་དྲག་དམག་དཔུང་འཇུག་གི་རྣམ་པ་དུས་རབས་དེའི་ཁ་ཞི་སྒར་གྱི་ཡུལ་མི་དྲུ་གུའི་མཁས་པ་མོཧ་མ་ཏི ཨེལ ཁ་ཞི་སྒ་རི་ ནས་(1072ལོར)་བརྩམས་པའི་དྲུ་གུའི་སྐད་རིག་ཤེས་མཛོད་ཆེན་མོའི་ནང་འདི་ལྟར་བཀོད་ཡོད་འདུག
གཙང་ཆེན་རྦ་ཀླུང་དྲག་འབབ་ལྟར།།
ངེད་ཅག་ཁོང་ཚོའི་གྲོང་ལ་སྙེག།
ཁོང་ཚོའི་དགོན་པ་རྣམས་བཅོམ་ནས།།
སྟོན་པའི་སྐུ་སྟེང་གཅིན་སྐྱག་བཏང་།།
དྲུ་གུ ཏུ་རུ་ཀ turkey འདི་ཚོ་སྒྲའི་མཆེད་ཁོངས་གཅིག་ཡིན་པ་འདྲ། ཡང་ཡང་ངག་ལ་སྐྱར་ཟློས་ཀྱིས་ཀློག་ན་བར་རོལ་ཅིག་ལ་ རྒྱ་ནག (ཅ་ནག ཆ་ན) china ཙི་ན (ཅི་ན། ཆིན) china འདི་ཚོ་ཡང་མིང་གི་མཆེད་ཁུངས་གཅིག་ཡིན་པར་གོ་རྟོགས་གསལ་དུ་འགྲོ་གི་འདུག
ཁ་སང་དེ་རིང་རི་སྤྱང་ཁེར་འགྲོ་ཟེར་མཁན་གནའ་སྔ་མོའི་རྒྱ་མོའི་དར་ལམ་གྱི་རྗེས་ཤུལ་ཉུལ་སྡོད་མཁན་ཞིག་སླེབས་འདུག ཁྱེད་རང་གི་ཚིག་འགྲོས་ལས་ངས་ལམ་སང་དྲ་གྲོགས་ཁྱེད་ངོ་ཤེས་སོང་། ཁྱེད་རང་གིས་བྲིས་པའི་khotanདང་རྒྱ་བོད་ཚིག་མཛོད་ནང་གི he tain གཉིས་གཅིག་པ་རེད།
ཁྱེད་རང་གི་དར་སི་ཚོང་ལམ་ནང་སྟག་གཟིག་གི་མིང་སླེབས་འདུག་ག དེ་ནས་མར་ཙམ་ན་persian གི་མིང་ཡང་སླེབས་འདུག སྟག་གཟིག་དེ་ persian མ་ཡིན་ནམ། དེ་མིན་ན་ས་ཆ་གང་ལ་ངོས་འཛིན་དགོས་རེད།
ཕ་མིར་རི་རྒྱུད་ཤར་ནུབ་ཏུ་བཙན་པོའི་དམག་དཔུང་སླེབས་པའི་གཏམ་ལྷག་ཡོད་པ་དེ་ཡང་བདེན་བདེན་འདྲ་སྟེ། དེར་གནས་ཁིར་གྷི་ས་ཐན་ཟེར་བའི་མི་རིགས་དེ་འདུག་ས་སོག་གུར་དང་སྒོ་ཟོག་འབྲི་གཡག་འཚོ་སྐྱོང་བྱེད་ཀྱི་འདུག མི་རིགས་དེ་ཆ་ཚང་དེ་འདྲ་ཡིན་ནམ་ཆ་ཤས་ཤིག་དེ་འདྲ་ཡིན་ཧ་གོ་མ་ཐེ།
མགོན་ཕྱག་འདི་ནི་ཚྭ་དང་འདྲ།།
མཆོད་པ་མིན་པ་ཀུན་ལ་ཐེ།།
མགོན་ཕྱག་འདི་ནི་ཙིག་གུ་འདྲ།།
ཁ་ནང་མིན་པ་ཀུན་ལ་རྒྱུག།
མགོན་ཕྱག་འདི་ནི་ འོ། ད་རྒན་མོས་ཉལ་བར་ཤོག་ཟེར་རྙོག་དྲ་བཤད་ཀྱི་འདུག ཁག་མེད། ཉིན་ཁ་ཤས་ལ་ཆམས་པ་ཞིག་ཕོག་ནས་ཅི་ཡང་བྱེད་ཐུབ་མ་སོང་། ད་དུང་མོས་ད་གིན་གློག་བརྙན་དམར་པོ་ཞིག་ལ་་་་་་་་་་་་
༡ བྲུ་ཤའི་སྐོར་ལ། རོང་ཆེན་ཀིརྟི་རིན་པོ་ཆེའི་འཁྲུངས་རབས་དཔག་བསམ་ལྗོན་པ་ཞེས་པའི་ནང་། བོད་ཀྱི་རྒྱལ་པོ་ལྡེ་བརྒྱད་ཀྱི་གསུམ་པ་སེ་སྣོལ་གནམ་ལྡེ་བཙན་གྱིས་བྲུ་ཤ་དབང་དུ་བསྡུས་ཚུལ་འཁོད་འདུག་པས། དེ་ལྟ་ན་བྲུ་ཤ་བོད་ཀྱི་ཆབ་འོག་ཏུ་བཅུག་པ་ཐོག་མ་དེ་ཡིན་ལ། ཕྱིས་སུ་ངོ་ལོག་པས་བློན་པོ་སྐྱེས་བཟང་ལྡོང་ཙབ་ཀྱིས་སླར་ཡང་ཆབ་འོག་ཏུ་བཅུག་པར་མངོན། ཏུན་ཧོང་གཏེར་ཡིག་ལྟར་ན་བློན་སྐྱེས་བཟང་གིས་བྲུ་ཤ་ལ་དམག་དྲངས་པའི་གླང་གི་ལོ་དེ་ནི་ཁྲི་སྲོང་སྐབས་མིན་པར་ཁྲི་ལྡེ་གཙུག་བཙན་མེས་ཨག་ཚོམ་སྐབས་ཡིན་ཏེ། དེའི་རྗེས་ཀྱི་ལོ་གསུམ་པ་འབྲུག་གི་ལོར་ཇེ་བ་ཁྲི་མ་ལོད་བྲུ་ཤ་རྗེ་ལ་བག་མར་བཏང་བ་དང་། ལོ་ལྔ་པ་རྟའི་ལོ་ལ་ཁྲི་སྲོང་སྐུ་བལྟམས་པ་འདི་ཏུན་ཧོང་གཏེར་ཡིག་རང་དུ་གསལ་བའི་ཕྱིར་རོ།།
༢ ལི་ཡུལ་སྐོར་ལ། དུས་རབས་བདུན་པ་ཡས་མས་སུ་ལི་ཡུལ་ཤར་ནུབ་གཉིས་སུ་གྱེས་པའི་ཤར་མ་ནི་ད་ལྟའི་ཤར་ཏུར་ཀི་སི་ཐན་དང་། ནུབ་མ་ནི་ད་ལྟའི་Turkey རྒྱལ་ཁབ་འདི་ཡིན་ཚུལ་སྟག་ལྷ་ཕུན་བཀྲས་རྒྱ་ཡིག་ནས་བསྒྱུར་བའི་བོད་ཀྱི་རྒྱལ་རབས་ན་རོབ་ཙམ་ཡོད། ལི་ཡུལ་གྱི་ནང་པའི་དགེ་འདུན་པ་བོད་ལ་སྐྱབས་བཅོལ་དུ་ཕེབས་ཟེར་བ་ལི་ཡུལ་གྱི་དགེ་ཚུལ་གཉིས་བྲོས་ནས་བོད་དུ་ཡོང་བ་དེར་བཤད་པ་ཡིན་ན་དེ་ནི་མེས་ཨག་ཚོམ་སྐབས་མིན་པར་སྲོང་བཙན་སྐབས་ཡིན་པ་ཡོངས་གྲགས་མ་ཡིན་ནམ།
རོང་ཆེན་ཀིརྟི་རིན་པོ་ཆེའི་འཁྲུངས་རབས་དཔག་བསམ་ལྗོན་པ་ཞེས་པའི་ནང་། བོད་ཀྱི་རྒྱལ་པོ་ལྡེ་བརྒྱད་ཀྱི་གསུམ་པ་སེ་སྣོལ་གནམ་ལྡེ་བཙན་གྱིས་བྲུ་ཤ་དབང་དུ་བསྡུས་ཚུལ་འཁོད་ཡོད་ན་དེའི་ཁུངས་གང་ལ་གཏུགས་པ་རེད། སེ་སྣོལ་གནམ་ལྡེའི་སྐབས་ཕར་ཞོག ཐ་ན་སྟག་རི་གཉན་གཟིགས་ཀྱི་སྐབས་ཀྱང་བོད་ཡུལ་ཁ་འཐོར་ནས་ཡོད་པ་གསལ་པོ་རེད། དཔེར་ན། ཏུན་ཧོང་ཡིག་རྙིང་ནང་། ་་མཁར་པྱིང་པ་སྟག་རྩེ་ན་ནྀ་རྒྱལ་སྟག་བུ་སྙ་གཟིགས་བཞུགས། ཉེན་ཀར་རྙིང་པ་ན་ནྀ་ཟིང་པོ་རྗེ་སྟག་སྐྱ་བོ་མཆིས། སྔུར་བའི་ཡུ་སྣ་ན་ནི། ཟིང་པོ་རྗེ་ཁྲི་པང་སུམ་མཆིས།་་ པ་ལས། བློན་བཟང་པོ་གཉན་འཛྀ་ཟུང་ནག་པོས་དཔོན་ངན་པ་ཟིང་བོ་རྗེ་སྟག་སྐྱ་བོ་ལ་བློ་ལོག་ཏེ་། ་་ཟྀང་པོ་རྗེ་ཁྲི་པང་ཟུམ་ལ་ལྟས་ནས། ནག་པོ་འཁུས་ཏེ་སྐྱ་བོ་བསད། དྲེའུ་རྒལ་ཏེ་གསེར་སྒ་བཆག་གོ་་ ཞེས་པ་ལྟར། ཁྲི་པང་སུམ་གྱིས་སྟག་སྐྱ་བོའི་མངའ་ཁུལ་དབང་དུ་བསྡུས། དེ་རྗེས་ཁྲི་པང་སུམ་གྱིས་ཀྱང་། མྱང་ཙེང་སྐུ་དང་དབའས་ཕངས་ཏོ་རེ་དབྱི་ཚབ་གཉིས་ལ་དྲང་པོ་མ་བྱས་པ་ལ་བརྟེན་ནས། ཁོང་གཉིས་ཀྱིས་ ་་རྗེ་བདེན་གྱིས་ནི་བཀོལ་དུ་དགའ། སྒ་བདེན་གྱིས་ནྀ་བསྟད་ན་དགའ་་ ཟེར་ནས་བཙན་པོ་སྤུར་རྒྱལ་ལ་གློ་བ་ཉེ་བར་བྱས་ནས། མཐར་གནམ་རི་སྲོང་བཙན་གྱི་སྐབས། ་་མཁར་ཡུསྣ་ནྀ་ཕབ་བོ། དགུ་གྲྀ་ཟིང་པོ་རྗེ་ནྀ་བརླག་གོ། མང་པོ་རྗེ་སུམ་བུ་ནི་དྲུ་གུ་ཡུལ་དུ་བྲོས་སོ། ཕགི་ཡུང་བ་སྣ་མན་ཆད། རྐོང་བྲེ་སྣ་ཡན་ཆད། བཙན་པོ་པྱག་ཏུ་བོན་་ པ་ལྟར་བཙན་པོས་དབང་དུ་བསྡུས་ཏེ་ཡུལ་ངེས་པོ་ལ་འཕན་ཡུལ་དུ་མིང་སྤོས།
བཙན་པོ་སྲོང་བཙན་སྐབས་ཀྱང་ཡུལ་དབུས་གཅིག་པོ་ཡང་གཅིག་གྱུར་མིན་ཏེ། ་་ཡབ་འབངས་ནི་འཁུས། ཡུམ་འབངས་ནྀ་ལོག གཉེན་ཞང་ཞུང་། མཛོ་སུམ་པ། ཉག་ཉྀ་དགས་པོ། རྐོང་པོ། མྱང་པོ་ཀུན་ནི་ལོག ཡབ་གནམ་རྀ་སློན་བཙན་དུག་བོན་ཏེ་བཀྲོངས་སོ་་ ཞེས་པ་ལྟར་ད་ལྟའི་དབུས་ཁུལ་གྱི་གཡས་གཡོན་ཡུལ་གྲུ་དག་ཀྱང་གཅིག་གྱུར་མིན་ན་ཐག་རིང་བྲི་ཤའི་ཡུལ་དབང་དུ་བསྡུ་རྒྱུ་ནི་དེ་བས་ཀྱང་ག་ལ་ཞིག་གོ ཡུལ་དབུས་ཀྱི་རྒྱལ་ཕྲད་ཐ་ཐོར་ཞང་ཞུང། དྭགས་ཀོང་། སུམ་པ་འདི་ཚོའང་སྲོང་བཙན་སྐབས་དབང་དུ་བསྡུས་པ་གསལ། ཡིན་ན་ཡང་བྲི་ཤ་དབང་དུ་བསྡུས་པ་འདིའང་བརྟག་གཞིར་ཅི་ལ་མི་རུང་།
ལི་ཡུལ་དེ་ཡང་ད་ལྟའི་ཏུར་ཀིའི་ས་ཚང་མ་མིན་པ་གསལ་པོ་རེད།
དེ་རིང་ངས་གར་ལོག་འཚོལ་ཕྱིར་གང་ས་གང་དུ་ཉུག་པ་ཡིན། དུང་དཀར་ཚང་གི་བྲུ་ཤར་ངོས་བཟུང་བ་དང་ཞྭ་སྒབ་པས་ཡར་ཁྱེན་(yarkand)ཕྱོགས་ངོས་བཟུང་བ་གཉིས་མིང་མ་གཅིག་པ་མ་གཏོགས་ས་ཆ་ཕལ་ཆེར་ཕྱོགས་གཅིག་ཡིན་པ་འདྲ། ཞར་དང་ཞོར་ལ་ཤིན་ཅང་གི་ལྷོ་རྒྱུད་ལི་ཡུལ་ཕྱོགས་སུ་ཡང་འཁྱུག་ཙམ་ཕྱིན་པར། མ་བསམ་ས་ནས་གླང་རུ་(langru)རྙེད། ད་ལྟ་རྫོང་ཞིག་ཡིན་པ་འདྲ། google earth རྒྱུགས། དང་པོར་ xinjang, china ཕྲིས། དེ་ནས་ཡར་ཁན་དང་གླང་རུ་གཉིས་ཀྱི་མིང་གོང་གསལ་དབྱིན་ཡིག་ལྟར་རེ་རེ་བྱས་ནས་ཕྲིས་དང་གྲོང་ཁྱེར་ཧྲིལ་བོ་ཁྱེད་ཀྱི་མིག་བདུན་དུ་སྐྱེལ་བར་བྱེད། གླང་རུ་དེ་གསལ་བོ་ཞེ་དྲག་མི་འདུག
ཨ་ལགས་དུ་དཀར་ཚང་གིས་གར་ལོག་བྲུ་ཤར་ངོས་བཟུང་ཡང་། བྲུ་ཤ་གར་ཡོད་ངོས་འཛིན་གསལ་བོ་གནང་མི་འདུག དེ་བས་ཁོང་ལྟར་ན་བྲུ་ཤ་དང་གར་ལོག་གཉིས་ཀ་ཞལ་གསལ་མི་འདུག་སྙམ།
རོང་ཆེན་ཀིརྟི་རིན་པོ་ཆེའི་འཁྲུངས་རབས་དཔག་བསམ་ལྗོན་པའི་ནང་བྲུ་ཤའི་སྐོར་དེའི་ཁུངས་གང་ཡིན་མི་གསལ། འོན་ཀྱང་འཁྲུངས་རབས་དེ་དུས་རབས་བཅོ་བརྒྱད་པའི་ནང་ཀིརྟི་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་གྱིས་མཛད་པ་ཞིག་ཡིན་འདུག་པས། དུས་དེར་བྲུ་ཤའི་སྐོར་ཁུངས་མེད་རང་བཟོ་ལྟ་བུ་བྱེད་དགོས་པའི་དགོས་མཁོ་གང་ཡང་མེད་ལ། རྩོམ་པ་པོ་ཁོང་ཡང་མཚན་སྙན་ཆེ་བའི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཞིག་ཡིན་འདུག་པས་བོད་ཀྱི་རྒྱལ་རབས་དང་འབྲེལ་བའི་དངོས་བྱུང་ལོ་རྒྱུས་རྣམས་རང་དགར་གསུང་མི་སྲིད་པར་བརྟེན། དེ་ལ་ཁུངས་ཤིག་ཏན་ཏན་ཡོད་རྒྱུ་རེད་སྙམ། གཞན་ཡང་། སྲོང་བཙན་གོང་བོད་གཅིག་གྱུར་མེད་ནའང་དེའི་གོང་བྲུ་ཤ་དབང་དུ་བསྡུས་པར་འགལ་བ་མེད་དེ། དབང་དུ་བསྡུས་རྗེས་སླར་ཤོར་བ་ཡིན་སྲིད་པའི་ཕྱིར་ཏེ། སུམ་པ་དང་དྭགས་པོ་སོགས་ཀྱང་བོད་གཅིག་གྱུར་མ་བྱས་གོང་ངོ་ལོག་བྱས་མྱོང་ཡོད་པ་དེ་རེད། ད་དུང་། གྲི་གུམ་བཙན་པོའི་སྐབས་སུ་ཞང་ཞུང་དང་བྲུ་ཤའི་གཤེན་གྱི་བོན་དར་བའི་ལོ་རྒྱུས་ཡོད་པ་དེ་ལ་གཞིགས་ན། ཁྲི་སྲོང་དང་སྲོང་བཙན་མ་ཟད་སེ་སྣོལ་གནམ་ལྡེ་བཙན་གྱི་ཡང་གོང་སྟེ་གྲི་གུམ་བཙན་པོའི་སྐབས་ནས་ཀྱང་བྲུ་ཤ་དང་འབྲེལ་བ་ཡོད་པ་གསལ་པོ་རེད།
རྗེ་རྐང་རྗེན་པ་ལགས་ལ་ལི་ཡུལ་དགེ་འདུན་པ་མེས་ཨག་ཚོམ་སྐབས་བོད་དུ་སྐྱབས་བཅོལ་དུ་ཕེབས་མིན་ཐད་མདོ་ཙམ་ཞུས་ན་འདི་ལྟ་སྟེ།
སྲོང་བཙན་མ་འདས་གོང་་ལོ་ལྔ་ཙམ་གྱི་སྔོན་ཐང་སིན་བླ་མ་རྒྱ་གར་ནས་ཕྱི་ལོག་དུས་ལི་ཡུལ་བརྒྱུད་ནས་ཕེབས་འདུག་ལ། ཁོང་གི་ནུབ་ཡུལ་དུ་བསྐྱོད་པའི་ལམ་ཡིག་ནང་འཁོད་པར་གཟིགས་ན་སྐབས་དེའི་ལི་ཡུལ་རྒྱལ་བོ་ཆོས་ལ་ཧ་ཅང་དད་ཅིང་ལི་ཡུལ་གྱི་དགེ་འདུན་བྱིངས་དམ་ཆོས་འོ་མའི་མཚོ་ལ་བགེགས་དང་བར་ཆད་མེད་པར་ངང་བའི་ཁྱུ་ལྟར་འཇུག་གི་ཡོད་འདུག
སྲོང་བཙན་སྐབས་སུ་རྒྱ་ནག་དང་མི་ཉག་ཡུལ་ནས་སྐར་རྩིས་དང་རྒྱ་གར་ནས་ནང་ཆོས། ལི་ཡུལ་དང་དྲུ་གུ་ནས་ཁྲིམས།རྒྱ་དཀར་ནག་དང་སྒི་རིག་གི་ཡུལ་ནས་གསོ་བྱེད་རིག་པ་སོགས་ཕྱིའི་ཤེས་རིག་གི་ཉིང་བཅུད་ཚུར་ལེན་དང་། ད་དུང་ལི་ཡུལ་ནས་ལག་ཤེས་བ་གདན་འདྲེན་དང་ལི་ཡུལ་གྱི་དགེ་འདུན་པས་རྒྱལ་བོའི་ཕོ་བྲང་དུ་སློབ་གཉེར་གནང་གི་ཡོད་ཚུལ་དང་ལི་ཡུལ་གྱི་དགེ་འདུན་པ་ཟུང་གིས་བཙན་པོ་སྲོང་བཙན་སྒམ་པོའི་ལོ་རྒྱུས་བརྩམས་གནང་བ་སོགས་སྐབས་དེར་ལི་ཡུལ་ནས་ཕེབས་པའི་དགེ་འདུན་པ་ཚོ་སྐྱབས་བཅོལ་བ་ཡིན་ཚོད་མི་འདུག
མེས་ཨག་ཚོམ་སྐབས་ལི་ཡུལ་གྱི་རྒྱལ་བོ་རྒྱ་སྐད་དུ་ཡོ་ཁྲི་ཀེ་དང་བོད་སྐད་དུ་བཙན་བཟང་བཙན་ལ་ བརྟན་ཞེས་བ་ནང་ཆོས་ལ་ཤིན་ཏུ་སྡང་མཁན་ཞིག་ཡིན་འདུག་པས་ལི་ཡུལ་གྱི་དགེ་འདུན་པ་ལབ་ནོར་བརྒྱུད་ནས་བོད་དུ་བཙན་བྱོལ་དུ་ཕེབས་ནས་ཀྱིམ་ཤིང་ཀོང་ཇོས་སྣེ་ལེན་མཛད་འདུག ཕྱིས་སུ་ཀོང་ཇོ་ཚེ་ལས་འདས་མཚམས་ཁོང་ཚོ་བོད་ནས་སྡོད་དུ་མ་བཅུག་པར་ནང་བའི་ཡུལ་གན་དཱ་ར་ལ་ཕེབས་ཡོད་འདུག
ལི་ཡུལ་གྱི་སྐོར་ལ་ཁ་སྒང་བཀྲ་ཤིས་ཚེ་རིང་ལགས་ཀྱི་དཔྱད་རྩོམ་ཞིག་འདུག་པ་ཡག་པོ་མཐོང་སོང༌། དཔྱད་ཡིག་དེར། (རྒྱུ་མཚན་དེའི་ཕྱིར་བོད་ཀྱིས་ལི་ཡུལ་བཟུང་ལོ་དེ་ཡང་སྤྱི་ལོ་634ནས་ཡིན་པ་ཤེས་པར་བྱ། སྐབས་དེར་”རྒྱལ་པོ་སྲོང་བཙན་གྱིས་དབང་བསྒྱུར་བའི་རྒྱལ་ཁམས་ནི་ཤར་དུ་ལྷ་སའི་རྡོ་རིང་ལ་གསལ་བ་སྟེ་ད་ལྟའི་ལན་ཇོར་ཉེ་བའི་བར་དང༌། ཡུན་ནན་གྱི་ཆ་ཕལ་ཆེར་དང་བཅས་པ་དང༌། ལྷོར་བལ་ཡུལ་དང་ཏི་ར་ཧུ་ཏིའི་ཡུལ་གངྒཱ་ལ་ཐུག་པ་དང༌། ནུབ་ཏུ་ནི་མངའ་རིས་ཀྱི་ཁོངས་ཡོངས་སུ་རྫོགས་པ་བླ་དྭགས་དགུ་དངབཅས་པ། བྱང་དུ་ལི་ཡུལ་མཐོང་ཀྱབ་སྡེ་སི་ཉ་གྷ་ཡུ་གུར་དང་བཅས་ད་ལྟ་ཨུ་རུ་སིའི་རྒྱལ་ཁམས་སུ་འདབས་འབྱར་བ་འདི་ཙམ་སྟེ་རྒྱའི་ཐང་གི་རྒྱལ་ཁམས་ལས་ཀྱང་ཆེས་ཆེ་བ་ཡིན་ནོ”ཞེས་དགེ་ཆོས་ཀྱི་གསུངས་དྲངས་འདུག་པ་མ་ཟད། “ཡུལ་དེའི་རྒྱ་ཁྱོན་གྱི་ཚད་ནི་གོང་གསལ་དགེ་ཆོས་ཀྱིས་བཀོད་པ་ལྟར་ཏེ་དེང་སང་ཞིན་ཅང་གི་ཡུལ་ཁམས་ཧྲིལ་བོར་གོ་དགོས”ཞེས་ཐག་བཅད་ནས་བྲིས་འདུག་པའང་དཔྱད་གཞིར་ཕུལ།
ད་དུང་འདིར་ཡང་ཐ་སྙད་གསར་པ་ཞིག་ཐོན་བྱུང༌། ལ་དྭགས་དགུ་དང་བཅས་པ་ཞེས་ལ་དྭགས་དགུ་ཟེར་བ་འདི་ཅི་ཡིན་ནམ།
བཀའ་ཐང་སྡེ་ལྔའི་ནང་། བོད་ཁམས་ཆོས་རྒྱལ་ཇི་ལྟར་བྱོན་ཚུལ་སྐབས། ཕྱོགས་བཞིའི་རྒྱལ་པོ་བཞི་ནི་ཤར་ཕྱོགས་རྒྱ་ནག་གཙུག་ལག་རྒྱལ་པོ། ལྷོ་ཕྱོགས་རྒྱ་གར་ཆོས་ཀྱི་རྒྱལ་པོ། ནུབ་ཕྱོགས་ཏ་ཟིག་ནོར་གྱི་རྒྱལ་པོ། བྱང་ཕྱོགས་གེ་སར་དམག་གི་རྒྱལ་པོ་བཅས་ལ་ངོས་བཟུང་འདུག དེའི་ནང་། ་་བྱང་ཕྱོགས་གེ་སར་དམག་གི་རྒྱལ་པོ་ནི།། ཕྱོགས་བཞིར་འབེན་བཙུགས་དཔགས་ཆེན་མདའ་འཕངས་ནས།། དུས་གཅིག་གང་ཟིན་དེ་ནི་རྒྱལ་པོར་བསྐོས།། དཔགས་ཆེན་མདའ་ཡིས་ཕ་རོལ་དགྲ་རྣམས་འཇོམས།། གཙུག་ལག་རྒྱལ་པོ་གདུག་པ་སྦྲུལ་ལྟར་འཁྲིལ།། ཆོས་ཀྱི་རྒྱལ་པོ་ཁྱི་ལ་སྤྱང་ལྟར་འཇབ།། ནོར་གྱི་རྒྱལ་པོ་བྱེའུ་ལ་ཁྲ་ལྟར་འཇུམ།། ཧོར་གྱི་རྒྱལ་པོ་ཤིང་ལ་སྟར་ལྟར་འཚབ།། ཅེས་བྱང་ཕྱོགས་གེ་སར་དམག་གི་རྒྱལ་པོ་ལ་ཧོར་གྱི་རྒྱལ་པོ་ཡང་ཟེར། དེ་ནས་ཁྲི་ལྡེ་སྲོང་བཙན་སྐབས་ཀྱི་མངའ་ཐང་བཤད་སྐབས། ་་བྱང་ཕྱོགས་གེ་སར་གྲུ་གུ་བཞུགས་ན་ཡང་།། བར་དུ་བཀའ་འཁོན་བྱུང་ནས་བདོ་བ་ལ།། སྲིན་པོ་གདོང་དམར་བོད་ཀྱི་དམག་གཡོས་ནས། གྲུ་གུ་ཡུལ་གྱི་ཨོང་དུ་མན་ཆོད་དུ།། བོད་ཀྱི་དམག་དཔུང་སྦྲ་ནག་ཕབ་ནས་ནི།། ཡུལ་བརླག་མི་རྣམས་མོན་གྱི་ས་ལ་བསྐྱལ།། ་་་་ ་་གྲུ་གུ་གེ་སར་བོད་ཀྱི་བྲན་དུ་བྱས་་ ཞེས་གྲུ་གུ་དང་། གེ་སར། ཧོར་འདི་རྣམས་གཅིག་ཏུ་བཤད་འདུག ལོ་རྒྱུས་གཞན་པའི་ནང་ཡང་འདི་ཚང་མ་བྱང་ཕྱོགས་སུ་ཡོད་པ་དང་གུང་འགྲིགས། དེ་ནས་ད་རུང་། ་་བོད་ཀྱི་དམག་དཔུང་ལི་ཡི་ཡུལ་དུ་ཕབ།། ལི་ཡུལ་ལྕང་ར་སྨུག་པོ་བྲན་དུ་སྤྱད་་ ཅེས་ལི་ཡུལ་དེ་དྲུ་གུ་ལས་ལོགས་སུ་ཕྱེ་ནས་བྲིས་འདུག་པ་འདི་ཡང་དཔྱད་གཞིར་ཕུལ།
དུང་དཀར་ཚང་གིས་ཀྱང་ཧོར་འདི་ཡུ་གུར་ལ་ངོས་འཛིན་དགོས་པར་གསུངས། བོད་རྒྱ་ཚིག་མཛོད་ནང་། སུང་དང་ཐང་གི་སྐབས་ཡུ་གུར་དང་། ཡོན་གྱི་སྐབས་སོག་པར་ངོས་འཛིན་དགོས་པར་བཤད།
དྲུ་གུ་ནི་དུས་རབས་དྲུག་པའི་དུས་དཀྱིལ་ཙམ་ནས་དུས་རབས་བརྒྱད་པའི་དཀྱིལ་བར་བྱང་ཕྱོགས་མོང་གོལ་རྩྭ་ཐང་དང་(ཞིས་ཁྲིན)ནུབ་ལྗོངས་(ལི་ཡུལ་ལ་གོ་དགོས།)་ས་ཁུལ་དུ་བྱུང་བའི་འབྲོག་ལས་གཉེར་མཁན་གྱི་གནའ་བོའི་མི་རིགས་ཤིག་ཡིན་ལ། དྲུ་གུ་ཞེས་པའི་ཐ་སྙད་འདི་ཡང་བོད་རྒྱལ་གནམ་རིའི་སྐབས་སུ་བོད་ཀྱི་སྐད་ལ་ཐོག་མར་བྱུང་བར་བཤད། དེ་ཡང་ཏུན་ཧུང་ཡིག་རྙིང་ལས། “བཙན་པོ་ཁྲི་སློན་བཙན་གྱིས། ཞབས་ཀྱིས་བཙུགས་ཏེ། དམག་ཁྲི་དང་ཆསྟེ་དྲངས་སོ། མཁར་ཡུ་སྣ་ནི་ཕབ་བོ། །དགུ་གྲི་ཟིང་པོ་རྗེ་ནི་བརླག་གོ། །མང་པོ་རྗེ་སུམ་བུ་ནི་དྲུ་གུ་ཡུལ་དུ་བྲོས་སོ།”ཞེས་པ་བོད་ཀྱི་ལོ་རྒྱུས་ཐོག་གི་དྲུ་གུའི་ཐ་སྙད་སྔ་ཤོས་དེ་ཡིན་པར་སྙམ་ལ། སྲོང་བཙན་སྐབས་སུ་(ཕྱི་ལོ་637་ཙམ་)དངོས་སུ་དམག་དྲངས་ཏེ་འབངས་སུ་བཀུག སྐབས་དེར་སྔར་ཡོད་བོད་ཁྲིམས་སྟེང་དུ་དྲུ་གུའི་ཁྲིམས་ལལ་དཔེ་བླངས་ཏེ་བློན་ཆེན་མགར་གྱིས་འགོར་ཏི་ཞེས་པར་བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག་ཀྱང་མཛད་པར་བཤད། དོན་ཆེན་གནད་བསྡུས་ཀྱི་ལོ་ཚིག་ཅེས་པར། “ཡོས་བུའི་ལོ་ལབབསྟེའ། བཙན་ཕོ་མར་ཁེ་ནའ་བཞུགས་ཤིང༌། བློན་ཆེ་སྟོང་རྩན་གྱིས། འགོར་ཏིར། བཀའ། གྲིམས(ཁྲིམས)ཀྱི་ཡི་གེ་བྲིས་ཕར་ལོ་གཆིག”ཅེས་བཀོད་ཡོད་པའི་ཡོས་ལོ་ནི་ངེས་པར་དུ་ས་ཡོས་ཕྱི་ལོ་619དང༌། ལྕགས་ཡོས་631། ཆུ་ཡོས་643་ཤིང་ཡོས་655་གང་རུང་ཞིག་ཡིན་ནམ་སྙམ་སྟེ། ཕྱི་ལོ་617་ནས་656བར་ཡོངས་གྲགས་སྲོང་བཙན་གྱི་སྲིད་ལོ་ཡིན་པ་དང༌། བཀའ་ཡིོ་ཁྲིམས་ཡིག་ཆེན་པོ་དྲུག་ནི་སྲོང་བཙན་གྱིས་གཏན་ལ་ཕབས་པ། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། “བཀའ་ཡི་ཁྲིམས་ཡིག་ཆེན་པོ་རྣམ་དྲུག་མཛད། །”ཅེས་སོ། །བོད་ཀྱི་ཁྲིམས་ཡིག་ནང་དྲུ་གུའི་ཁྲིམས་ལ་དཔེ་བླངས་པའང་བོད་ལས་དྲུ་གུ་ལ་ཁྲིམས་ཡིག་དར་སྔ་བ་དང་བོད་ཀྱི་ཁྲིམས་ཡིག་ཆེན་པོ་དྲུག་དང་དྲུ་གུའི་ལོ་རྒྱུས་ཡིག་ཚང་སྔ་ཤོས་རྡོ་རིང་(ཐོན་ཡས་ཀུའི་རྡོ་རིང༌། ཆོ་ཏེ་ཆེན་གྱི་རྡོ་རིང༌། པིས་ག་ཁ་གན་གྱི་རྡོ་རིང༌། )ལ་གསལ་བའི་དྲུ་གུའི་ཁྲིམས་ཡིག་ནང་བཀོད་ཁྲིམས་གཅོད་སྟངས་ཧ་ཅང་འདྲ་བའམ་གཅིག་མཚུངས་ཡིན་པར་བཤད། སྐབས་དེའི་དྲུ་གུ་ཞེས་པའང་ཧ་ཅང་རྒྱ་ཁྱོན་ཆེ་བར་སྙམ་སྟེ། ཡིག་རྙིང་ལས། “བྱི་བའི་ལོ་ལ་བབསྟེ(676)་ བློན་བཙན་སྣས་དྲུ་གུ་ཡུལ་དུ་དྲངསྟེ། ལྡུམ་བུ་ཁྲི་བཤོས་ཁྲོམ་བཙལད་པར་ལོ་གཆིག”ཅེས་དང༌། “ཁྱིའི་ལོ་ལལ་བབསྟེ(687)བློན་ཁྲི་འབྲིང་གྱིས། དྲུ་གུ་ཡུལ་དུ་དྲང་ཞེས་བགྱི་བ་ལས། “ཞེས་དང༌། “དྲུ་གུ་གུ་ཟན་ཡུལ་དུ་དྲངས་”ཞེས་པའི་ ལྡུམ་བུ་ཁྲི་བཤོས་ཁྲོམ་ནི་ཧཱ་སྨིར་ཞེས་པ་དེ་ཡིན་ལ། བོད་ཀྱིས་ལོ་ངོ་བརྒྱ་ལྷག་ཙམ་ལ་ཡུལ་དེ་བཟུང་བར་བཤད། ཧཱ་སྨིར་ཞེས་ནི་དེང་གི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཤར་སྣེ། གྲོང་ཁྱེར་གྱི་བྱང་ཕྱོགས་དང་བྱང་ཤར་ཕྱོགས་ཚང་མ་སོག་པོ་ཇོགན་གར་དང་མོང་གོལ་སྤྱི་མཐུན་རྒྱལ་ཁབ་དང་འདབས་འབྲེལ་དང༌། ཤར་དང་ཤར་ལྷོའི་ས་མཚམས་ཚང་མ་དེང་གི་ཀན་སུའུ་ཞིང་ཆེན་དང་འབྲེལ་འདུག་པར་བཤད། དྲུ་གུ་གུ་ཟན་ཞེས་པ་ད་སྔ་གང་ཡིན་མ་ཤེས། (ལི་ཡུལ་དྲུ་གུ་ལས་ལོགས་སུ་བྲིས་པའང་དྲུ་གུའི་ཡུལ་ཁྱོན་རྒྱ་ཆེ་ཞིང་དེའི་ཁོངས་སུ་ལྡུ་བུ་ཁྲི་བཤོས་ཏེ་ཧཱ་སྨིར་དང་གུ་ཟན། ལི་ཡུལ། ཆེ་མོ། ཧོ་ཐན། ཧོར་དང་ཡུ་གུར་སོགས་ཡོད་པ་ཨེ་ཡིན་ནམ།)”ཇི་མ་ཁོལ་དུ་རྒྱ་མང་པོ་བདུངས་”རྡུང”ཕར་ལོ་གཆིག” ཅེས་པའའི་རྒྱ་ནི་གྲུ་གུ་ལ་གོ་དགོས་པར་ཡིག་ཆ་མང་གསུངས་པས་གང་བྱུང་དུ་དོགས་གཞིར་ཕུལ་བ་ཡིན།
དྲུ་གུའི་རྒྱལ་པོ་ལ་ཁ་གན་དང་རུ་དཔོན་ལ་སད་ཟེར།
དྲུ་གུ་ཞེས་པའི་ཡི་གེ་ལའང་ད་དྲུ་དང་ག་གྲུ་འབྲི་སྲོལ་གཉིས་འདུག་པ། དགེ་ཆོས་ཀྱིས་ག་གྲི་འདི་བྲིས་འདུག་ལ། བོད་ཀྱི་ཡིག་རྙིང་དག་ནའང་ད་དྲུ་དང་ག་གྲུ་འབྲི་སྲོལ་མི་འདྲ་བ་མང་དུ་ཐོན། འོན་ཀྱང་ཡང་གཅིག་བཤད་ན་དྲུ་དང་གྲུ་གཉིས་གཅིག་ཡིན་ཡང་སྙམ་སྟེ། གྲུ་གུ་ཞེས་པ་ཡང་སྲོང་བཙན་གྱི་དམག་དྲངས་ཏེ་འབངས་སུ་བཀུག་སྐོར། གྲུ་གུ་གོ་རྫོང་ལས། སྔ་རབས་སྔ་མའི་དུས་ཚོད་ལ།།གྲུ་གུའི་གདུངརབས་བདུན་པའི་མཚམས༎རྒྱལ་རབས་དང་པོའི་སྐུ་དུས་ལ༎བོད་རྒྱལ་སྲོང་བཙན་སྒམ་པོ་ཡིས༎བོད་དམག་གྲུ་གུའི་ཡུལ་དུ་ཕབ༎ཅེས་དང་། ཡང༌། གྲུ་གུའི་དབང་རི་མན་ཆོད་དེ༎བོད་ཀྱི་མངའ་འབངས་བཀོད་འདུག་ཟེར།།ཞེས་བཀོད་པར་གཞུགས་ན། དྲུ་གུ་དང་གྲུ་གུ་གཉིས་གཅིག་མིན་ནམ་སྙམ་པས་དཔྱད་གཞིར་ཕུལ་བ་ཡིན།
རྒྱ་དང་འ་ཞས་དཔྱའ་གཙལ་ལོ། ཐོག་མ་འ་ཞ་དེ་ནས་འབངས་སུ་མངའོ།”ཞེས་པའི་བྱང་ལམ་ནི་ཤན་ཤན་དང་ཆེ་མོ་སོགས་ལ་གོ་དགོས་ཤིང༌། རྒྱ་ནི་དྲུ་གུ་ལ་གོ སྐབས་དེའི་”འ་ཞས་བཟུང་བའི་ས་རྒྱ་ནི་ལི་ཡུལ་འུ་ཐེན་མན་གྱི་ཆེ་མོ་དང་ནོབ་ཆུང༌། མུ་རན་དང་མཚོ་སྔོན་པོའི་ཁོར་ཡུག་རྣམས་ཡིན”པར་བཤད་ཅིང༌། བོད་ཀྱིས་འ་ཞ་བཟུང་ལོ་ཤིང་རྟ་ཕྱི་ལོ་643ཡིན་པར་ཐང་ཡིག་གསར་རྙིང་ལས་འབྱུང་གི
དགོངས་དག་འདི་ལ་གཟིགས་པར་ཞུ།
ལི་ཡུལ་ལའང་འུ་ཐེན་དང་ཆེ་མོ། ནོབ་ཆུང་རྫོང་ཐུ་རུ་ཕན། མུ་རན། འ་ཞ་སོགས་ཡོད་པར་སྣང་སྟེ། ཏུན་ཧུང་ཡིག་རྙིང་ལས། “འོང་གི་འོག་ཏུ་བཙན་པོ་ཞབས་ཀྱིས་བཙུགས་ཏེ། བྱང་ལམ་དུ་མ་བྱུང་མ་དྲངས་པར། རྒྱ་དང་འ་ཞས་དཔྱའ་གཙལ་ལོ། ཐོག་མ་འ་ཞ་དེ་ནས་འབངས་སུ་མངའོ།”ཞེས་པའི་བྱང་ལམ་ནི་ཤན་ཤན་དང་ཆེ་མོ་སོགས་ལ་གོ་དགོས་ཤིང༌། རྒྱ་ནི་དྲུ་གུ་ལ་གོ སྐབས་དེའི་”འ་ཞས་བཟུང་བའི་ས་རྒྱ་ནི་ལི་ཡུལ་འུ་ཐེན་མན་གྱི་ཆེ་མོ་དང་ནོབ་ཆུང༌། མུ་རན་དང་མཚོ་སྔོན་པོའི་ཁོར་ཡུག་རྣམས་ཡིན”པར་བཤད་ཅིང༌། བོད་ཀྱིས་འ་ཞ་བཟུང་ལོ་ཤིང་རྟ་ཕྱི་ལོ་643ཡིན་པར་ཐང་ཡིག་གསར་རྙིང་ལས་འབྱུང་གི
ཚེར་མ་ལགས།
༡ ཁྱེད་རང་གིས་དགེ་ཆོས་ཀྱི་ཚིག་ལུང་དྲངས་ནས་བཤད་པའི་སྲོང་བཙན་སྐབས་ཀྱི་མངའ་ཁོངས་དེ་ཅུང་ཆེ་དྲགས་མེད་འགྲོ་བསམ། དེ་ལ་རྒྱུ་མཚན་འདང་ངེས་ཤིག་རྙེད་རྒྱུ་དཀའ་འོ།
༢ དྲུ་གུ་དེ་ ་་སྲོང་བཙན་སྐབས་སུ་(ཕྱི་ལོ་637་ཙམ་)དངོས་སུ་དམག་དྲངས་ཏེ་འབངས་སུ་བཀུག་་ཅེས་པའི་ཁུངས་དེ་གང་ལ་གཏུགས་པ་ཡིན། དྲུ་གུ་ཕར་ཞོག་ད་རུང་ཞང་ཞུང་ཡང་དབང་དུ་བསྡུ་རྒྱུར་བསྡད་ཡོད་པ་རེད། གློ་བོ་དང་རྩང་རྷྱ་ཡང་བློན་སྟོང་བཙན་གྱིས་བྱི་བའི་ལོ་༦༥༢ལ་བཀུག་པ་གསལ།
༣ ཤིང་རྟ་ལོ་དེ་ ༦༣༤ ཡིན་པ་ལས་ ༦༤༤ ཡིན་མི་སྲིད།
༤ ཤིང་འབྲུག་ ༦༤༤ ལོ་དེ་ཞང་ཞུང་རྒྱལ་པོ་ལིག་སྙ་ཤུ་རུ་བརླག་ཏེ་ཞང་ཞུང་འབངས་སུ་བཀུག་པའི་ལོ་ཡིན་པ་གསལ།
༥ ཡོས་བུའི་ལོ་ལ་བབ་སྟེའ།བློན་ཆེ་སྟོང་རྩན་གྱིས། འགོར་ཏིར། བཀའ། གྲྀམས་གྱྀ་ཡི་གེ་བྲྀས་ཕར་ལོ་གཆིག་ཅེས་པའི་ཡོས་པའི་ལོ་དེ་ ༦༥༥ ཡིན་དགོས་པ་འདུག ༦༥༤ ལོར་བློན་སྟོང་བཙན་གྱིས་རྒོད་དང་གཡུང་གི་ཁྱད་པར་ཕྱེ་བ་དང་ཕྱི་ལོ་དེར་བཀའ་ཁྲིམས་མཛད། སྲོང་བཙན་གྲོངས་ནས་ལོ་ལྔ་ཕྱིན་ཡོད། འདི་སྐབས་གཞི་ནས་བོད་ཡུལ་གཅིག་གྱུར་བཟོས་ནས་རྒོད་གཡུང་ཕྱེ་ཞིང་ཁྲིམས་མཛད། འདི་སྐབས་ཀྱི་བོད་ཡུལ་ནི་རུ་བཞིའི་ཐོག་སུམ་པའི་རུ་དེ་ལྔ་ཡིན། ལོ་འདི་ནས་བཟུང་སྟེ་ས་ཁོངས་རྒྱ་སྐྱེད་ཀྱི་མགོ་བཙུགས་པ་ཡིན།
༦ ལི་ཡུལ་དང་དྲུ་གུ་བཀའ་ཐང་སྡེ་ལྔའི་ནང་སོ་སོར་བཤད་ཡོད་པ་མ་ཟད་ཁ་སྒང་བཀྲ་ཤིས་ཀྱིས་ལི་ཡུལ་ལུང་བསྟན་ནས་ལུང་དྲངས་པའི་ཚིག་ཅིག་ཏུའང་། ་་ལི་ཡུལ་དང་། ཤུ་ལིག་དང་། ཨ་ན་སེ་་་་ ཡུལ་འདི་གསུམ་དུ་རྒྱ་དང་། གདོང་དམར་དང་། སོ་བྱི་དང་། དྲུག་གུ་དང་། ཧོར་ལ་སོགས་པ་དགྲ་ཕལ་ཆེར་གཡོས་ནས་རྩོད་ཅིང་འཁྲུག་པར་འོང་སྟེ་་ ཞེས་གསལ།
༧ སྟག་གི་ལོ་༦༦༦ལ་བློན་ཆེ་སྟོང་བཙན་ལ་ཟྲིད་མདར་ཐོང་མྱིག་ཏེ་འབྲས་ནད་བྱུང་ནས་ཕྱི་ལོ་ ༦༦༧ ཡོས་ལོར་འོར་མང་དུ་གཤེགས་གཤེགས་པར་འ་ཞ་ལས་ལྷག་དབང་དུ་བསྡུ་ཐུབ་མེད།
༨ ལོ་ཚིགས་འདི་ཚོར་རྨོངས་དགོས་པ་ཆེར་མེད་དེ། ཁྱྀའི་ལོ་༦༥༠ལ་བབ་སྟེ། བཙན་པོ་མྱེས་ཁྲྀ་སྲོང་རྩན་གྱྀ་སྤུར་ཕྱྀང་བའི་རྀང་ཁང་ནའ་རྀང་མཁྱུད་ཆིང་བཞུགསྟེ་ཞེས་པ་ནས་ལོ་རེ་རེའི་དོན་ཆེན་གནད་བསྡུས་ཐོ་བཀོད་ཡོད་པ་ལྟར་རེད།
འོ་འོ་ད་ནོར་ཐལ། ཕྱག་གཉིས་པ་ནོར་ཐལ། ཏུན་ཧོང་གི་ལོ་ཚིགས་ཁྱིའི་ལོ་ལ་བབ་སྟེ་སོགས་ལ་ནོར་ཉེན་ཆེན་པོ་ཡོད། ལོ་འཁོར་བཅུ་གཉིས་རིམ་བཞིན་མེད་པར། རྟ་ཡི་རྗེས་ཕག་སླེབས་པ་དེ་འདྲ་ཡོད། དེས་ན། རྟ་དང་ཕག་གི་བར་དུ་ལོ་དུ་ཆད་ཡོད་སུས་ཀྱང་བཤད་དཀའ་འོ།།
ནོར་མེད། ནོར་མེད། ཁྱི་ལོ་(༦༥༠)ལ་བབ་སྟེ་ཟེར་བ་ནས་ཕག་གི་ལོ་(༧༤༧) བར་ལོ་གཅིག་གི་ཆད་ལྷག་མེད་པར་ལོ་ཚིགས་ཚང་མ་པང་འགྲིགས་ནས་ཡོད་པས་ང་ལ་བློ་འཁེལ་ཆོག འདི་བར་དུ་ངས་ལོ་རེ་རེའི་ལོ་ཚིགས་་ཡི་གེ་འབྲུ་འདེད་བྱས་ཡོང་པ་ཡིན། ད་རུང་ལོ་རྒྱུས་དང་ལོ་ཚིགས་གནད་འགག་ཅན་དེ་ཚོ་ལོ་རྒྱུས་གཞན་དང་གཞན་ལ་ཡང་ལྟ་གི་ལྟ་གི་ཡོང་པ་ཡིན། དེ་བར་ལོ་ཚིགས་མགོ་མ་ཐུག་པ་གང་ཡང་མི་འདུག གྲྭ་པ་ཚོ་དམ་བཅའ་ཡིན་ན་གཅིག་བསྡད་ཟེར་རྒྱུ་ཡོད་པ་དེ་བཞིན་ང་དམ་བཅར་བསྡད་ཆོག
དེ་ནས་མར་དོན་ཆེན་གནད་བསྡུས་ཀྱི་ཡིག་ཆ་པང་སྒྲིགས་སྟངས་ནོར་བ་ཡིན་ནམ་མི་ཤེས་ཏེ།
ཡིག་ཆ་ཨང་།B.M 8212(18)7 མན། སྤྲའི་ལོ་ལ་བབསྟེ། བྱ་གག་གི་ལོ་ལ་བབསྟེ། ཁྱི་ལོ་ལ་བབསྟེ། ཕག་གི་ལོ་ལ་བབསསྟེ། ཟེར་བ་འདི་བཞི་ལོ་ཚིགས་གང་ཡིན་ཁ་ཚོད་གཅོད་དཀའ། ག་རེ་རེད་ཟེར་ན་འདིའི་གཤམ་འོག་ཏག་ཏག་ན་ཡང་སྐྱར་ ་་སྤྲའུ་ལོ་ལོ་བབསྟེ། དབྱར་བཙན་ཕོ། ཟུང་ཀར་ན་བཞུགས། བཙན་པོ་མཙན་ཁྲྀ་སྲོང་ལྡེ་བརྩན་དུ་བོནད། ཅབ་སྲིད་པྱག་དུ་བཞེས་་ ཞེས་འདུག་པས། ལོ་རྒྱུས་ཁུངས་ཅན་དུ་བརྩི་འོས་དུ་མ་ཞིག་ནང་ཁྲི་སྲོང་གིས་ཆབ་སྲིད་ཕྱག་ཏུ་བཞེས་པའི་ལོ་སྤྲེའུ་ལོ་ ༧༥༦ ལ་བཞེད། དེ་ལྟར་བྱས་ན། གོང་གསལ་ཕག་གི་ལོ་༧༤༧ ནས་ སྤྲེའུ་ལོ་༧༥༦ བར་ན་སྤྲེའུ། བྱ་གག ཁྱི། ཕག་གི་ལོ་ཞིག་མི་འདུག
དེ་ནས་སྤྲེའུ་ལོ ༧༥༦ ནས་བྱ་ཁྱི་ཕག་བྱི་བ་གླང་སྟག་ཡོས་ཏེ་ལོ་ཚིགས་གནད་བསྡུས་མཇུག་རྫོགས་རྫོགས་བར་གྱི་ལོ་འདི་བརྒྱད་པོ་པང་འགྲིགས། ཡིན་ན་ཡང་དེ་ཚང་མ་གུག་རྟགས་ནང་བཞག་འདུག་པ་འདི་མ་ཡིག་ཐོག་ཆད་ནས་སྒྲིགས་མཁན་གྱིས་བཅུག་པ་ཡིན་མིན་གང་ཤེས། ་་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིགས་བྱེད་མཁན་ཚོར་ཁ་པར་བཏང་ནས་སྐད་ཆ་དྲིས་པ་ལས་ཐབས་ཅི། དེ་ཙམ་ཡིན།
སྐད་ཆ་དྲི་བ་ལས་ཐབས་ཅི་ཞེས་བཅོ་བར་བྱ།
ཁ་སང་ཉལ་ཁ་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ལ་སྐྱར་ཞིབ་ཅིག་བྱས་པ་ཡིན། གོང་གསལ་གྱི་སྤྲའི་ལོ་ལ་བབསྟེ། བྱ་གག་གི་ལོ་ལ་བབསྟེ། ཁྱི་ལོ་ལ་བབསྟེ། ཕག་གི་ལོ་ལ་བབསསྟེ་ཞེས་པའི་ལོ་ཚིགས་གང་ཡིན་གསལ་ཁ་མེད་པ་དེ་ཚོ་ཕལ་ཆེར་དེའི་གོང་དེ་མ་ཐག་བཤད་ཚར་བའི་སྤྲེའུ་༧༤༤ བྱ༧༤༥ ཁྱི་༧༤༦ཕག ༧༤༧ བཅས་ལ་སྦྱར་དགོས་པ་འདྲ།
ག་རེ་རེད་ཟེར་ན། སྤྲེའུ་འོག་མ་དེར་ ་་བཙན་ཕོ་ཕོ་བྲང་། མཙར་དུ་བཏབསྟེ། བྱང་རོལ་དུ་གཤེགས་་ ཞེས་བྲིས་ཡོད་པ་དང་། གོང་གི་སྤྲེའུ་ལོའི་ནང་། ་་བཙན་པོ་དབྱརད་བྱང་རོལ་དུ་གཤེགས་པ་ལས་སླར་འཁོར་ཏེ། པོ་ཕྲང་ར་མཚར་དུ་བཏབ་་ ཅེས་གསལ་བས་དེ་གཉིས་གཅིག་ཡིན་པ་ཤེས་ཐུབ། དེ་རྗེས་ཀྱི་བྱ་ཁྱི་ཕག་གསུམ་ཡང་རིམ་པ་ལྟར་གོང་གི་བྱ་ཁྱི་ཕག་གསུམ་ལ་སྦྱར་དགོས་པར་མཐོང་། ལོ་འདི་ཚང་མར་རྒྱལ་པོའི་དགུན་གྱི་སྡོད་གནས་ཕོ་བྲང་བྲག་དམར་ཡིན་པ་མཚུངས། དེ་མིན་ལོ་དེ་ཚོའི་ནང་བློན་ཆེན་པོ་ཆུང་བཟང་དང་སྐྱེས་བཟང་ལྡོང་ཙབ་གཉིས་བློན་པོ་ཡིན་པ་ཡང་མཚུངས། དེ་མིན་བར་ལྡིང་དུ་ལྷག་པའི་ལོ་བཞི་བོ་དེ་སྦྱར་ས་གཞན་ཞིག་མེད་དོ།
ཁྲི་སྲོང་ལྡེའུ་བཙན་གྱིས་ཆབ་སྲིད་ཕྱག་ཏུ་བཞེས་པའི་སྤྲེའུ་ལོ ༧༥༦ གོང་གི་ལུག་ལོ་དེ་ ༧༥༥ ཡིན་དགོས་པ་གསལ་པོ་རེད། བཙན་པོ་ཁྲི་ལྡེ་གཙུག་བཙན་གཤེགས་ལོ་ལུག་ལོ་ཡིན་པ་དང་མཐུན། ་་འདིར་ཡབ་ཀྱི་ཁོར་ཕ་དག་དམག་གིས་ཕབ་་ ཅེས་བྲིས་མི་འདུག་གམ།
ད་དོན་ཆེན་གནད་བསྡུས་ནང་ཆད་སྐྱོན་ཞིག་ཡོད་པ་ནི་ ཕག་ལོ་༧༤༧ རྗེས་ནས་ལུག་ལོ་ ༧༥༥ བར་གྱི་བྱི་བ་གླང་སྟག་ཡོས་འབྲུག་སྦྲུལ་རྟ་ལོ་བཅས་ལོ་བདུན་གྱི་རྒྱལ་བློན་གྱི་མཛད་པ་ཆད་སྐྱོན་བྱུང་བ་མ་གཏོགས་ ཁྱི་ལོ་ ༦༥༠ ནས་ཡོས་ལོ་༧༦༣ བར་གྱི་ལོ་རེའི་མཛད་པ་ཐམས་ཅད་པང་འགྲིགས་ནས་འདུག
བོད་ཀྱི་ལོ་རྒྱུས་སྨྲ་བ་ཚང་མས་ལོ་ཚིགས་ཀྱི་ཁུངས་གཏུགས་ས་ཡོད་ན་མེད་ན་དེ་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་འདི་ཡིན་པས་དང་པོ་འདིར་ཞིབ་བཤེར་ཡག་པོ་ཞིག་བྱེད་རྒྱུ་དེ་གལ་ཆེ་བར་མཐོང་སོང་།
མགོན་པོ་ཕྱག་གཉིས་པ་ལགས།
ཁྱེད་ཀྱིས་གསུངས་པའི་ལོ་ཚིགས་འདི་དག་གནད་འགག་ལ་འཛིན་རྒྱུ་ནི་ཧ་ཅང་གལ་ཆེ་བ་འདུག ང་ལ་དོན་ཚན་གཉིས་ཞུ་རྒྱུ་ཡོད། དོན་ཚན་དང་པོ་དེ་ནི། ང་ཚོས་ཁྱེད་ཀྱིས་གསུངས་པ་ལྟ་བུའི་དོན་ཚན་ག་རེ་རྙེད་ཀྱང་ཡོངས་གྲགས་བོད་རིག་པའི་ཞིབ་འཇུག་སློབ་སྦྱོང་བ་འདི་ཚོའི་ཁྲོད་གཅིག་གྱུར་གྱི་གཏན་འབེབས་འདྲ་བོ་ཞིག་བྱས་ཟིན་ནས་ང་ཚོ་ལ་ཨ་ལན་དང་ཡ་ལན་སྟེར་མཁན་ཧ་ཅང་དཀོན་པོ་འདུག་བསམས་བྱུང་།
དོན་ཚན་གཉིས་པ་དེ་ནི། ངེད་ཀྱིས་༼བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང་༽ཟེར་བ་ཞིག་ལས་ཀའི་རྐྱེན་ལ་བརྟེན་ནས་བྲིས་སྐབས་དེར། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་རྒྱལ་རབས་ཚིགས་བཅད་མའི་ལོ་ཚིགས་དེ་ཚོ་བསྡུར་ནས་ཏུན་ཧོང་གི་ལོ་ཚིགས་འདི་ཚོ་བཀོད་པ་ཡིན། ཁྲིགས་སེ་འབྱོར་འགྲོ་གི་འདུག ད་དུང་བཙན་པོ་འཁྲུངས་གཤེགས་དང་མཛད་པ་ཆེ་ཁག་རྣམས་ཏུན་ཧོང་ན་གང་ཡོད་དང་ཧ་ལམ་གཅིག་མཚུངས་རེད་འདུག ད་དུང་མཛད་པ་པོ་འདིས་ཡིག་རྙིང་མང་པོ་མཐོང་ནས་རྒྱལ་རབས་འདི་བྲིས་པ་ཡིན་ཞེས་ཀྱང་གསུངས་འདུག ས་པཎ་ཡིན་ནམ་ཅིག་གི་གསུང་ན་ཡང་། ཏུན་ཧོང་གི་རྩོམ་འགྲོས་འདི་ཤིན་ཏུ་འདྲ་བ་དེ་འདྲ་འདུག དཔེར་ན། ས་མོ་ཕག་གི་ལོ་ལ་བབ་སྟེ། སོགས་ལྟ་བུ་གསལ།
རེད། སྔོན་མའི་ལོ་རྒྱུས་དེ་ཚོའི་ནང་མེ་ཡོས་ཆུ་ཡོས་ལྟ་བུ་རྐྱང་རྐྱང་ལས་བྲིས་མེད་པར་བརྟེན་རྗེས་མ་རྗེས་མའི་ལོ་རྒྱུས་འབྲི་མཁན་ཚོས་ལོ་ཚིགས་གང་ཡིན་ངོས་མ་ཟིན་པར་དྲུག་ཅུ་སྐོར་གྱིས་སྔ་དྲགས་པ་དང་དྲུག་ཅུ་སྐོར་གྱིས་འཕྱིས་དྲགས་པ་སོགས་ནོར་བ་མང་པོ་ཞིག་ཡོད་པ་དེ་སྤྱིར་བཏང་གི་གནས་ཚུལ་ཞིག་རེད།
ཡིན་ན་ཡང་། ད་ལྟ་ང་ཚོར་ཏུན་ཧོང་གི་ལོ་ཚིགས་གནད་བསྡུས་འདི་འདྲ་ནོར་བུ་དགོས་འདོད་ཀུན་འབྱུང་ལྟ་བུ་ཞིག་ཁོངས་གཏུགས་ས་ཡོད་པས་རྒྱབ་རི་བྲག་དང་མདུན་རི་ནགས་རེད།
དེ་བས་ངས་ཀྱང་ལྟ་བདེ་བའི་ཕྱིར་དུ་ལོ་ཚིགས་གནད་བསྡུས་ཀྱི་མགོ་ནས་མཇུག་བར་ཨང་ཀི་བཀོད་ནས་བཞག་ཡོད།
དེ་ཡང་དང་པོ་ ་་ཁྱིའི་ལོ་ལ་བབ་སྟེ། བཙན་པོ་མྱེས་ཁྲྀ་སྲོང་རྩན་གྱྀ་སྤུར་ཕྱྀང་བའྀ་རྀང་ཁང་ནའ་རྀང་མཁྱུད་ཆིང་བཞུགསྟེ་་ཞེས་པའི་ཁྱི་ལོ་དེ་ ༦༥༠ ཡིན་མིན་ཐད་དེབ་གཅིག་གཉིས་ཤིག་ལ་བལྟས་ནས་བྲིས་པ་མིན་པར་དེབ་ཁ་ཤས་ཤིག་ཀློག་ནས་གཟབ་གཟབ་བྱས་པ་ཡིན། ཁྱི་ལོ་དེ་ལོ་གང་ཡིན་གཏན་ཡག་པོ་ཞིག་འཁེལ་བ་ཡིན་ན་དེ་ནས་རྟ་རྒྱུག་ཞོར་དང་གླུ་ལེན་ཞོར་བྱེད་ཆོག་གི་འདུག
མགོན་ཕྱག་ལགས་གསལ་བྱེད་གནང་བར་ཐུགས་རྗེ་ཆེ་ཞུ། ཉིན་འདི་ཚོར་གུང་སེང་ཞིག་ལ་ཕྱིན་པས་དྲ་ཐོག་ཏུ་ཡོང་ཐུབ་མ་སོང༌། འོན་ཀྱང་ཉིད་ཀྱིས་ཏུན་ཧོང་ཡིག་ཆ་”ཡིག་ཆ་ཨང་།B.M 8212༼༡༨༽7 མན།”ཟེར་བའི་ཡིག་ཆ་འདི་གར་ཡོད་གསལ་བོ་ཞིག་བཤད་རྒྱུ་དང༌། “ཁྱི་ལོ་(༦༥༠)ལ་བབ་སྟེ་ཟེར་བ་ནས་ཕག་གི་ལོ་(༧༤༧) བར་ལོ་གཅིག་གི་ཆད་ལྷག་མེད་པར་ལོ་ཚིགས་ཚང་མ་པང་འགྲིགས་ནས་ཡོད་པས་ང་ལ་བློ་འཁེལ་ཆོག “ཟེར་བའི་ལོ་ཚིག་རྣམས་ཏུན་ཧོང་ལྟར་དང་ཡང་ན་ཉིད་ཀྱིས་བྲིས་པའི་”ཁྱི་ལོ་དེ་ ༦༥༠ ཡིན་མིན་ཐད་དེབ་གཅིག་གཉིས་ཤིག་ལ་བལྟས་ནས་བྲིས་པ་མིན་པར་དེབ་ཁ་ཤས་ཤིག་ཀློག་ནས་གཟབ་གཟབ་བྱས་པ་ཡིན།”པའི་ཡིག་ཆ་གང་དེ་དྲ་ངོས་སམ་བརྒྱུད་ལམ་གང་རུང་ཞིག་སློབ་བུ་ངའི་ཤེས་འདོད་ཀྱི་སྒྱེ་མོའི་ནང་དུ་བླུགས་ན་ཅི་མ་རུང༌། ད་དུང་དྲ་དཔོན་རབགསལ་ལགས་ཀྱི་རབ་གསལ་མེ་ལོང་ཡང་ཁོམ་པ་རེ་བྱུང་དུས་བལྟ་ངོས་ཡིན། ངས་བྲིས་པ་དག་ལའང་ཞིབ་འཇུག་ཅུང་ཙམ་རེ་བྱས་ཁུལ་ཡིན་ཀྱང་རིགས་པསམ་ཆུམས་པས་ཡིན་ཚོད། མཇལ་ཡོང༌།
སྙན་པོ་འདུག་
བྲུ་ཤ་གླེང་ན་གླེང་ཡང་ཆོག །
བྲུ་ཤ་གླེང་ན་དགོས་བ་ཉུང། །
བོད་ཀྱི་ནུབ་ཕྱོགས་མཐའ་མཚམས་སུ། །
བོད་ལ་རྒོལ་བ་ཤིན་ཏུ་ཉུང་། །
དེ་ལས་བོད་ཀྱི་ཤར་ཕྱོགས་སུ། །
བཙན་པོས་བཀའ་ཡི་བཟུང་པའི་གནས། །
གནས་དེ་རྒོལ་བ་ཤིན་ཏུ་མང་། །
མཐའ་མཚམས་དེ་རུ་ས་ཆུ་མང་། །
བཀའ་མ་ལོག་གི་ས་ཆ་ན། །
བཙན་པའི་སྡེ་དེ་བོད་ལ་ཞེན། །
དུས་རབས་དུ་མ་མཐའ་མཚམས་སྲུང་། །
བོད་གཤིས་ངོ་མ་གནས་དེ་ལྷག །
དར་རྩེ་མདོ་ཡི་རྒྱལ་མཚམས་ན། །
བོད་རྒྱ་གཉིས་ཀྱི་མཁར་སྒོ་ཡོད། །
ཚེ་རབས་དུ་མ་འགག་སྒོ་སྲུང་། །
བོད་མིའི་སྙིང་སྟོབས་དེ་རུ་གསལ། །
འདིར་འདུས་བོད་ས་ཤེས་ནི་ཚོ། །
ཤར་ཕྱོགས་མཐའ་མཚམས་ཤེས་ནི་ཚོ། །
འདབས་ཀྱི་གྲོང་སྡེ་ཤེས་ནི་ཚོ། །
དེ་དག་ལོ་རྒྱུས་མཁྱེན་ནི་ཚོ། །
ཁ་བརྡ་གྲ་གནས་བོད་གསར་ཚོ། །
ཁ་བརྡ་ཚུལ་དུ་གཏམ་ཞིག་བརྗོད། །
དེ་བཞིན་ཉན་འདོད་མང་ནི་རེད། །
ཚེར་མ་ལགས།
༡ B.M 8212༼༡༨༽7 མན་ཟེར་བའི་ཡིག་ཆ་དེ་ ་་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་་ཤོག་གྲངས་༢༩ ངོས་སུ་འདུག
༢ ཁྱི་ལོ་དེ་ ༦༥༠ ཡིན་མིན་ནི། དོན་གྲུབ་རྒྱལ་གྱིས་བྲིས་པའི ་་ཐང་ཡིག་གསར་རྙིང་ལས་བྱུང་བའི་ཐུ་བྷོད་ཀྱི་གླེགས་བམ་དང་ཏུན་ཧོང་ཡིག་ཚང་སོགས་ཀྱི་ལོ་དང་བྱུང་བ་དོན་གྱི་སྐོར་་ ཞེས་པ་དང་། རྒྱ་བོད་ཚིག་མཛོད་ཆེན་མོ་ནང་(ཏུན་ཧོང་གི་གཏེར་ཡིག་དང་། རྒྱ་ཡིག་གི་ལོ་རྒྱུས། བོན་གྱི་བྱམས་མ་ཟེར་བའི་ལོ་རྒྱུས། དེབ་ཐེར་དཀར་པོ་བཅས་སུ་སྲོང་བཙན་དགུང་ལོ་སོ་བཞི་ལས་མ་བཞུགས་པར་ལོ་འདིར་འདས་པ་དང་མང་སྲོང་མང་བཙན་ཁྲིར་འཁོད་པར་བཤད)ཅེས་གསལ། ཝ་རན་སི་མི་ཐི་ཡིས་བྲིས་པའི་བོད་རྒྱལ་ཁབ། དེ་མིན་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་མཇུག་གི་རྒྱ་ཡིག་གི་འགྱུར་ན་ཡང་ཁྱི་ལོ་དེ་༦༥༠ལ་ངོས་བཟུང་འདུག
༣ དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ནང་། ་་བཙན་མོ་མུན་ཆང་ཀོང་ཅོ། མགར་སྟོང་རྩན་ཡུལ་ཟུང་གྱྀས་སྤྱན་དྲངསྟེ། ཞེས་དང་།། ་་དེ་ནས་ལོ་གསུམ་ན།་་་་་ཞང་ཞུང་ཐམས་ཅད་འབངས་སུ་བཀུག་སྟེ་མངའོ། དེ་ནས་ལོ་དྲུག་ནའ། བཙན་པོ་སྲོང་བཙན་དགུང་དུ་གཤེགས་སོ།་་ཞེས་སོགས་གསལ་བས། བཙན་མོ་མུན་ཆང་ཀོང་ཅོ་སྤྱན་དྲངས་ལོ་ ༦༤༡ ཡིན་པ་ཞལ་མི་མཐུན་པ་ཕལ་ཆེར་ཨེ་ཡོད་ན། དེ་གཏན་ཁེལ་ན་གོང་གི་ཁྱི་ལོ་དེ་ ༦༥༠ ཡིན་པ་ལས་གཞན་འགྲོ་ས་མེད།
༤ ཏུན་ཧོང་ཡིག་རྙིང་ལྟར་ན་སྲོང་བཙན་འདས་ལོ་ཁྱི་ལོ་ ༦༥༠ མིན་པར་ བྱ་ལོ་ ༦༤༩ ཡིན་པ་གསལ་པོ་འདུག་ཀྱང་ལོ་རྒྱུས་སྨྲ་བ་སྐོར་ཞིག་ནས་ ༦༥༠ ལ་བཞེད་འདུག ཡིན་ན་ཡང་། ཝ་རན་སི་མི་ཐི་ནས་ ༦༤༩ ལོ་བྲིས་འདུག
མདོར་དེད་ན། ཞང་ཞུང་དབང་དུ་བསྡུས་ ༦༤༤ རྗེས་ཀྱི་ལོ་དྲུག་པ་སྟེ་ ༦༤༩ ལོར་བཙན་པོ་ཁྲི་སྲོང་བཙན་དགུང་དུ་གཤེགས་སོ། ཁྱི་ལོ་ ༦༥༠ ལོར་བཙན་པོའི་པུར་ཕྱིང་བའི་རིང་ཁང་ན་རིང་མཁྱུད་ཅིང་བཞུགས། ཕག་ལོ ༦༥༡ ལོར་མདད་བཏང་། གྲོངས་ལོ་དང་མདད་བཏང་བའི་བར་ལོ་རེ་ཟུང་ཡོད་པ་ནི་མར་མུ་མཐུད་དུ་ཀློག་ཕྱིན་དང་། རྗེས་ཀྱི་བཙན་པོ་རྣམས་དང་ཀོང་ཅོ་སྔ་ཕྱི་གཉིས་ཚང་མ་གཅིག་མཚུངས་སུ་འདུག
༥ ལོ་རྒྱུས་ཕལ་ཆེ་བར་རྒོད་གཡུང་ཕྱེ་བ་དང་བཀའི་ཁྲིམས་མཛད་པ་སོགས་ནི་སྲོང་བཙན་གྱི་མཛད་པར་བགྲངས་རྐྱང་བྱས་འདུག་ཀྱང་། ཏུན་ཧོང་ལྟར་ན། སྲོང་བཙན་འདས་རྗེས་ཀྱི་ལོ་ལྔ་དྲུག་རྗེས་སུ་མགར་གྱིས་མཛད་པ་གསལ་པོ་རེད།