བོན་རྒྱ་བསྟན་འཛིན་རབ་རྒྱས།
སྒྲིག་འཛུགས་དང་མང་གཙོ་ལ་ཉེན་ཁ་འཕྲད་པའི་སྐབས་སུ། འགན་ཁུར་རྒྱུ་གལ་ཆེན་རེད། ད་ལྟ་ཉེན་ཁ་འདི་ལས་སྐྱོབ་ཐབས་ནི་གྲོས་ཚོགས་ལས་གཞན་ལ་ཡོད་མ་རེད། གྲོས་ཚོགས་ཀྱིས་འགན་ཁུར་ན། རང་གིས་བཟོས་པའི་ནོར་འཁྲུལ་རང་གིས་གཙང་མ་བཟོ་དགོས་པ་རེད། ནོར་འཁྲུལ་གཙང་མ་མ་བཟོས་པར་”དགོངས་དག ང་ནོར་སོང་”ཞེས་དགོངས་པ་ཞུས་ནས་སོང་ན། ནོར་འཁྲུལ་ནི་སྔར་བཞིན་ནོར་འཁྲུལ་གྱི་ངོ་བོར་ཡོད།
དེ་རིང་སྤྱི་འཐུས་བློ་བཟང་ཆོས་འབྱོར་གྱིས་སྤྱི་འཐུས་ནས་དགོངས་པ་ཞུས་འདུག ནོར་བ་ངོས་ལེན་གནང་བ་སྙིང་སྟོབས་རེད། མང་གཙོའི་འཐུས་མིའི་བཟང་སྤྱོད་བླ་མེད་ཅིག་ཡང་རེད། ཡིན་ནའང་། གནད་འགག་གི་སྐབས་འདིར་དེ་ལས་ཀྱང་ནོར་འཁྲུལ་གཙང་མ་བཟོ་བ་དེ་དགོས་ངེས་རེད། དེ་རིང་ཟམ་གདོང་རིན་པོ་ཆེའི་བཅར་འདྲི་བརྒྱུད་ལམ་ལ་སླེབས་པ་དང་། སྐྲག་སྣང་དང་འཇིགས་སྣང་གིས་ཅི་བྱ་བརྟོལ་
བྲལ་ལ་གྱུར་པ་དང་བཟང་སྤྱོད་ཀྱི་སྒོ་ནས་དགོངས་པ་ཞུས་པར་ངོས་འཛིན་ཡོད་ནའང་། ཁྱོད་ལས་གཞན་པའི་སྤྱི་འཐུས་ལ་ལའང་དེ་ལྟར་སྐྲག་ནས་དགོངས་པ་ཞུ་སྲིད་ལ། སྒྲིག་འཛུགས་ལ་གློ་བ་མི་དཀར་བའི་སྤྱི་འཐུས་ཡོད་ན་བསམ་བཞིན་སྒྲིག་འཛུགས་རྩ་གཏོར་གཏོང་ཕྱིར་དགོངས་པ་ཞུས་ནས་འགྲོ་སྲིད། སྤྱི་འཐུས་མང་པོས་དགོངས་པ་ཞུས་ནས་སྤྱི་འཐུས་ཀྱི་གྲུབ་ཆ་མ་ལོངས་པར་གྱུར་ན། དེ་ག་རང་གིས་མང་གཙོ་རྩ་གཏོར་བཏང་བ་རེད། སྒྲིག་འཛུགས་རྩ་གཏོར་བཏང་བ་རེད། ཀ་བ་གསུམ་སྡེབ་གཅིག་ལ་བཅག་པ་རེད། དགོངས་པ་ཞུས་ཤུལ་དུ་བསྒུག་ཐོ་ནང་གི་སྤྱི་འཐུས་ཡར་ཡོང་བའི་ལམ་སྲོལ་ཡོད་ནའང་། དུས་ཚོད་ཀྱི་དབང་གིས་དེའང་དཀའ་ངལ་ལ་གྱུར་ཡོད།
དེ་ལས་དགོངས་པ་མི་ཞུ་བར། སྤྱི་ཟླ་ལྔ་བའི་གྲོས་ཚོགས་འཕར་མའི་སྐབས་སུ། སྔར་བཞག་གྲོས་ཆོད་ཕྱིར་འཐེན་གྱིས་ཁྲིམས་ཞིབ་པ་གསུམ་ལ་འགན་དབང་བསྐྱར་སྐུར་ཞུ་ཐུབ་ན་རབ་དང་། དེ་མིན་ཡང་། ཁྲིམས་སྒྲིག་ལ་བཟོ་བཅོས་ཅི་དགོས་བརྒྱབ་ནས་ཁྲིམས་ཞིབ་པ་གསུམ་བསྐོ་འཛུགས་བྱེད་རྒྱུ་དང་། ཁྲིམས་ཀྱིས་ངོས་བཞེས་དང་ཁྲིམས་ཞིབ་ཁང་གི་དབང་ཚད་སྔར་ཡོད་སོར་བཞག་དང་ཁྲིམས་ནུས་ལྡན་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དགོངས་ཤོག་རེ་དྲ་ལམ་དུ་སྤུར་ནས་འགྲོ་བ་ནི་རྣམ་དཔྱོད་དང་ལྷག་བསམ་གྱི་ལས་ཀ་མ་རེད། ད་ལྟ་ཆེས་ཉེན་ཁ་ཞིག་ཡོད་པ་ནི། སྤྱི་འཐུས་བསྐྱར་འཚོགས་གནང་ནའང་གྲུབ་ཆ་མི་ལོངས་པ་དེ་རེད།
ཚོགས་གཙོ་པད་མ་འབྱུང་གནས་ལགས་ནི། གྲོས་ཚོགས་སྐབས་གཉིས་ཀྱི་ཚོགས་གཙོ་གནང་ཞིང་། གྲོས་ཚོགས་ར་བ་ནས་རྒས་པའི་མི་ཞིག་ཡིན་ནའང་ཁྲིམས་སྒྲིག་ལ་བརྩི་བཀུར་ཅི་ཡང་མེད་པ་དང་། རང་གི་སྙིང་ནད་སངས་ཐབས་སུ་ཐབས་ཇུས་ཅི་ཡང་ལག་བསྟར་བྱས་པ་ནི། བསམ་ཡུལ་ལས་འདས་པ་ཞིག་རེད། སྐབས་སྔ་མར་གྲངས་ཀ་བརྩི་མ་ཤེས་པར་གྲངས་ཀ་ནོར་ནའང་གྷོ་གྷལ་ནོར་རབས་བཤད་དེ་འཕྱ་སྨོད་ཉོས་པ་དང་། སྐབས་འདིར་ཡང་ཁྲིམས་ཞིབ་ཁང་གི་བརྡ་ལན་གཏོང་དགོས་ཐུག་པ་བཅས་ཁྲིམས་ཞིབ་ཁང་ནས་ལན་འགར་ངོ་ཚར་གཏད་པ་མ་ཐེག་པར་ཇུས་ངན་འདི་ལྟ་བུ་ཞིག་ལག་བསྟར་བྱས་པ་རེད། ད་དུང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་ཀིརྟི་རིན་པོ་ཆེའི་མདུན་ནས་བཤད་རེས་རྩེད་དགོས་ཞེས་བཤད་པ་ཡིན་ཞེས་གད་མོ་བསླངས་པ་རེད། ད་ནི་ཟམ་གདོང་རིན་པོ་ཆེ་སྐུ་མདུན་ལ་བཅར་ནས་བཤད་རེས་རྩེད་མ་དགོས་པར་སྐུ་དངོས་སུ་ཕེབས་ནས་གསུང་གནང་འདུག ད་ནི་ངོས་ལེན་གྱི་སྙིང་སྟོབས་ཡོད་དམ། ཁྱོད་ཚོས་བོད་ཀྱི་མང་གཙོའི་ལོ་རྒྱུས་ཁྲོད་བཞག་པའི་གླེང་གཞི་འདག་ཐབས་དཀའ་ཡང་། ད་རེས་ཁྱོད་ཀྱིས་སྣེ་ཁྲིད་ཀྱིས་ཁྲིམས་ཞིབ་པ་གསུམ་བསྐོ་འཛུགས་མ་བྱས་ན། དེ་ལས་ལྕི་བའི་ནག་ཉེས་མགོར་ལྷུང་བ་ཡིན།
བཙན་བྱོལ་བོད་མིར་བཅའ་ཁྲིམས་གཅིག་དང་ཁྲིམས་དེབ་གསུམ་ལས་མེད་ཀྱང་དེ་ཙམ་ལའང་ངེས་ཆ་མེད་པའི་འཐུས་མི་འདི་དག་ནི་བསམ་ཞིང་ངུ་བྲོ་བ་ཞིག་རེད་དེ། ཚོར་པ་རྒྱས་སྤྲོ་མི་བྱ་བར་གྲོས་ཚོགས་ནང་མིག་བཙུམ་ནས་རྒས་པའི་སྤྱི་འཐུས་ཚོས་འགན་འཁུར་བར་འདོད་ན། དགོངས་པ་མི་ཞུ་བར་རང་ཉིད་ཀྱི་ནོར་འཁྲུལ་རང་ཉིད་ཀྱིས་གཙང་མ་བཟོ་རོགས་ཞེས་ནན་སྐུལ་ཞུ་བར་འདོད། བོད་ཡིག་མི་ཤེས་པའི་སྤྱི་འཐུས་དང་མི་ལ་ལས་བཅའ་ཁྲིམས་ཀྱི་མ་སྙོབ་པར་དོན་རྐྱེན་འདི་ལྷག་པར་བཤད་ཀྱིན་ཡོད་མོད། སྤྱི་འཐུས་སོ་གཅིག་ལུག་བཞིན་དུ་ལྷས་ར་གཅིག་ལ་གོར་སེ་འཚོགས་པ་ནི། བཅའ་ཁྲིམས་ཀྱིས་མ་སྙོབ་པ་མིན་པར་བསམ་བཞིན་དགྲ་ཤ་ལེན་འདོད་པ་དང་། བོད་ཡིག་མི་ཤེས་པ། ཁྲིམས་སྒྲིག་ལ་དོ་སྣང་མ་བྱས་པ་གསུམ་རྐྱ་འཐབ་ཀྱིས་གནས་ཚུལ་འདི་བྱུང་བ་མཁྱེན་ཆུབ་མཛོད་ཅིག
སླད་སྒྲིག་འཛུགས་ཀྱི་གཞུང་ཡིག་བོད་ཡིག་ལ་གཏན་འཁེལ་དང་། ཁྲིམས་སྒྲིག་ལ་དོ་སྣང་ཡོང་བའི་སྐྱབས་འཇུག་ནན་གྱིས་ཞུ།
བོད་ཀྱི་མང་གཙོ་འགྱེལ་ལ་ཉེ་བའི་སྐབས་སུ། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གང་ལའང་འཛེམ་པ་མེད་པར། མང་ཚོགས་ཀྱི་རྨོངས་གཉིད་དཀྲོལ་བའི་ཅོང་ཆེན་ཞིག་ལྡིར་སེ་བཏིང་བར་སེམས་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ། དྲིན་ལ་དྲིན་དུ་མི་ཚོར་བའི་ཐ་ཤལ་བའི་མི་རབས་ཀྱིས་བརྗེད་ཀྱང་ལོ་རྒྱུས་ཀྱིས་ག་ལ་བརྗེད། བཀའ་དྲིན་ཆེ། དེ་ནས་རྩོམ་པ་པོ་རུ་འདོད་པ་དག་གིས་ཀྱང་འོས་མིའི་ཨོང་ཤ་ལྡག་ན་འུར་སྒྲ་དེ་ལས་ཆེ་བ་མེད་ཀྱང་གནད་ལ་ཐུག་དུས་གྲགས་འགུལ་མེད་པ་དང་། ངོ་དེབ་ནང་ཟུར་ཟ་ལྟ་བུའི་ཡིག་རྡོག་ཐིག་ཕྲེང་གཉིས་གསུམ་རེ་བྲིས་ནས་འདུག་པ་ནི། འགན་ཁུར་མེད་པ་དང་། མང་ཚོགས་ཉོག་པོར་བྱེད་པའི་རྒྱུ་ལས་ཅི་ཡང་མ་རེད། དེ་ལས་དངོས་དཔང་དང་ལུང་རིགས་རྩལ་གསུམ་འཛོམས་པའི་རྩོམ་ཡིག་གི་ཆར་དབབ་པར་མཛོད་ཅིག དེ་ནི་རྩོམ་པ་པོས་མི་རིགས་ལ་འགན་ཁུར་སྟངས་ཡིན།
སྤྱི་ལོ་ ༢༠༢༡ ཟླ་ ༠༤ ཚེས་ ༠༨ ཉིན་ཕ་རེ་སིར།
*འོག་གི་རྩོམ་ཡིག་འདི་ཁ་སྔོན་དོན་རྐྱེན་ལྷག་མ་ཐག་ངོ་དེབ་ནང་སྤེལ་བ་ཡིན།
ཁྲིམས་ཀྱིས་ངོས་བཞེས་འཚོལ་བ།
—ཁྲིམས་ལ་ཚིག་འདེད་ལས་རིགས་འདེད་མི་ཆོག
བོན་རྒྱ་བསྟན་འཛིན་རབ་རྒྱས།
གཅིག ༽ ཚོགས་དུས་ཕར་འགྱང་རེད་དམ་ཕྱིར་བསྡུ་རེད།
གནད་དོན་འདི་ནས་བྱུང་བ་རེད། སྤྱིར་ན་ལོ་རེར་གྲོས་ཚོགས་ཚོགས་དུས་གཉིས་རེ་ཡོད། ༢༠༢༠ ལོར་ཚོགས་དུས་གཅིག་ལས་མེད། སྐབས་གཅིག་གི་གྲོས་ཚོགས་ལ་ཚོགས་དུས་བཅུ་གཅིག་རེ་ཡོད། བོད་མི་མང་སྐབས་༡༦ པ་འདི་ལ་ཚོགས་དུས་བཅུ་ལས་བྱུང་མེད།
བཅའ་ཁྲིམས་་དོན་ཚན་༤༩ ནང་གསེས་༢ པར། སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ། ཞེས་ཚོགས་གཙོ་སྦྲེལ་བོར་འཕར་འགྱངས་ཀྱི་དབང་ཚད་ཕུལ་ཡོད། ཡིན་ནའང་། བཅའ་ཁྲིམས་ལས་ཚོགས་གཙོ་སྦྲེལ་བོར་ཚོགས་དུས་ཕར་འགྱངས་ལས་ཕྱིར་བསྡུའམ་མེད་པར་བཟོ་བའི་དབང་ཚད་ཅིག་ཕུལ་མེད། དེར་བརྟེན། ཕུལ་མེད་བཞིན་དུ་ཕྱག་བསྲིངས་པ་དེ་ལ་བཅའ་ཁྲིམས་ཀྱི་གོང་དུ་ཕེབས་པ་ཨེ་ཟེར་སྙམ།
ལྷག་པར་བཅའ་ཁྲིམས་དོན་ཚན་ ༤༠ པའི་ནང་། “ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ།”ཞེས་གསལ་བོར་འཁོད་ཡོད་པས། འདི་དང་ཐད་སོ་ནས་འགལ་ཡོད། འདི་ལ་སྤྱི་འཐུས་ཚོ་དཀའ་ངལ་ཞིག་བགྲང་རྒྱུ་ལས་རིགས་འདེད་ཀྱི་ལན་འདེབས་ཙམ་ཡང་མི་འདུག དཀའ་ངལ་བགྲང་པ་དེ་དག་ལ་ཁྲིམས་ཞིབ་ཁང་གིས་དྲ་ཐོག་ནས་འཚོགས་འོས་པའི་ལམ་སྟོན་གནང་འདུག་མོད། དེ་ལ་ཚོགས་གཙོས་འཕྱ་སྨོད་བྱེད་པ་ལས་དེ་ལྟར་མི་འོས་པའི་ཁྲིམས་སྒྲིག་གི་རྒྱབ་རྟེན་མི་འདུག བཅའ་ཁྲིམས་ནང་ཚོགས་འདུ་འཚོགས་དགོས་པ་ལས་ཚོགས་འདུ་ས་ཐོག་ནས་འཚོགས་དགོས་པ་ཞིག་འཁོད་མེད་པས། དྲ་ལམ་ན་འཚོགས་པའི་མཐུན་རྐྱེན་འཛོམས་བཞིན་དུ་མ་འཚོགས་པས་དཀའ་ངལ་བགྲང་པ་རིགས་ཀྱང་ནུས་མེད་དུ་གྱུར་འདུག
གཉིས་པ།༽ ཁྲིམས་ཀྱིས་ངོས་བཞེས།
སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག དོན་ཚན་དྲུག་པ། ནང་གསེས་ ༤༥༽ “ཁྲིམས་ཀྱིས་ངོས་བཞེས། ཞུ་སྣེ་སྦྱོར་མཁན་དང་བདེ་སྙན་འབུལ་མཁན་མེད་པར། ཁྲིམས་ཞིབ་ཁང་རང་ངོས་ནས་ཁྲིམས་ཐོག་གི་དགོས་གལ་མཐོང་སྟེ་ཁྲིམས་ཞིབ་བྱ་རིམ་འགོ་འཛུགས་བྱས་པ། “ཞེས་འགྲེལ་བཤད་གནང་ཡོད། དེ་འབྲེལ་གྱི་ཁྲིམས་ཡིག་ནི། སྤྱི་མང་གཏུག་བཤེར་ཁྲིམས་ཡིག དོན་ཚན་རེ་དགུ་པ། ནང་གསེས་ [ཏ] “ཁྲིམས་ཀྱིས་ངོས་བཞེས། ཁྲིམས་ཞིབ་ཁང་ནས་བོད་ཀྱི་ཡུལ་མི་སུ་རུང་གི་གཞི་རྩའི་ཐོབ་ཐང་ངམ། ཁྲིམས་ཀྱི་ཐོབ་ཐང་གང་རུང་ལ་གནོད་འགལ་བྱུང་བའམ། སྤྱི་པའི་ཁེ་ཕན་ལ་གནོད་འགལ་བྱུང་བ་ཞིག་ཤེས་ཚོར་བྱུང་ཚེ། བྱ་རིམ་གཞན་ལ་བསྟུན་མ་དགོས་པར་ཁྲིམས་ཀྱིས་ངོས་བཞེས་བརྒྱུད། རྩོད་ལན་པར་བརྡ་ཐོ་བཏང་སྟེ་ཁྲིམས་ཞིབ་ཐག་གཅོད་བྱེད་ཆོག” ཅེས་གསལ་ཡོད། ཁྲིམས་ཞིབ་ཁང་གིས་དབང་ཆ་འདིའི་འོག་ནས་སྤྱི་འཐུས་རྒྱུན་ལས་ཚོར་ཆད་འགེལ་བྱས་པ་རེད།
སྐབས་འདིར་དྲི་བ་ཞིག་ཡོད་པ་ནི། ཁྲིམས་ཀྱིས་ངོས་བཞེས་ཞེས་པ་འདི་ཁས་ལེན་ནམ་མི་ལེན་ཞེས་པ་དེ་རེད། དེ་ཁས་མི་ལེན་ན། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལ་ཁྲིམས་ནུས་མ་ལྡན་པ་རེད། དེ་ལྟ་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་ཁྲིམས་ཕར་གཏུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་ཙམ་རེེད། དེ་ལྟ་ན། བཅའ་ཁྲིམས་ཀྱི་དོན་ཚན་རེ་དྲུག་པ། ནང་གསེས་ ༡ པོར། “ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང༌། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན།” ཞེས་དང་སྒྲ་སྦྱར་བ་དེ་ནུས་མེད་ལ་གྱུར་པ་རེད།
གསུམ་པ། ༽ ཁྲིམས་ཀྱིས་ངོས་བཞེས་པ་ཞེས་པ་གང་ནས་འོང་བ་རེད།
འདི་ནི་བཅའ་ཁྲིམས་དོན་ཚན་རེ་བདུན་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང༌། སྒྲིག་གཞི། ཞེས་པར་”བཅའ་ཁྲིམས་འདི་དང༌། སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་གང་རུང་གི་དོན་ཚན་ཁག་གཞིར་བཟུང་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང༌། འགྲོ་ལུགས་སྒྲིག་གཞི་བཅས་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་སྤྱི་མོས་ཀྱིས་བཟོ་འགོད་གཏན་འབེབས་ལྟར་རྩ་འཛིན་ལག་བསྟར་བྱ་རྒྱུ།” དབང་ཚད་འདི་བརྒྱུད་བཟོས་པ་ཞིག་རེད། སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་ཀྱིས་ངོས་བཞེས་ངོས་བཞེས་མི་གནང་ན་བཅའ་ཁྲིམས་དོན་ཚན་རེ་བདུན་པར་བསྐྱར་བཅོས་བྱེད་དགོས་པ་ལས། ཁྲིམས་ཞིབ་པ་ཆེ་བ་དང་གཞན་རྣམ་གཉིས་རིལ་གྱིས་འཕོ་འགྱུར་བྱེད་པ་ནི་ཆད་འགེལ་ལ་ཡ་ལན་བྱས་པ་ཙམ་ཡིན།
ཁྲིམས་ཀྱིས་ངོས་བཞེས་ཞེས་པ་འདི་བཅའ་ཁྲིམས་ཀྱི་དོན་ཚན་གང་ཡང་གཞིར་བཟུང་མ་བྱས་པར། ཁྲིམས་ཞིབ་ཁང་གིས་རང་སྣང་གང་ཤར་བེད་སྤྱོད་ཀྱིན་པར་གྲོས་ཚོགས་ནང་འུར་གྱིན་ཡོད།
བཅའ་ཁྲིམས་དོན་ཚན་ལྔ་པ། བཅའ་ཁྲིམས་ཀྱི་ཚད་འཛིན། ཞེས་པར་༡ “ཁྲིམས་ལུགས་དང༌། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ།༢ གོང་གསལ་རྣམས་ཀྱི་དོན་གནད་བཅའ་ཁྲིམས་འདིའི་དོན་ཚན་ཁག་དང་འགལ་མིན་རྩོད་གླེང་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱ་རྒྱུ། “ཞེས་པ་དང་དོན་ཚན་བཞི་བཅུ་པ་སོགས་ལ་ཁོངས་གཏུགས་ཡོད། བཅའ་ཁྲིམས་དང་འགལ་བའི་ཆ་རྩ་འཛིན་མེད་པ་བྱས་པ་རེད། དེ་ལ་རྩོད་གླེང་བྱུང་བ་རེད། རྩོད་གླེང་ཐག་གཅོད་ཀྱང་གནང་བ་རེད། དེའི་ཕྱིར། ཁྲིམས་ཞིབ་ཁང་ལ་མ་གཏུགས་ན་ལག་འཆང་ཡ་མེད་པའི་ང་རྒྱལ་དེ་ནི་རང་སྣང་གང་དྲན་རེད་འདོད།
ཡང་གཅིག་བཤད་ན། སྤྱི་འཐུས་ཚོས་ཁྲིམས་ཞིབ་ཁང་གི་ཆད་འགེལ་ངོས་ལེན་མ་བྱས་པ་ནི། བཅའ་ཁྲིམས་ལེའུ་གཉིས་པ། གཞི་རྩའི་ཐོབ་ཐང་དང༌། ལས་འགན། ཞེས་པ་ལས། དོན་ཚན་བཅུ་གསུམ་པ། ཡུལ་མིའི་ལས་འགན། ཞེས་པའི་ནང་གསེས་༢ པར། “བཅའ་ཁྲིམས་དང༌། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང༌། ཉམས་ལེན།”ཞེས་པར་འགལ་ཡོད། ཚོགས་དུས་ཕྱིར་བསྡུ་ནི། དོན་ཚན་བཞི་བཅུ་པར་ཐད་ཀར་རང་འགལ་བ་གོང་དུ་གླེང་བ་ལྟར་ཡིན་པས། སྐབས་འདིར་ཁྲིམས་ཞིབ་ཁང་བཏོན་མི་ཆོག་ན་ཁྲིམས་ཞིབ་ཁང་ཞེས་པ་ཞིག་བཙུགས་པའི་དགོས་གལ་དང་། ཁྲིམས་ཞིབ་ཁང་མང་གཙོའི་ཀ་བ་ཞིག་ལ་ངོས་འཛིན་སྟངས་སོགས་གཞི་རྩའི་ལྟ་གྲུབ་མང་པོ་ཞིག་མགོ་གཞུག་ལོག་ནས་ཡོང་གི་ཡོད།
དྲ་ལམ་དུ་ཁ་མཆུ་ཨང་ཉི་ཤུ་བའི་སྐབས་ཀྱི་ཁྲིམས་ཞིབ་པ་ཆེ་བ་དང་སྐབས་འདིའི་ཁྲིམས་ཞིབ་པ་ཆེ་བ་གཅིག་པ་ཡིན་སྣང་གིས་མཉམ་འུར་བྱེད་ཀྱིན་འདུག སྣང་ཚུལ་དེ་ནི་ཁྲིམས་རྒྱུས་དང་འབྲེལ་ཡོད། དེའི་ཕྱིར། གནད་དོན་གླེང་དུས་གནད་འགག་ལ་འཇུ་དགོས་པ་ཡིན།
སྤྱི་ལོ་ ༢༠༢༡ ཟླ་ ༣ ཚེ ༢༦ སྔ་དྲོར།
༼བོད་ཀྱི་མང་གཙོ་འགྱེལ་ལ་ཉེ་བའི་སྐབས་སུ། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གང་ལའང་འཛེམ་པ་མེད་པར། མང་ཚོགས་ཀྱི་རྨོངས་གཉིད་དཀྲོལ་བའི་ཅོང་ཆེན་ཞིག་ལྡིར་སེ་བཏིང་བར་སེམས་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ། དྲིན་ལ་དྲིན་དུ་མི་ཚོར་བའི་ཐ་ཤལ་བའི་མི་རབས་ཀྱིས་བརྗེད་ཀྱང་ལོ་རྒྱུས་ཀྱིས་ག་ལ་བརྗེད། བཀའ་དྲིན་ཆེ།༽ ཞེས་པར་རྒྱབ་སྐྱོར་དང་ང་ཚོའི་མི་རིགས་འདི་གཞན་དང་མི་འདྲ་བའི་རྣམ་པ་ཡིན། བཅོལ་ཆུང་རྣམས་ལ་སྨོས་ནས་ཅི་ཕན། འོན་ཀྱང་ལས་ཀྱིས་འཕྱུགས་མ་ཡོང་ངོ་བོད་མི་ཐ་ཤལ་བ་དག འཆི་རྒྱུ་ཡིན་པ་ཤེས་ནས་ནོངས་བཤགས་བྱོས།
སྤྱི་འཐུས་ཐ་ཤལ་༣༡ པོའི་ནང་སངས་རྒྱས་ཀྱི་ན་བཟའ་མཆོད་མཁན་ཡང་ཧ་ཅང་མང་བས། དེ་དག་གདོན་གྱིས་བརླམས་སམ་མི་དགེའི་ཉོན་མོངས་ཀྱིས་ཟིན་ནས་བསམ་ཤེས་རྩ་དབྱུང་བཏང་ཟིན་འདུག་པས། དེ་དག་རྣམས་ཤི་ནས་འདྲེ་རིགས་བཙན་དུ་སྐྱེ་རྒྱུ་ཡིན་པ་སྨོས་མ་དགོས་སོ།།
སང་ཉིན་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་རེད། དེ་དུས་རང་གི་བསམ་པ་ལས་བོད་སྤྱི་པའི་གནས་དོན་འདི་གལ་ཆེ་ཡིན་སྟབས་རང་འདོད་བཞག་ནས་སྤྱི་དོན་དུ་བློ་རྩེ་མ་བསྒྲིལ་ན་གྱོང་ཁ་ཆེན་པོ་ཕོག་རྒྱུའི་གནས་ཡིན་པས་དམ་དོན་གནང་རོགས།
སྲིད་སྤྱི་གཉིས་ནས་སྲིད་སྐྱོང་ཆེད་ཕྲན་ཙམ་ཞུས་ན། འོས་མི་གཉིས་ནས་སྤེན་པ་ཚེ་རིང་ལགས་སུ་རྙོག་འཁྲ་མང་དག་ཅིག་འདུག ཁོ་བ་ག་དུས་མི་མང་འཛོམས་ས་དང་གསར་འགོད་པས་དྲི་བ་དྲི་ལན་སྐབས་ལས་འཆར་དེ་ཙམ་མེད་ཐོག་ཁོ་རང་གི་རྩོད་རྙོགས་དག་སེལ་མ་ཐུབ་པས་ལས་ཀྱི་འདུག་པའི་སྐོར་ང་ལ་གཞན་གྱི་བཤོད་ཀྱི་འདུག ང་རང་ཁོ་བ་མི་ཚད་ལྡན་ནམ་ཡིད་ཆེས་ཕོད་པའི་མི་ཞིག་མིན་པ་ཤེས་པས་གསར་ཤོག་སོགས་སུ་ཉན་ལྟ་ཞུ་དགོས་མེད། གཟབ་གཟབ་མ་བྱས་ན་སྤེན་ཚེ་ལ་འོས་ཐོབ་རྒྱུའི་རེ་བ་མེད་པ་ཞིག་ཡིན་མིན་འདུག དབུ་དཀར་ཚང་ལགས་སུ་ལབ་གླེང་མེད་པ་ཞིག་མིན་ཀྱང་སྤེན་ཚེ་ལས་ཆེ་ཆེར་དམ་གཙང་བ་ཞིག་ཡིན་འདུག་
དེ་བས་ན་སྤེན་པ་ཚེ་རིང་ལ་སྔོན་འགྲོའི་འོས་བསྡུ་སྐབས་འོས་མ་བླུགས་མཁན་ཚོ་ནས་ད་ཆ་སྤྱི་དོན་དུ་སོམས་ནས་ཚང་མ་ཆིག་སྒྲིལ་གྱིས་དབུ་དཀར་ཚང་སྐལ་རྡོར་ལགས་སུ་འོས་མ་གནང་ནས་སྤེན་ཚེ་ཐོབ་རེའི་གནས་དེ་ལྟར་མེད་པ་བཟོ་རྒྱུའི་བློ་རྩེ་གཅིག་ཏུ་མཐུན་བས་འོས་གནང་དུ་ཕེབས་ཤོག དེ་བཞིན་སྔོན་འགྲོར་སྤེན་ཚེ་འོས་གནང་མཁན་ཚོས་ཀྱང་ཁོང་གི་སྐྱོན་ཆེན་མང་དག་ཡོད་པར་དགོངས་བཞེས་ཀྱིས་རང་སེམས་འགྱུར་བཅོས་མ་གནང་ན་ཚེ་གང་བསྒྲུབས་པ་རྒྱབ་པ་ཞོག་ཅིག་གཡང་ལ་སྐྱུར་པའི་དཔེ་ལྟར་ཆགས་ཡོང་། དེ་ལས་སྐལ་རྡོར་ལགས་སུ་འོས་གནང་ན་ལེགས་པས་བསམ་ཞིབ་གནང་ཕེབས་ཤོག
ཁྲིམས་ཞིབ་གསུམ་དགོངས་འཕྲོལ་གནང་མཁན་སྤྱི་འཐུས་ ༣༡ དེ་དག་སླར་དམངས་གཙོའི་ཀ་བ་་གསུམ་ཚད་སྙམས་མེད་པར་བཟོ་ཉེན་གྱི་དྲི་ངད་དེ་དག་རྩ་མེད་དུ་གཏོང་ཐབས་སུ་ད་ལན་འོས་བསྡུའི་སྐབས་འོས་གནང་ལམ་མེད་བ་ཞུ། དགོངས་ཞུ་གནང་མཁན་ཚོས་ཀྱང་བྱུས་ངན་དུ་སྐྱབས་བཅོལ་མི་སྲིད་པ་མིན་པས་ད་ཆ་སླར་སྐྱོན་ངོས་ལེན་དུ་དམིགས་བསལ་དགོངས་བཞེས་མ་གནང་རོགས།
སང་ཉིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལས་སྲིད་སྐྱོང་འོས་མི་བཟང་བའམ་འོས་པ་ལེགས་པ་གཞན་ད་ཆ་མེད་སྟབས་ཁོ་བར་ཚང་མས་རང་རང་སོ་སོའི་འོས་གནང་ཕེབས་ཤོག
བཀྲིས་བདེ་ལེགས
བཙན་བྱོལ་བའི་སྒྲིག་འཛུག་འདི་ལ་ཞེ་གནག་པའི་བསམ་ངན་གྱི་སྐྱེ་བོ་འགའ་ཞིག་གིས།
ཟམ་གདོང་རིན་པོ་ཆེ་ན་རེ། “སུ་རུང་”ཟེར་བ་དེས་ཆ་ཚང་མིན་པར་གོ་ཟེར། འོ་ན་རྒྱ་གར་གྱི་ཉེས་ཁྲིམས་དོན་ཚན་ ༣༠༢ སོགས་ཀྱི་ནང་དུ་སྐྱེ་བོ་སུ་རུང་གིས་མི་བསད་པ་ཡིན་ན་སྲོག་ཆད་དམ། ཚེ་བཙོན་ནམ་ལོ་བཅུ་ཡན་གྱི་ཆད་པ་འབྱུང་སྲིད་ཅེས་འཁོད་ཡོད། གལ་ཏེ་ལག་དམར་བ་ལྔ་ཡོད་ཚེ་སུ་རུང་གཅིག་གིས་མ་གཏོགས་ཚང་མས་ཉེས་པ་ཁུར་མི་དགོས་པར་ཐལ། ཁྲིམས་ཡིག་ཏུ་སྐྱེ་བོ་སུ་རུང་ཞེས་དངོས་སུ་བྲིས་ཡོད་པའི་ཕྱིར། རྟགས་ཚད་མ། ཁྱབ་པ་ཁས། ཧཧཧ། •རྒྱ་གར་རྩ་ཁྲིམས་ཀྱི་ལུང་འདི་གཞན་ལས་བཏུས།
ཞེས་ཟེར། ཁྲིམས་ཞིབ་གསུམ་ལས་སུ་རུང་ཟེར་དུས། ཁྲིམས་ཞིབ་པ་ཆབ་ཚང་ལ་གོ་བར་ཐལ། འཁོར་གསུམ། བོད་ཀྱི་ཐ་སྙད་འཇུག་ཚུལ་ཙམ་ཡང་མ་ཤེས་པར་ཐལ། ཁྲིམས་ཞིབ་པ་གསུམ་ལས་སུ་རུང་ཟེར་དུས་གསུམ་ཀ་ལ་གོ་བའི་ཕྱིར། འཁོར་གསུམ། ཉེས་པ་གསུམ་ཀས་བྱས་པའི་ཕྱིར་ཟེར་ན། ཉེས་པ་ཡོད་མེད་དཔྱད་པ་ལས་ཁྲིམས་ཀྱི་འགྲོ་སྟངས་མ་ཤེས་བར་དུ་ཐག་གཅོད་སྔ་མི་ཉན། གཞན་ཡང། ཉན་ཞིབ་ཚོགས་ཚུང་མ་བཙུགས་པ་ཡང་ཁྲིམས་དང་འགལ་བ་མ་ཡིན་པར་ཐལ། འདོད་ན་འཁོར་གསུམ།
ཁྲིམས་དང་འགལ་བ་ཡིན་པར་ཐལ། བཅའ་ཁྲིམས་དོན་ཚན་ང་བཞི་པར། གྲོས་བསྡུར་བཀག་སྡོམ།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང༌། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང༌། གྲོས་བསྡུར་བྱེད་མི་ཆོག ཅེས་པའི་དགོངས་དོན་དང་དངོས་འགལ་བའི་ཕྱིར། བོད་ཀྱི་བརྡ་དག་ལ་གོམས་པ་འགྲོ་སྟངས་མེད་པ་ཁྱོད་ལ་ངོ་ཞིག་སྤྲད་ན།
མི་གསོད་ལག་དམར་ལྔ་ཡོད་པའི་དབང་དུ་བཏང་ན་ཉེས་ཁྲིམས་དོན་ཚན་ ༣༠༢ ནང་གི་སྐྱེ་བོ་སུ་རུང་ཞེས་པའི་བརྩི་གཞི་སྐྱེ་བོ་ཡིན་གྱི་མི་གསོད་ལག་དམར་ལྔ་པོ་དེ་མ་ཡིན། ཁྲིམས་ཞིབ་གསུམ་དང་འབྲེལ་ནས་བཤད་ན་སུ་རུང་ཞེས་པའི་བརྩི་གཞི་ཁྲིམས་ཞིབ་གསུམ་ཡིན་པས་དེ་གཉིས་ཀྱི་ཁྱད་པར་འབྱེད་དགོས་པའི་ཕྱིར།
གཞན་ཡང་གོ་བ་གསལ་རུ་བཏང་ན། ཁྲིམས་ཞིབ་གསུམ་པོ་གང་རུང་ཞེས་པའི་བརྩི་གཞི་ཁྲིམས་ཞིབ་པ་གསུམ་པོ་དེ་ཡིན་པས་དེའི་ནང་གི་བྱེ་བྲག་པ་ཞིག་ལ་གོ
སྐྱེ་བོ་སུ་རུང་ཞེས་པའི་བརྩི་གཞི་སྐྱེ་བོ་ཡིན་པས་མི་གསོད་ལག་དམར་བ་ལྔ་པོ་ཡང་སྐྱེ་བོའི་བྱེ་བྲག་ཡིན་པས་སྐྱེ་བོ་སུ་རུང་སྦྱོར་བ་ཤིན་ཏུ་ནས་འཐད་པའི་ཕྱིར་རོ། །
ཁ་ཅིག་ན་རེ། ཡང་ཁོང་ན་རེ། ཁྲིམས་ཞིབ་པ་གསུམ་ཀ་དུས་གཅིག་ལ་མར་ཕུད་ནས་ཁྲིམས་ཞིབ་པ་གསར་པ་ཡར་བསྐོས་ན་ཁྲིམས་ཞིབ་ཁང་མེད་པ་ཆགས་འགྲོ་བ་དང་། རྩ་ཁྲིམས་སྦོ་ལུགས་པ་རེད་ཟེར། འོ་ན་འཛིན་སྐྱོང་བརྗེ་ལེན་བྱེད་ཐེངས་རེ་ལ་རྩ་ཁྲིམས་སྦོ་ལུགས་ཐེངས་རེ་ཡིན་པར་ཐལ། རྙིང་པ་ཚང་མ་དུས་གཅིག་ལ་བརྗེ་འགྲོ་བའི་ཕྱིར། ཁྱབ་པ་ཁས། རྟགས་ཚད་མ། ཧཧཧ།
ཞེས་ཟེར། རྙིང་པ་ཚང་མ་དུས་གཅིག་ལ་བརྗེ་བ་མ་ཡིན་པར་ཐལ། མཐོང་བ་ཙམ་གྱིས་སུན་སྣང་སྐྱེ་ཡོང་བ་ཕལ་ཆེ་བ་རང་འཇག་བསྡད་ཡོད་པའི་ཕྱིར། གལ་སྲིད་བརྗེ་བའི་དབང་དུ་བཏང་ཀྱང། རྙིང་པ་ཚང་མ་དུས་གཅིག་ལ་བརྗེ་ན་། འཛིན་སྐྱོང་བརྗེ་ལེན་བྱེད་ཐེངས་རེ་ལ་རྩ་ཁྲིམས་སྦོ་ལུགས་ཐེངས་རེ་ཡིན་པས་མ་ཁྱབ། གཞན་ཡང། ཁྱོད་ཀྱིས་འདོད་པ་ལྟར་ན་འོ་ན། འཛིན་སྐྱོང་ཐེངས་རེ་བརྗེ་དུས་འཛིན་སྐྱོང་གནས་དབྱུངས་བཏང་བ་ཡིན་པར་ཐལ། འདོད་ན། ཞེན་གོག་གིས་ཕྱོགས་རེས་ཁོ་ནས་གཅིག་རྒྱབ་གཅིག་ལངས་བྱས་ནས་གནས་དབྱུངས་བཏང་བ་ཡིན་པར་ཐལ། འདོད་ན། དབུས་བོད་མིས་སྒྲིགས་འཛུགས་དེ་ཞེན་གོག་གཡོ་འཕྲུལ་ཁོ་ནས་གང་བ་ཞིག་ཡིན་པར་ཐལ། ལོང་བས་རྒྱལ་ཁམས་ཀྱི་དཔེ་ནང་བཞིན་ཤོག་འཐེན་གཡོ་འཕྲུལ་ཁོ་ནས་དུས་འདའ་བ་མཐོང་སྣང་དུ་གྲུབ་པའི་ཕྱིར། དུས་རྟག་ཏུ་བྱ་སྤུ་ནོན་དམར་ཤོག་གཅིག་སྡུད་ཞེས་སྡུག་སྐད་རྒྱགས་སའི་ལམ་སྲོལ་དང་གཅིག་པ་ཡིན་པར་ཐལ། འདོད་ན། སྦུ་ལུགས་པ་ཡིན་པར་ཐལ། གོང་གི་འདོད་པ་དེའི་ཕྱིར།
ཡང་ཁོ་ན་རེ། གལ་ཏེ། བར་དེར་གནས་སྐབས་ཆེས་མཐོ་ཁྲིམས་ཞིབ་ཁང་དངོས་སུ་ཆ་ཚང་བ་ཞིག་མེད་པས་ཀ་བ་གསུམ་མི་ཚང་བས་རྩ་ཁྲིམས་སྦོ་ལུགས་བཞིན་ཡོད་ན། སྤྱི་མཐུན་ལྷན་ཚོགས་མི་འཚོགས་པའི་ཟླ་བ་མང་པོར། མང་གཙོ་དང་རྩ་ཁྲིམས་སྦོ་ལུགས་པར་ཐལ། ཀ་བ་དབུས་མ་ཁྲིམས་བཟོ་ལྷན་ཚོགས་མེད་པའི་ཕྱིར། རྟགས་ཁྱེད་ཀྱིས་སྤྱི་མཐུས་ལྷན་ཚོགས་ཟེར་བ་དེ་གྲོས་ཚོགས་འཚོགས་པ་ནས་གྲོལ་བའི་བར་ཡིན་པ་ཞལ་གྱིས་བཞེས་པས་གྲུབ། ཁྱབ་པ་ཁས། ཧཧཧ།
ཞེས་ཟེར། རྟགས་དང་པོ་མ་གྲུབ་པ་ཤེས་མི་འདུག སྙིང་རྗེ། རྟགས་གཉིས་པའམ་ཕྱི་མ་དེ། རྟགས་ཁྱེད་ཀྱིས་སྤྱི་མཐུས་ལྷན་ཚོགས་ཟེར་བ་དེ་གྲོས་ཚོགས་འཚོགས་པ་ནས་གྲོལ་བའི་བར་ཡིན་པ་ཞལ་གྱིས་བཞེས་པའི་ཕྱིར་ན། དུས་སྦྱར་མ་ལ་ཁྱབ་པ་མེད་པ་མ་ཤེས་པའི་ཁ་ཐབས་ལ་བལྟས་ན་བཙན་བྱོལ་བོད་མིའི་མགོན་སྐྱབས། འཛམ་གླིང་གི་ཤེས་ལྡན་ཡོངས་ཀྱིས་མགྲིན་གཅིག་ཏུ་བསྔགས་པའི་གནས་སུ་གྱུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་ལ་རྟགས་གསལ་གཏོང་བ་འདི་ཆགས་སྡང་གི་གདོན་གྱིས་སྨྱོས་པའི་རོ་ལངས་ངོ་མ་དེ་རེད།
སྤྱི་མཐུས་ལྷན་ཚོགས་ཟེར་བ་དེ་གྲོས་ཚོགས་འཚོགས་པ་ནས་གྲོལ་བའི་བར་ཡིན་པ་མ་གོ་བཞིན་བསྙོན་འདིང་པའི་སྨྱོན་པ་ངོ་མ་དེ་ཡིན་པར་ཐལ། ཁྲིམས་ནང་ལ་སྔར་ནས་བཀོད་ཟིན་ལས་ཟམ་གདོང་རིན་པོ་ཆེས་གསར་བཟོ་མ་ཡིན་བཅའ་ཁྲིམས་ནང་ལྟོས་དང་གསལ་བའི་ཕྱིར། དེར་ཐལ། བཅའ་ཁྲིམས་དོན་ཚན་སོ་བདུན་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། ཞེས་པ་ནས་མར་ཀློག་དང་གསལ་གསལ་ཐིང་ཐིང་ཡིན་པའི་ཕྱིར། སྙིང་རྗེ་ལས་ངན། འཁོར་གསུམ་རང་རེད།
ཁ་ཅིག་ན་རེ། གཞན་ཡང་། གནས་སྐབས་འདིར་ཁྲིམས་ཞིབ་ཁང་མེད་ཟེར་བ་མི་འཐད་དེ། ས་གནས་ཁྲིམས་ཞིབ་ཁང་ཡོད་པའི་ཕྱིར། ཁྱབ་ཏེ། བྱེ་བྲག་གྲུབ་ན་སྤྱི་གྲུབ་དགོས་པའི་ཕྱིར། རྟགས་ཁྱབ་གཉིས་ཀ་ཁྱེད་ལ་ལུང་རིགས་ཚད་མས་གྲུབ། ཧཧཧ།
ཞེས་ཟེར། དབུས་བོད་མིའི་ཁྲིམས་ཞིབ་ཁང་གིས་ཁྲིམས་ཞིབ་པ་མེད་དུས་གནས་སྐབས་འདིར་ཁྲིམས་ཞིབ་ཁང་མེད་པ་མ་ཡིན་པར་ཐལ། འདོད་ན། འཁོར་གསུམ། ས་གནས་ཁྲིམས་ཞིབ་ཁང་གི་དབུས་ཁྲིམས་ཞིབ་ཁང་གི་གོ་ཆོད་པར་ཐལ། འདོད་ན། དབུས་ཁྲིམས་ཞིབ་ཁང་མེད་ན་འགྲིགས་པར་ཐལ། བཙན་བྱོལ་སྒྲིགས་འཛུག་དེ་རིང་ཁར་སང་ཀ་བ་གསུམ་ལྡན་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཀ་བ་གསུམ་ལྡན་མ་ཡིན་པར་ཐལ། ཀ་བ་གཅིག་ཞེན་གོག་དང་དཔུང་བསྒྲིགས་ཀྱིས་བཅགས་ཟིན་ནས་ཀ་བ་གཞན་གཏོར་བ་ལ་ཐག་ཉེ་བོ་བཟོས་ཟིན་པའི་ཕྱིར། མ་མཐོང་ན་ཟེར་ན་མངོན་སུམ་ལ་བསྙོན་མཁན་གྱི་རྒོལ་བ་རང་རེད། བཙན་བྱོལ་གཞུང་གི་གནས་སྟངས་ལ་ཉིན་གཅིག་ལ་བསམ་གཞིག་མེད་པར་བོད་པའི་སྤྱི་ཚོགས་ནང་ལ་གཏོར་བཤིགས་དང་དཀྲུགས་ཤིང་བཟོ་མཁན་རང་རེད། མིང་ལྟོ་དོན་གཉེར་ཅན་ཚོས་ཁྲིམས་དང་སྒྲིགས་གཞི་སྣ་གཅིག་མི་ཤེས་པར་ཤེས་འཆལ་གྲྭ་ས་ནས་རིགས་ལམ་ཁུངས་མ་ཆོད། ཚིག་སྐམ་གཏོང་མཁན་འདིའི་རིགས་ཐེར་འདོན་བྱེད་དགོས།
གཞན་ཡང་། སྤྱི་འཐུས་རྒྱུན་ལས་སྤྱི་མཐུས་ལྷན་ཚོགས་མ་ཡིན་ཏེ། སྤྱི་མཐུས་ལྷན་ཚོགས་ཡིན་མིན་ཁྲིམས་བཟོ་མཁན་གྱི་ལྷན་ཚོགས་ཡིན་མིན་ལ་ལྟ་བ་གང་ཞིག །ཁྱོད་ཚོས་ཁྲིམས་བཟོ་མི་ཆོག་པའི་ཕྱིར་ཟེར། དེ་ལྟར་ན། ཁྲིམས་ཞིབ་པ་གསུམ་ཆོས་ཅན། སྤྱི་མཐུས་ལྷན་ཚོགས་ཡིན་པར་ཐལ། ཁྱོད་ཚོ་ཁྲིམས་བཟོ་ཆོག་མཁན་གྱི་ལྷན་ཚོགས་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་པ་ཡང་དོན་གྱིས་ཁས། ཧཧཧ། འཁོར་གསུམ་ལ་ལན་མེད་དོ།།
ཞེས་ཟེར། སྤྱི་མཐུས་ལྷན་ཚོགས་ཡིན་མིན་ཁྲིམས་བཟོ་མཁན་གྱི་ལྷན་ཚོགས་ཡིན་མིན་ལ་ལྟ་མི་དགོས་པར་ཐལ། འདོད་ན། འཁོར་གསུམ། གལ་ཏེ་མི་དགོས་ཟེར་ན། འོན་ན། ཁྲིམས་ལ་འགྲེལ་བཤད་གནང་བ་དང་ཁྲིམས་བཟོ་བ་གཉིས་དོན་གཅིག་ཡིན་པར་ཐལ། འདོད་པའི་ཕྱིར། འཁོར་གསུམ་རང་རང་རེད། མནོ་བསམ་ཞིབ་ཏུ་བཏང་ན་ཁྲིམས་ཞིབ་པ་བསྐོ་སྐབས་ཁྲིམས་ལུགས་ལ་སློབ་མཐར་ཕྱིན་པའི་ལག་འཁྱེར་མི་དགོས་པར་ཐལ། ཁྲིམས་ལ་འགྲེལ་བཤད་རྒྱགས་ས་མེད་པའི་ཕྱིར། དེར་ཐལ། གང་འགྲེལ་བཤད་བརྒྱབས་པ་དེ་ཁྲིམས་བཟོས་པ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འཁོར་གསུམ་རང་རེད། རོ་ལང་གིས་གཅིག་གཏོར་ཐུབ་པའི་བཟོ་འདྲ་མཐོང་དུས་འདྲ་ཆགས་ཆགས་བཤད་ནས་རིགས་ལམ་མཐའ་མ་ཆོད་བ་ཅིག་གཏོང་ཁུལ་གྱིས་སྐྱེ་བོ་ཕལ་པ་མགོ་སྐོར་བསམ་ཡང་ཡི་མུག་པ་ཞིག་རེད་འདུག སྙིང་རྗེ། ཨ་རོ་དེ་ཚོ་མགོ་འཁོར་མདོག་ཁ་བོ་རེད། དེ་སྔ་དེ་ག་རང་ལ་སོང་བ་རེད། ཁྱོད་སྐབས་ཚོལ་བ་མགོ་བདེ་བོ་ཞིག་རེད། མའོ་ཙེ་ཏུང་ནས།
Motsetungརིགས་ལམ་གྱི་འགྲོས་ཙམ་ཡང་མི་ཤེས་པར་རྟགས་གསལ་ཟེར་བ་དེ་གཏོང་ན་རང་མདོག་སྟོན་བྱེད་ཙམ་རེད། ཁྲིམས་ཞིབ་པ་ལ་ཁྲིམས་བཟོ་ཆོག་པའི་དབང་ཚད་ཁྲིམས་ཀྱིས་སྤྲད་པ་རེད། རྒྱུན་ལས་ལ་མ་སྤྲད་པ་རེད། མང་པོ་བཤད་ན་གོ་ཚོད་ཀྱང་མི་འདུག་ལ་བཤད་ཚོད་ཀྱང་མི་འདུག །