ཁ་བའི་རྣམ་ཤེས།
མེ་ཏོག་གངས་ལ་ཕོག་པའི་ལྷ་སྐལ་ཡིན།།
འཕགས་པ་ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་ཡིན།།
སྙིང་རྗེ་འཛད་མཐའ་མེད་པའི་གཏེར་ཆེན་ཡིན།།
སངས་རྒྱས་སླར་ཡང་མི་ཡུལ་བྱོན་པ་ཡིན།།
དབུ་ནག་བོད་པ་ཚང་གི་སྐྱབས་མགོན་ཡིན།།
རྐང་གཉིས་ཐེར་འབུམ་བདུན་གྱི་སྤྱི་ནོར་ཡིན།།
ཁམས་གསུམ་འགྲོ་བ་ཀུན་གྱི་མཛའ་བོ་ཡིན།།
མདོ་སྔགས་བསྟན་པ་ཡོངས་ཀྱི་བདག་པོ་ཡིན།།
འཇིག་རྟེན་ཆོས་ལུགས་ཀུན་གྱི་གཙུག་རྒྱན་ཡིན།།
ཞི་བའི་ལམ་ཆེན་སྟོན་པའི་དེད་དཔོན་ཡིན།།
ཆོས་ཚན་ཟུང་འབྲེལ་ཤིང་རྟའི་སྲོལ་འབྱེད་ཡིན།།
ལུགས་གཉིས་ཡོངས་སུ་མཁྱེན་པའི་མཁས་པ་ཡིན།།
རྒྱལ་བའི་བཀའ་བཞིན་སྒྲུབ་པའི་བཙུན་པ་ཡིན།།
མི་ཆོས་ཀུན་དང་མཐུན་པའི་བཟང་པོ་ཡིན།།
ལྟ་གྲུབ་ཀུན་ལ་མཁས་པའི་སློབ་དཔོན་ཡིན།།
དམངས་ཀྱི་བདེ་སྡུག་ཚོར་བའི་དཔོན་པོ་ཡིན།།
མེས་པོའི་དབུ་འཕང་བསྟོད་པའི་དཔའ་བོ་ཡིན།།
ལྷད་མེད་བརྩེ་སེམས་ཅན་གྱི་ཕ་མ་ཡིན།།
གདོད་མའི་རྒྱལ་ས་ཟིན་པའི་གྲུབ་ཐོབ་ཡིན།།
ཐར་པའི་ལམ་ཆེན་སྟོན་པའི་ས་མཁན་ཡིན།།
མ་རིག་མུན་པ་སེལ་བའི་སྒྲོན་མེ་ཡིན།།
བློ་གྲོས་པད་མོ་འབྱེད་པའི་ཉི་མ་ཡིན།།
ཉོན་མོངས་ཚ་གདུང་འཇོམས་པའི་ཟླ་བ་ཡིན།།
མཆོག་ཐུན་དངོས་གྲུབ་སྩོལ་བའི་ནོར་བུ་ཡིན།།
སྡུག་བསྔལ་གཅོང་ནད་གསོ་བའི་སྨན་པ་ཡིན།།
དམ་ཆོས་ཆར་ཆེན་འབེབས་པའི་ཆུ་འཛིན་ཡིན།།
གཏིང་དཔོག་དཀའ་བ་མཁྱེན་པའི་རྒྱ་མཚོ་ཡིན།།
དུས་ལས་མི་ཡོལ་འཕྲིན་ལས་རླབས་ཕྲེང་ཡིན།།
ལེགས་བཤད་རིན་ཆེན་དབྱིག་གི་ཕྱེ་མ་ཡིན།།
ཀུན་བཟང་ཆོས་སྐུ་ནམ་མཁའི་ངོ་བོ་ཡིན།།
བདེ་ཆེན་ལོངས་སྐུ་ཉི་གཞོན་འབར་བ་ཡིན།།
སྣ་ཚོགས་སྤྲུལ་སྐུ་གང་འདུལ་འཇའ་ཚོན་ཡིན།།
འཇའ་ཚོན་རྟེན་འབྲེལ་ཚོགས་ན་འཆར་བ་ཡིན།།
རྟེན་འབྲེལ་འཕྱུག་པར་མ་བྱེད་རྩམ་ཟན་ཚོ།།
སྨྲས་པ།
མགོན་སྐུ་ཚེ་བརྟན་པའི་སྨོན་ལམ་ཞུ།།
བོད་པུར་རྒྱལ་དར་བའི་སྨོན་ལམ་ཞུ།།
ལྷོ་འཛམ་གླིང་ཞི་བདེའི་སྨོན་ལམ་ཞུ།།
མ་འགྲོ་ཀུན་བདེ་བའི་སྨོན་ལམ་ཞུ།།
སྨོན་འདུན།
མགོན་སྐུ་ཚེ་བརྒྱ་དང་ཉེར་ལྔ་བཞུགས་པའི་སྨོན་འདུན་ཞུ། །
བོད་གངས་ཅན་ཆོས་སྲིད་སྲི་རྩེར་དར་བིའ་སྨོན་འདུན་ཞུ། །
ས་གོ་ལའི་མི་ཀུན་མཐུན་འབྲེལ་འོངས་བའི་སྨོན་འདུན་ཞུ། །
མ་འགྲོ་དྲུག་ཡིག་གི་དྲུག་མས་འདྲེན་པའི་སྨོན་འདུན་ཞུ། །
ཆོས་སྲིད་བཟུང་དུ་འབྲེལ་བ་མེས་སྤོའི་སྲོལ།
སྲོལ་བཟང་རྒྱུད་ནས་བོད་ཀྱི་བསྟན་སྲིད་དར།
དར་བ་ཡུན་དུ་གནས་པ་བོད་མིའི་འགན།
འགན་འཁུར་འོག་ནས་རྒྱལ་བའི་བཀའ་དགོང་སྒྲུབས།