—-དགེ་འདུན་ཕུན་ཚོགས།
༼བོད་ནས་འབྱོར་བའི་གནས་ཚུལ་ཁུངས་ལྡན།༽
ཤེས་གསལ་ལྟར་བླ་བྲང་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་འཇིགས་མེད་རྒྱ་མཚོའམ་ཡོངས་གྲགས་འཇིགས་མེད་མགོ་རིལ་ལགས་སུ་རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་བརྒྱུད་མ་བཅུག་པར་ལོ་ལྔའི་ཁྲིམས་ཆད་བཅད་ཡོད་པ་ནི་ཡོངས་གྲགས་ཞིག་ཡིན། ཁྲིམས་ཆད་བཅད་རྗེས་ཟླ་རེ་ལ་ཐེངས་རེར་ནང་མི་ཐུགས་འཕྲད་དུ་འགྲོ་ཆོག་ནའང་། ཐུག་འཕྲད་སྐབས་ཟ་མ་བསྐྱལ་འཇུག་གི་མེད་པ་མ་ཟད་ཁ་པར་བརྒྱུད་སྐར་ཆ་ཉི་ཤུ་རེ་མ་གཏོགས་སྐད་ཆའང་བཤད་འཇུག་གི་མེད།
དེ་ལྟ་ནའང་། ཕྱི་ལོ༢༠༡༦ཕྱི་ཟླ་༢པའི་ནང་ནང་མི་ཐུག་འཕྲད་བྱེད་བཅུག་མེད་པས། ༢༠༡༦ཕྱི་ཟླ་༡ པོའི་ཚེས་༢༥ ཉིན་གྱི་ཐུག་འཕྲད་ནི་ནང་མི་ཐུག་འཕྲད་མཐའ་མ་དེ་ཆགས་ཡོད་འདུག ༢༠༡༦ཕྱི་ཟླ་གསུམ་པའི་ཟླ་མགོར་ཁྲིམས་ཁང་མི་སྣས་ཨ་ཁུ་འཇིགས་མེད་ད་ལྟ་སྨན་ཁང་ནང་(དེ་ནི兰州大厦平监狱医院 ཞེས་པ་བཙོན་མའི་སྨན་ཁང་དེ་ཡིན་པ་རེད)ཁྲིད་ཡོད་པའི་གནས་ཚུལ་ཞིག་ནང་མི་ལ་ཁ་པར་བརྒྱུད་ནས་བརྡ་འབྱོར། ནང་མིས་ཁོང་ལ་ན་ཚ་ཅི་ཡོད་དྲིས་པ་ན། གནས་སྟངས་ཛ་དྲག་མིན་པས་སེམས་འཁྲལ་མི་དགོས་ཚུལ་བཤད་འདུག
ཡིན་ནའང་། ཕྱི་ཟླ་དང་པོའི་ཟླ་མཇུག་ལ་ནང་མི་ཐུག་འཕྲད་སྐབས་ཨ་ཁུ་འཇིགས་མེད་རང་གིས། ང་སྨན་ཁང་ལ་ཁྲིད་རྒྱུ་ཡིན་པའི་སྐད་ཆ་ཞིག་འདུག་པས་དེ་ལ་དོ་སྣང་གྱིས་ཞེས་དངོས་སུ་གསུངས་འདུག་པ་དང་། དེ་དུས་ན་ཚ་འདི་ཡོད་ཟེར་བ་བཤད་རྒྱུ་མེད་པས་ནང་མི་ཚོས་ཁོང་བཙོན་གྲོལ་ཐོབ་ལ་ཉེ་བའི་སྐབས་འདིར་སྨན་ཁང་ལ་ཁྲིད་པར་བློ་དོགས་དང་སེམས་འཁྲལ་འཕར་མ་བྱེད་ཀྱི་འདུག
སྤྱིར་བཏང་ངལ་རྩོལ་བའི་ལས་ཀའི་སྐར་མ་བསགས་ནས་བཙོན་འཇུག་གི་དུས་ཡུན་ཉུང་འཕྲི་བྱེད་ལུགས་ཤིག་ཡོད་པ་ལྟར། ལག་ལེན་དགོས་ལུགས་ཞེས་ཨ་ཁུ་འཇིགས་མེད་ཀྱིས་ཁྲིམས་ཁང་མི་སྣར་ཞུས་ཀྱང་དེ་ལ་ཉན་འཇོག་བྱས་མི་འདུག གལ་སྲིད་དེ་ལག་ལེན་བྱས་ཚེ༢༠༡༦ཕྱི་ཟླ༢པའི་ནང་བཙོན་གྲོལ་དང་། དེ་ལྟར་མ་བྱུང་ནའང་ཕྱི་ལོ༢༠༡༦ ཕྱི་ཟླ་དགུ་བའི་ནང་ལོ་ལྔའི་ཁྲིམས་ཆད་ཀྱི་དུས་ཡུན་ཡོངས་སུ་རྫོགས་འགྲོ་གི་ཡོད། དེར་བརྟེན་ཕྲན་གྱིས་གནས་ཚུལ་དེ་གལ་ཆེར་བརྩིས་ནས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསལ་བསྒྲགས་འདི་བྱས་པ་ཡིན།
ཨ་ཁུ་འཇིགས་མེད་ཁོང་༢༠༡༡/༨/༢༠ ཉིན་འཛིན་བཟུང་བྱས་པ་ནས་བཟུང་ལོ་གསུམ་རིང་ཁྲིམས་ཆད་མ་བཅད་པར་སྨན་ཁང་སོགས་སུ་གསང་བའི་སྒོ་ནས་བཀག་སྡོམ་བྱས་པ་དང་། ༢༠༡༤ཕྱི་ཟླ་བརྒྱུད་པའི་ནང་དངོས་སུ་ལོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་རེད། དེ་ནི་ཁོང་བཙོན་འཇུག་བྱེད་ཐེངས་བཞི་བ་དེ་ཡིན།
གོང་གསལ་གནས་ཚུལ་འདི་ཨ་ཁུ་འཇིགས་མེད་ཀྱི་དགེ་ཕྲུག་ཕྲན་དགེ་འདུན་ཕུན་ཚོགས་ཀྱིས་ཕྱི་ལོ༢༠༡༦/༣/༨ཉིན་སྤེལ།
འོས་བསྡུ་དང་འོས་སློང་གི་འབོད་སྒྲ་དང་འགྲན་རྩོད་ཁྲོད་ནས་གཞིས་ལུས་མི་དམངས་སྤྱི་དང་ལྷག་པར་དུ་བཙོན་གྱི་མནར་གཅོད་འོག་འཚོ་བའི་རྒྱལ་གཅེས་དཔའ་བོ་ཚོ་བརྗེད་མི་རུང་། ལྷག་པར་དུ་ཁོང་རྣམ་པའི་སྡུག་བསྔལ་དང་མྱ་ངན་གྱི་ནང་དུ་ང་ཚོའི་རང་བསྟོད་དང་རང་བསྔགས་ཀྱི་དགའ་འབོད་སྨྱོ་བ་ལྟར་བྱེད་པ་འདི་དངོས་གནས་མ་རུང་བ་རེད།
མྱུར་བར་བཙོན་ལས་ཐར་བར་སྨོན། སེམས་གཏིང་ནས་ཁྱོད་ལ་གུས་ཞབས་ཡོད།