ཨེ་མ་ཧོ།
ན་མོ་གུ་རུ་དྷརྨཱ་སངྒྷ་ཡེ།
ཀ་དག་སྤྲོས་བྲལ་ཆོས་དབྱིངས་རང་རྩལ་གྱི་ཞིང་ནས།།
ལྷུན་གྲུབ་འོད་གསལ་ཁྱབ་བརྡལ་ལོངས་སྤྱོད་ཀྱི་རྫོགས་སྐུ།།
ཟུང་འཇུག་ཡན་ལག་བདུན་ལྡན་སྤྲུལ་སྐུ་རུ་བྱོན་པའི།།
ངེས་དོན་སྟོན་འཁོར་རྒྱ་མཚོ་སྙིང་དབུས་ནས་དྲན་བྱུང་།།
ཀུན་བཟང་རྡོ་རྗེ་འཆང་དབང་རིག་བདག་གི་བླ་མ།།
མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་བརྒྱུད་གསུམ་གྱི་ཡང་སྙིང་།།
དད་དམ་འགྱུར་བ་མེད་པའི་ཆོས་མཆེད་ཀྱི་དུང་སེམས།།
ནམ་ཡང་ཉམས་ཆག་མེད་པའི་དགའ་སྟོན་དེ་དྲན་བྱུང་།།
འཇའ་ལུས་འཕོ་ཆེན་གྲོལ་བའི་རྫོགས་ཆེན་གྱི་འདས་རྗེས།
སྒྱུ་ལུས་བདེ་ཆེན་འདྲེན་པའི་ཕྱག་ཆེན་གྱི་མན་དག།
རང་ལུས་སྙིང་པོ་ལོན་པའི་ཐེག་ཆེན་གྱི་གདམས་ངག།
རྨད་བྱུང་དམ་པའི་ཆོས་ཀྱི་སློབ་དཔོན་དག་དྲན་བྱུང་།།
བླ་མ་དམ་པའི་བཀའ་དྲིན་གཞལ་མེད་དེ་དྲན་བྱུང་།།
ཡི་དམ་རྒྱ་མཚོའི་བྱིན་རླབས་དངོས་གྲུབ་དེ་དྲན་བྱུང་།།
མཁའ་འགྲོ་མཆེད་ལྕམ་དུང་བའི་བརྩེ་ཆེན་དེ་དྲན་བྱུང་།།
དྲན་པའི་ཀུན་བཟང་མེ་ལོང་རིག་འཛིན་གྱི་ཐུགས་དམ།།
གོ་ལ་རྡུལ་ཕྲན་འདྲ་བའི་མཐོ་སྒང་ན་གནས་པའི།།
སེམས་ཅན་ཀུན་འབྱུང་ལས་ཉོན་རང་དག་ཏུ་སོང་བས།།
རྣམ་དཔྱོད་ལེགས་པའི་བཙན་ས་བདེ་མྱུར་ཏུ་ཕྱིན་ནས།།
སྣང་སྲིད་དག་པ་རབ་འབྱམས་ལོངས་སྤྱོད་དུ་སྨོན་ནོ།།
ཞེས་པ་རབ་རྒྱན་ཤིང་རྟའི་ས་ག་ཟླ་བའི་དབང་ཚེས་དགེ་བར་གསེར་ལྗོངས་ལི་མདོའི་ནང་བསྟན་སློབ་གླིང་གི་འཕྲིན་ཕྲན་དུ་དབྱིན་ཡུལ་ཡེ་ཤུའི་དཔལ་རིན་གཙུག་ལག་ཁང་ཆེན་ནང་གང་ཤར་ཏུ་ཆོས་མཆེད་རྣམ་པར་ལེགས་སྐྱེས་སུ་ཤྲྰི་སྨྱོན་ཨེ་མ་ཧོས་གུས་པས་ཕུལ་བར་དགེའོ།། །།
གོ་ལའི་ས་ཁྱོན་ལས་མི་འབོར་མང་། །
གོ་ལའི་སྲོག་ཆགས་ལས་རྡུལ་མཚོན་མང་། །
གོ་ལའི་བདེ་སྐྱིད་ལས་ནད་མུག་མང་། །
གོ་ལའི་ཞི་བདེ་ལས་སྡུག་བསྔལ་མང་། །
མི་འབོར་འཕེལ་རིམ་ཉུང་འགྱུར་ཅིག །
མི་དང་དུད་འགྲོ་བདེ་འགྱུར་ཅིག །
དམག་འཁྲུགས་འབྱུང་འཁྲུགས་ཞི་འགྱུར་ཅིག །
ཞི་བདེའི་ཀུན་སྙོམ་འཕེལ་འགྱུར་ཅིག །