ཨ་མྱེས་ཚོས་ཟེར་ན
གངས་རི་ལ་ཉི་མ་ནག་པོ་ཕོག་པའི་ལོ་ནག་དེར
ཁྱེད་རང་ སློག་པ་སྐྱ་བོ་དེ་གོན་ནས
མཁྱེན་བརྩེའི་རི་རབ་ཀྱིས་བརྒྱན་ནས
མངོན་ཤེས་ཐོགས་མེད་དུ་བོད་ནས
ཕྱིར་ བྱམས་པ་གླིང་ལ་ལོག་སོང་ཟེར
ཨ་མྱེས་ཚོས་ཟེར་ན
ཁྱེད་ནི་དབྱར་གྱི་དྲག་ཆར་དང་
དགུན་གྱི་བུ་ཡུག
སྟོན་གྱི་བ་མོ
དཔྱིད་ཀྱི་མུ་གེའི་ཁྲོད
ནམ་ཡང་སེམས་པ་ཞུམ་མ་མྱོང་བའི
དབྱངས་གསལ་སོ་བཞིའི་ལྡུམ་རྭ་ནས
ཤེས་རིག་གི་ཁོ་ལག་རྒྱས་པའི་གཡུ་སྦྲང་ཆུང་ཆུང་ཞིག
ཨ་མྱེས་ཚོས་ཟེར་ན
ཁྱེད་ཀྱི་བརྗིད་ཆེ་བའི་མཚན་དཔེ་བཟང་པོ
སྙན་སྤྲོ་བའི་གསུང་དབྱངས་མ་ལུས
བརྩེ་ཆེ་བའི་མཁྱེན་པའི་ཡེ་ཤེས
ད་དུང་ ཁྱེད་ཀྱིས་འཇིག་རྟེན་གྱི་ཤོག་ལྷེ་རྙིང་པ་ཞིག་གི་སྟེང་ན་བཀོད་པའི
ཚེ་གང་གི་ལོ་རྒྱུས་ཀྱི་གླེགས་བམ་འདི་གླེང་ཁར
ཁྱེད་ནི་གངས་རི་བསྟན་པའི་ཉི་མ་ཚང་གི
བུ་རྒྱུད་ཡིན་པར་སུས་ཀྱང་རྟོགས
ཨ་མྱེས་ཚོས་ཟེར་ན
ཁྱེད་ནི་ པོ་ཏ་ལ་ལ་སྤྱི་བོས་བཏུད་དེ
ནོར་བུའི་གླིང་ལ་ཞབས་ཀྱིས་བཅགས་་ཏེ
ས་སྐྱ་དགོན་པར་ཕྱག་རྗེེས་བཞག་སྟེ
བསམ་ཡས་དགོན་ལ་བྱིན་རླབས་ཞུས་ཤིང་
བཀྲ་ཤིས་ལྷུན་པོར་སྒྲིབ་པ་སྦྱངས་ཏེ
ཁ་བ་བོད་པ་ཚང་གི་གནའ་རབས་འཛུགས་བསྐྲུན་དགུང་ན་བཏེགས།
ཨ་མྱེས་ཚོས་ཟེར་ན
ཁྱེད་ནི་ནམ་ཡང་ ཁ་བ་བོད་པ་ཚང་གི་ཆོས་ཀྱི་རྒྱལ་མཚན་ཞིག
ཁྱེད་ནི་ནམ་ཡང་ མི་རིགས་རིག་གནས་རྒྱན་དུ་འཛིན་པའི་ཆོས་ཀྱི་རྒྱལ་མཚན་ཞིག
ཁྱེད་ནི་ནམ་ཡང་ ཐབས་མཁས་ཐུགས་རྗེའི་ཀློང་གི་ཆོས་ཀྱི་རྒྱལ་མཚན་ཞིག
ཁྱེད་ནི་ནམ་ཡང་ སྐྱེ་བ་སྔ་ཕྱི་འདྲེན་པའི་ཆོས་ཀྱི་རྒྱལ་མཚན་ཞིག
ཁྱེད་ནི་ནམ་ཡང་ སྨྲ་བསམ་བརྗོད་དུ་དབེན་པའི་ཆོས་ཀྱི་རྒྱལ་མཚན་ཞིག
ཡག་པོ་འདུག་ད།
ཡ་ད་ཐེངས་དྲ་གྲོགས་མི་ཉག་གིས་ རང་མོས་ཡག་པོ་ཞིག་བྲིས་འདུག་ ངོ་མ་སྙན་ངག་ཟེར་ནོ་བྲིས་འདུག་ཡ ཐེངས་འགར་བཀླགས་ཡིན་
དྲ་གྲོགས་གཉིས་ཕེབས་བ་ཙམ་མ་ཡིན་པར་བདག་གི་རྙན་རྩོམ་གྱིས་ཚུལ་དུ་བཀོད་པའི་རང་མོས་སྙན་ངག་འདི་ལ་དགའ་སྣང་ཡོད་པར་ཤིན་ཏུ་དགའ།