༼འདི་ནི་བོད་ནས་ཕྱིར་བསྐྱོད་ལག་ཁྱེར་མེད་པར་གངས་རི་བརྒལ་ཏེ་རྒྱ་གར་དུ་ཡོང་མཁན་ཚོ་ལ་དྲན་རྟེན་དུ་ཕུལ་བ་ཡིན།༽
སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན།
བྱང་ཆུབ་སེམས་དཔའི་སྡེ་སྣོད་རྣམས་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་ནོར་བཟང་གིས་དགེ་བའི་བཤེས་གཉེན་བཙལ་བ་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་དགེ་བའི་བཤེས་གཉེན་བཙལ་བའི་རྣམ་ཐར་ལྟ་བུ་ལ་བལྟས་ན། ཁོ་བོའི་ལོ་རྒྱུས་ལ་གླེང་རིན་གང་ཡང་མེད་མོད། འོན་ཀྱང་དེང་སང་གི་སྐྱེ་བོ་ཆོས་དང་བླ་མའི་ཕྱོགས་ལ་ལེ་ལོ་དང་གཡེལ་ཆུང་བྱེད་མཁན་ཚོར་བལྟས་ན། ཁོ་བོས་དགེ་བའི་བཤེས་གཉེན་བཙལ་བའི་ལོ་རྒྱུས་ཡང་གླེང་ཆོག་ཙམ་ཡོད་པས། འདིར་རང་གི་ལོ་རྒྱུས་ལས་བླ་མ་སྤྱན་རས་གཟིགས་དབང་མཇལ་དུ་ཕྱིན་པའི་ལོ་རྒྱུས་ཁོལ་དུ་ཕྱུངས་ཏེ། དོན་གཉེར་ཅན་རྣམས་ཀྱི་མིག་ལྟོས་སུ་དེབ་ཆུང་འདིའི་ཟུར་རྒྱན་དུ་བཀོད་པ་ཡིན།
དེ་ཡང་ཁོ་བོ་བོད་དུ་སྡོད་སྐབས། ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དང་། མཁན་ཆེན་ཕྲིན་ལས་དབང་རྒྱལ། མཁན་ཆེན་པདྨ་དབང་རྒྱལ། མཁན་ཆེན་པདྨ་ཚེ་དབང་སོགས་ཀྱི་དྲུང་དུ་གདམས་ངག་ཞུ་བར་ཕྱིན་སྐབས། དེང་སྐབས་ལྟར་གནམ་གྲུ་དང་སྤྱི་སྤྱོད་རླངས་འཁོར་སོགས་ཀྱི་ནང་ནས་འགྲོ་ཆོག་ཆོག་དང་། ཟ་མ་ཟ་ཁང་ནས་ཟ་ཆོག་ཆོག ཉལ་ས་མགྲོན་ཁང་དུ་སྡོད་ཆོག་ཆོག་མིན་ཞིང་། དེ་འདྲའི་མཐུན་རྐྱེན་གྱི་དངུལ་ཡང་མེད་སྟབས། མང་ཆེ་བར་དབྱུག་པ་ལག་ཏུ་བཟུང་། རྩམ་ཁུག་རྒྱབ་ཏུ་ཁུར། ལོ་ཆུང་ཡང་མཚན་མོར་ས་སྟོང་ནས་འདྲེ་དང་གཅན་གཟན་ལ་སྐྲག་ཞོར་དུ་གཅིག་པུར་ཉལ་ཏེ། ལམ་ཐག་རིང་པོར་དཀའ་བ་ཚད་མེད་སྤྱད་ནས་སོང་བ་ཡིན་ཡང་། ཡིག་ཚོགས་ལ་འཇིགས་པས་དེ་རིང་འདིར་དེ་ཚོ་རེ་རེ་ནས་བརྗོད་རྒྱུ་མིན།
འདིར་དམིགས་བསལ་གྱིས་ཕྱི་ལོ་༡༩༩༦ལོར་བོད་ནས་དཀའ་སྡུག་སྟོང་ཕྲག་ཁྱད་དུ་བསད་དེ།
ཟླ་གཅིག་ལྷག་གི་རིང་རྐང་འགྲོས་ཀྱིས་རི་བོ་ཧི་མ་ལ་ཡ་འཕྲེད་དུ་བཅད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་མཇལ་དུ་སོང་བའི་ལོ་རྒྱུས་མདོ་ཙམ་བརྗོད་ན།
དེ་ཡང་ཁོ་བོ་བྱིས་པ་ལོ་བརྒྱད་ཟིན་ཙམ་གྱི་དབྱར་དུས་ཞིག་ལ། ང་ཚོའི་འབྲོག་སྡེ་རྣམས་དར་སྟོད་རྫ་རིང་ཟེར་བའི་ས་རུ་དབྱར་ས་བྱས་ནས་སྡོད་སྐབས། གནས་སྐོར་བའི་ཨ་སྐྱོ་འཁྱམས་པོ་ཞིག་བྱུང་སྟེ་ངེད་ཚང་ལ་ཉིན་ཤས་བསྡད་སོང་ཞིང༌། ངེད་ཚང་གི་ནང་མི་རྣམས་ཀྱིས་གུས་བཀུར་ཚད་མེད་བྱེད་ཀྱི་འདུག ཨ་སྐྱོ་བ་དེས་ངའི་ལག་པ་ཆུང་ཆུང་གཉིས་ཁོང་གི་དབུ་ཐོག་ཏུ་བཞག་ནས་སྤྱན་ཆབ་བསིལ་ཞིང་། བུ་རིགས་ཡག་འདི་འདྲ་ཞིག་ངས་ད་བར་མཐོང་མ་མྱོང༌། འདིའི་སྲུང་འཁོར་ནང་དུ་ཆུགས་གསུངས་ནས་སྐུ་པར་ནག་པོ་ཆུང་ཆུང་གཉིས་སྤྲད་བྱུང་བའི་གཅིག་ནི། འཕགས་པ་སྤྱན་རས་གཟིགས་མིའི་གཟུགས་སུ་བྱོན་པ། རྒྱ་གར་གྱི་རྒྱལ་བ་རིན་པོ་ཆེ་བསྟན་འཛིན་རྒྱ་མཚོ་དང༌། གཅིག་ནི་རྒྱལ་ཆེན་རྣམ་ཐོས་སྲས་རེད་གསུངས།
ངས་རྒྱ་གར་གྱི་རྒྱལ་བ་རིན་པོ་ཆེ་བསྟན་འཛིན་རྒྱ་མཚོ་ཟེར་བ་སུ་ཡིན་མི་ཤེས་ཀྱང༌། སྐུ་པར་དེ་མཐོང་བས་དད་པ་བསམ་གྱིས་མི་ཁྱབ་པ་ཞིག་བྱུང༌། རྗེས་སུ་སྐུ་པར་དེ་རང་གི་མགོ་ལ་བཞག་ནས། རྒྱ་གར་གྱི་རྒྱལ་བ་རིན་པོ་ཆེ་བསྟན་འཛིན་རྒྱ་མཚོ་མཁྱེན་ཞེས་གསོལ་བ་མང་པོ་བཏབ་དུས། བྱིས་པ་ཡིན་རུང་དད་པའི་ཤུགས་ཀྱིས་ཐེངས་ཁ་ཤས་ལ་མིག་ཆུ་འཐོར་བ་བྱུང༌།
དེར་བརྟེན་༡༩༩༨ལོར་ངས་རྒྱ་གར་དུ་བྲིས་པའི་ཐམས་ཅད་མཁྱེན་པའི་རྟོགས་བརྗོད་དེའི་ནང༌། གང་ཚེ་ཁོ་བོ་བྱིས་པ་ཆུང་ངུ་ན།། སྨུག་སྤྲིན་སྔོན་པོས་གཡོག་པའི་རྫ་རི་དག། ཤིན་ཏུ་མཛེས་པས་ཡིད་འཕྲོག་དར་ཡུལ་སྟོད།། རྫ་རིང་ཞེས་པའི་གནས་སུ་ལོ་མང་བསྡད།། སྐབས་ཤིག་ངེས་མེད་འཁྱམས་པའི་སྡོམ་བུ་བ།། ཆོས་མཐུན་སློང་མོས་འཚོ་བ་ཞིག་བྱུང་ནས།། ཕྲུ་གུ་འདི་ཡི་ལུས་ལ་འདི་ཆོངས་ཞེས།། འཇིག་རྟེན་བླ་མའི་སྐུ་ཡི་སྣང་བརྙན་བཏད།། མཚན་རྫོགས་སྐུ་ཡི་དཀྱིལ་འཁོར་མ་མཐོང་ཞིང༌།། གསང་བ་གསུམ་གྱི་ཡོན་ཏན་མི་ཤེས་ཀྱང༌།། དང་པོའི་རྟེན་འབྲེལ་ལེགས་པའི་ཕྱོགས་སོང་སྟེ།། མང་དུ་ངུ་བའི་མོས་གུས་བདག་གིས་རྙེད།། དེ་ནས་བཟུང་སྟེ་བསྟན་འཛིན་རྒྱ་མཚོ་ཞེས།། གདུང་བའི་ཡུས་དང་བཅས་པའི་སྙིང་དབུས་ན།། འདི་ཕྱིའི་སྐྱབས་སུ་ངེས་པར་སེམས་པ་ཡིས།། རེ་བའི་མིག་འབུར་ནམ་ཡང་ཟུམ་པ་མེད།། ཅེས་པ་འདི་བྲིས་པ་ཡིན།
དེ་ནས་རིམ་གྱིས་ནར་སོན་ཏེ་རང་ལོ་ཉི་ཤུ་ལ་སླེབས་པ་རབ་བྱུང་བཅུ་བདུན་པའི་ས་འབྲུག་ཕྱི་ལོ་༡༩༨༨ལོར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་རྒྱུ་གཙོ་བོ་བྱས་པའི་ཐོག རྒྱ་གར་གནས་ཆེན་རྣམས་ལ་མཇལ་སྐོར་སོགས་ཀྱི་ཆེད། ནང་མི་སོགས་ཀྱིས་བཤོལ་ཅི་ལྟར་བཏབས་ཀྱང་མ་ཉན་པར་རང་ཉིད་གཅིག་པུ་རྒྱ་གར་དུ་འགྲོ་རྒྱུར་ཐག་བཅད་པ་ཡིན་ཡང་། དགོན་པ་ནས་དར་ལག་རྫོང་དུ་སླེབས་སྐབས་གཞན་གྱིས་ཕྲ་མ་བྱས་རྐྱེན་ངའི་གཅེན་པོ་རྫོང་ཉེན་རྟོག་ལས་ཁུངས་ཀྱིས་བཀག་ཉར་བྱས་ཏེ། ང་ལྷ་ས་ཡན་ཆད་དུ་མི་འགྲོ་བའི་མཛུབ་ཐེལ་རྒྱག་དགོས་བྱུང་ཞིང༌། གལ་ཏེ་ང་རྒྱ་གར་དུ་བྲོས་ཤོར་ན་གཅེན་པོ་བཙོན་ཁང་དུ་འགྲོ་རྒྱུའི་དཔང་ཡིག་འབྲི་དགོས་བྱུང་བར་བརྟེན།
སྐབས་གཅིག་ལ་ང་རྒྱ་གར་དུ་འགྲོ་རྒྱུའི་བསམ་བློ་མཚམས་འཇོག་མི་བྱེད་ཐབས་མེད་བྱུང་བས་ལྷ་ས་དང་། བསམ་ཡས། ཚེ་རིང་ལྗོངས་སོགས་སུ་མཇལ་སྐོར་བྱས་རྗེས། ཁམས་རྫ་ཆུ་ཁའི་ཕྱོགས་སུ་སློབ་གཉེར་ལ་ཕྱིན་པ་ཡིན།
དེ་རྗེས་ལོ་གང་མང་ཞིག་ལ་ང་ཡང་བོད་ནང་གི་བོད་མི་བྱིངས་དང་འདྲ་བར་བོད་ལ་རང་དབང་རང་བཙན་མགྱོགས་པོར་ཐོབ་རྒྱུ་དང་། ༧གོང་ས་ཆེན་པོ་ཕྱིར་བོད་དུ་ཆིབས་བསྒྱུར་བསྐྱང་ཐུབ་རྒྱུའི་རེ་བ་བྱས་ཏེ་བསྡད་ཀྱང་། རིམ་གྱིས་བོད་ལ་རང་དབང་ཐོབ་རྒྱུ་དང་། ༧གོང་ས་ཆེན་པོ་ཕྱིར་ཕེབས་རྒྱུ་ནི་དེ་འདྲའི་ལས་སླ་པོ་ཞིག་མིན་པར་ཤེས་ཤིང་། མདོ་སྡེ་དཀོན་མཆོག་བརྩེགས་པ་དང་།
བཀའ་གདམས་ཕ་ཆོས་སོགས་ལས་བོད་གངས་ཅན་གྱི་ལྗོངས་འདི་དམིགས་བསལ་གྱིས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ཡིན་པར་གསུངས་པ་ལྟར། འཕགས་མཆོག་སྤྱན་རས་གཟིགས་དབང་མིའི་གཟུགས་ཀྱིས་ཕེབས་པའི་བླ་མ་འདི་བོད་མི་ཡོངས་ཀྱི་དམིགས་བསལ་གྱི་ལྷ་སྐལ་དང་། བླ་མའི་སྐལ་བ་ཡིན་པས་འདི་ཉིད་ཀྱི་གསེར་ཞལ་ཐེངས་གཅིག་མཇལ་མ་ཐུབ་ན་རང་ཉིད་མི་ལུས་བླངས་ཡང་སྙིང་པོ་མེད་པར་ཤེས་པ་དང་། ༧གོང་ས་མཆོག་ཀྱང་དགུང་གྲངས་མཐོན་པོར་ཕེབས་ཡོད་པས་མགྱོགས་པོར་མཇལ་ཐུབ་པ་བྱེད་རྒྱུ་གལ་ཆེ་ཞིང་། རང་ཉིད་ཀྱང་ལོ་གཞོན་ཞིང་གཟུགས་སྟོབས་བཟང་བས། གངས་བྲག་འབབ་ཆུ་སོགས་ཀྱི་དཀའ་ངལ་གང་ཡོད་ལ་གདོང་ལེན་བྱེད་ཐུབ་པའི་ཚད་དུ་སླེབས་ཡོད་སྟབས་རྒྱ་གར་དུ་འགྲོ་རྒྱུའི་ལྟ་གོན་ཐེངས་གཉིས་པ་བྱས་པ་ཡིན།
རང་ལོ་ཉེར་བརྒྱད་ལོན་པ་མེ་ཕོ་བྱི་བའི་ལོའི་བོད་ཟླ་བདུན་པའི་ཚེས་ཉི་ཤུ། ཕྱི་ལོ་༡༩༩༦ཟླ་༩ཚེས་༢ཉིན་གྱི་ཞོགས་པ་སྔ་བོར་རང་ཁྱིམ་ནས་དངོས་སུ་ལམ་ལ་བུད་ཅིང༌། སྐབས་དེར་ངའི་ཕ་ཚབ་ཞང་པོ་མཆོག་དགུང་གྲངས་བདུན་ཅུ་དོན་དྲུག་ལ་ཕེབས་པ་དེས་སྐྱེལ་ཐུང་གནང༌། དེའི་ནངས་མོ་ཁ་བ་ཆེན་པོ་བབས་ཡོད་པ་དང་ད་དུང་སྣོད་ཞབས་རྡོལ་བ་ལྟ་བུ་ཞིག་འབབ་ཀྱིན་འདུག ངའི་སེམས་ལ་ཞང་པོ་མཆོག་དང་མཇལ་བའི་ཐ་མ་འདི་ཡིན་ཤས་ཆེ་སྙམ་པའི་དོགས་པ་ཞིག་ཡོད་ཀྱང་འཁྲེང་ཉམས་མ་བསྟན། རྫོང་རླངས་འཁོར་འབབ་ཚུགས་སུ་སླེབས་སྐབས་སྤྱི་སྤྱོད་རླངས་འཁོར་འགྲོ་རན་པ་དང་ཁེལ་བས་དེའི་ནང་དུ་བསྡད། སྐབས་དེར་ཞང་པོ་མཆོག་དང་ཨ་མ། ད་དུང་རང་ཉིད་ལ་བརྩེ་བ་ཟབ་པའི་བུ་མོ་འགའ་ཞིག་དང་ཨ་གསར་གྱི་སྐབས་སུ་འབྲལ་དགོས་བྱུང་བར་སེམས་ཧ་ཅང་འཁྲེང་ཡང༌། དགེ་ཆོས་རིན་པོ་ཆེས་མཛད་པའི། མ་ཆགས་པདྨའི་སྤྱན་ལྡན་ལྷ་མིའི་གཉེན།། སྲིད་པས་མཆོད་འོས་བསོད་ནམས་སྟོང་གི་སྐུ།། ཤིན་ཏུ་རྣམ་དག་གསེར་གྱི་འོད་འབར་བ།། མཉན་ཡོད་བཞུགས་པ་དེ་ལ་ཕྱག་འཚལ་ལོ།། གང་དུ་བདག་གི་སྟོན་པ་སྐུ་འཁྲུངས་ཤིང༌།། གང་དུ་འདྲེན་པའི་བྱང་ཆུབ་མཆོག་བརྙེས་ཏེ།། འཆི་མེད་ལམ་བསྟན་མྱ་ངན་འདས་པ་ཡི།། རྒྱ་གར་གནས་ཆེན་རྣམས་ལ་ཕྱག་འཚལ་ལོ།། ཞེས་དང༌། ཕྱག་སྟོང་འཁོར་ལོའི་བསྒྱུར་བའི་རྒྱལ་པོ་སྟོང༌།། སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༌།། གང་ལ་གང་འདུལ་དེ་ལ་དེར་སྟོན་པའི།། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ཞེས་བྱ་བ་རྣམས་བཏོན་ཅིང་སངས་རྒྱས་བཅོམ་ལྡན་འདས་དང༌། ཁ་བ་ཅན་གྱི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ་རྣམས་རྗེས་སུ་དྲན་པའི་ཐལ་མོ་སྦྱར་བཞིན། ཡིད་སྐྱོ་ལྷང་ངེ་བའི་ངང་དུ་ལམ་ལ་ཞུགས་པ་ཡིན།
རིམ་གྱིས་ཟི་ལིང་དང་གོར་མོ་སོགས་བརྒྱུད་དེ་གྲོང་ཁྱེར་ཆེན་པོ་ལྷ་ས་རུ་འབྱོར་ཞིང་། དེ་ནས་ཟླ་གཅིག་ལྷག་གི་རིང་ལ་རྒྱ་གར་དུ་གསང་བྲོས་ཀྱི་ལྟ་གོན་ཚགས་སུ་ཚུད་པ་བྱས། རྒྱ་གར་དུ་འགྲོ་རྒྱུ་ལ་ཉིན་ཉི་ཤུ་ལྷག་ཙམ་ཡོད་སྐབས་སྲིང་ཆུང་བཙུན་མ་ཕུན་ཚོགས་བྱམས་སྒྲོལ་དང་མཇལ་ཏེ་ངེད་གཉིས་མཉམ་པོར་རྒྱ་གར་དུ་འགྲོ་རྒྱུའི་གྲོས་མོལ་བྱས། ཁོ་མོ་ནི་ནག་ཆུ་ས་སེར་གྱི་མི་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང༌། ཐེངས་མང་པོར་ཆོས་བྱ་བའི་དོན་དུ་ཁྱིམ་ནས་བྲོས། མཐར་ཕ་མའི་བཀའ་ལྟར་རྒྱས་པ་འབུམ་པུ་ཏི་བཅུ་གཉིས་པོ་ཚར་གཅིག་བསྐྱར་རྗེས། འབྲས་སྤུངས་སུ་འོང་སྟེ་ལམ་རིམ་རིན་པོ་ཆེ་ངག་དབང་ཕུན་ཚོགས་ཀྱི་དྲུང་ནས་རབ་ཏུ་བྱུང༌། ཆུང་མིང་ལ་ཚེ་བསྟན་སྒྲོལ་དཀར་ཟེར་ཞིང་རབ་བྱུང་གི་མིང་མཁན་པོའི་མཚན་ལས་དྲས་ཏེ་ཕུན་ཚོགས་བྱམས་སྒྲོལ་དུ་བསྩལ། འབྲས་སྤུངས་རི་ཁྲོད་དུ་ཟས་གོས་སྐྱོ་བོའི་ངང་ལོ་བཞི་ལྷག་ལ་མཚམས་དམ་པོར་བསྡད་དེ་སྔོན་འགྲོ་འབུམ་དྲུག་བསྐྱར་བ་དང༌། བྱང་ཆུབ་ལམ་རིམ་ཆེན་མོའི་སྐྱེས་བུ་ཆེན་པོའི་སྐོར་ཡན་ཆད་ལ་ཐོས་བསམ་གནད་དུ་སྨིན་པ་བྱས། འོན་ཀྱང་རྒྱའི་དོ་དམ་རུ་ཁག་གིས། རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་མ་ཞུས་པར་གྲྭ་བཙུན་ཕལ་མོ་ཆེ་གདན་ས་ཁག་ཏུ་སྡོད་མི་ཆོག་པའི་ཁྱབ་བསྒྲགས་བྱས་པ་སོགས་ཀྱིས། སྔར་ནས་རྒྱ་གར་དུ་འགྲོ་རྩིས་བྱས་ཀྱང་ལམ་གྲོགས་མ་རྙེད་པར་བསྡད་ཡོད།
ངེད་ཅག་གི་ལམ་ཁྲིད་པ་དེས་འཁྲིད་རྒྱུ་ཅི་ལོན་བྱས་སྟབས་དངོས་གཞིའི་རྡོག་ཐོན་གྱི་སྐབས་སུ་མི་བཞི་བཅུ་ལྷག་ཅིག་ཡོད་ལ། དེའི་ནང་དུ་གྲྭ་དཔོན་གཡོག་ལྔ་དྲུག་ཅིག་དང༌། ཡུལ་ཤུལ་གྱི་ཕོ་གསར་གསུམ། བཙུན་མ་ཁ་ཤས། ད་དུང་ཕྲུ་གུ་ཉར་རྒྱུ་ཡོད་པའི་བུད་མེད་ཁ་ཤས་དང༌། མ་རྒན་བསྒྲེས་སོང་ཞིག་ཀྱང་ཡོད་པ་རེད། གཞིས་ཀ་རྩེ་སོགས་བརྒྱུད་ནས་འགྲོ་རྒྱུ་དེ་ཉེ་ལམ་ཡིན་ཡང་རྒྱ་དམག་ཕོན་ཆེན་གྱིས་ས་མཚམས་མང་པོར་བཀག་ཡོད་པས་འགྲོ་ཐབས་བྲལ། ཟླ་ཁོངས་དེའི་ནང་རྒྱ་གར་དུ་བགྲོད་མ་ཐུབ་པར་དམག་གིས་བཟུང་བ་དང༌། རང་ངོས་ནས་ཕྱིར་ལོག་བྱུང་བ་རྣམས་བསྡོམས་ན་མི་ལྔ་བརྒྱ་ལྷག་ཙམ་ཡོད་ཅེས་ཟེར། དེ་ནི་རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་གཞུང་དང༌། བོད་ནང་དུ་ཡོད་པའི་བོད་མི་རྣམས་ཀྱི་བར་འགྲིམ་འགྲུལ་རྒྱུན་གཅོད་པའི་དོན་ཡིན་ཞིང༌། འདི་སྐོར་དམ་ཟབ་ཤུགས་དྲག་ཏུ་ཕྱིན་ཡོད་པའི་སྐབས་ཤིག་ཀྱང་ཡིན། ངེད་ཅག་འཁྲིད་མི་ལ་ཨ་མདོ་བརྩོན་འགྲུས་ཟེར་ཞིང༌། གླ་ཆ་མི་རེར་རྒྱ་སྒོར་ལྔ་བརྒྱ་རེ་དང༌། རླངས་འཁོར་གྱི་གླ་ཆ་སྒོར་སུམ་བརྒྱ་ལྔ་བཅུ་རེ་སྤྲོད་དགོས་བྱུང༌། ང་རང་ཐོག་མར་ལྷ་སར་ཐོན་སྐབས་སྒོར་གཅིག་སྟོང་བཞི་བརྒྱ་ཙམ་ཡོད་པ་དང༌། རྗེས་སུ་ཞང་པོ་མཆོག་དང་ཕུ་བོ་གཉིས་ཀྱིས་ཀྱང་སྒོར་གཅིག་སྟོང་བསྐུར་ཐོན་བྱུང་བ་རྣམས་ཟ་ཆེས་པས་ཕལ་ཆེར་རྫོགས་ཚར། འོན་ཀྱང་ངའི་གྲོགས་པོ་བཙུན་པ་བློ་བཟང་ཚུལ་ཁྲིམས་རྒྱ་གར་ནས་བོད་དུ་ཕེབས་པ་དང་ཐུག་པས་འགྲོ་སོང་ཆ་ཚང་ཁོང་གིས་བཏང་སོང༌།
བོད་ཟླ་དགུ་བའི་མཚན་མོའི་ཆུ་ཚོད་བཞི་པའི་ཐོག་ངེད་ཅག་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ཞིག་གི་ནང་དུ་བསྡད་དེ་ལམ་ལ་ཆས། འགྲོ་ཡུལ་ནི་ཕྱིར་ནག་ཆུ་ལ་སོང་ཏེ་ཕྱིང་ལུང་དང་དཔལ་མགོན་སོགས་བརྒྱུད་ནས་ས་དགའ་བར་འགྲོ་རྒྱུ་དེ་ཡིན། ལྷ་ས་ནས་སྤྱི་ལེ་༣༣༠སོང་མཚམས་ནག་ཆུ་དང༌། དེ་ནས་སྤྱི་ལེ་༥༠ཙམ་གྱིས་ཕྱིང་ལུང་གི་ལམ་སྣེར་འཕྲད་ཅིང་འདི་གཉིས་ནི་ནག་ཆུ་ཁུལ་གྱི་ཁོངས་གཏོགས་ཡིན། དཔལ་མགོན་ནས་སྤྱི་ལེ་༢༤༢ཀྱིས་ཨ་མདོ་དང་སྒེར་རྩེ་བར་གྱི་ལམ་ཆེན་དུ་སླེབས་ཀྱང་བྱེ་ལམ་མ་གཏོགས་ལམ་ཡག་པོ་ཅི་ཡང་མི་འདུག དེ་ནས་ཉིན་མཚན་ཁ་ཤས་ཤིག་ལ་སོང་བས་མཚོ་ཆེན་དུ་སླེབས། སྒེར་རྩེ་དང་མཚོ་ཆེན་གཉིས་ནི་མངའ་རིས་སྒར་གྱི་ཁོངས་གཏོགས་རེད། མཚོ་ཆེན་ནས་སྤྱི་ལེ་༢༤༢ཀྱིས་ངམ་རིང་དང་ས་དགའ་བར་གྱི་ལམ་ཆེན་དུ་སླེབས་ཅིང་འདི་གཉིས་གཞིས་ཀ་རྩེའི་ཁོངས་སུ་གཏོགས། ས་དགའ་ནི་མཐའ་སྲུང་དམག་མི་ཡོད་སའི་ལྟེ་བ་ཞིག་རེད། ང་ཚོའི་རླངས་འཁོར་གཏོང་མཁན་དེ་འདི་བཞིན་བྱས་ནས་འགྲོ་མྱོང་མི་འདུག་ཀྱང་ས་ཁྲ་དེད་ནས་སོང་བ་ཡིན། ལམ་ཁ་ཕལ་ཆེར་བྱང་ཐང་དུ་སོང་སྟབས་མཚམས་མཚམས་སུ་ཟ་ཁང་དང་མགྲོན་ཁང་ཐབས་ཆག་རེ་འདུག་པ་རྣམས་ལ་རིན་གོང་ཧ་ཅང་ཆེ། མི་མང་དྲག་པས་རླངས་འཁོར་གྱི་ནང་འཚངས་ཀ་ཆེ་བ་དང༌། ལམ་ཐག་རིང་བ། ཉིན་མཚན་མང་པོར་མུ་མཐུད་དེ་བསྐྱོད་པ་སོགས་ཀྱིས་དཀའ་ངལ་ཚབས་ཆེན་མྱང་དགོས་བྱུང༌།
བོད་ཟླ་བཅུ་པའི་ཚེས་གཉིས་ཀྱི་མཚན་མོའི་ཆུ་ཚོད་དང་པོ་ཙམ་ནས་ས་དགའ་རྫོང་གི་ཉེ་འཁྲིས་ཀྱི་རི་འདབས་སུ་སླེབས་ཏེ་རླངས་འཁོར་ཕྱིར་སློག་བྱས། ས་དགའ་ནི་གཙང་ཆུའི་ཚུ་རོལ་དུ་ཡོད་ཅིང༌། ངེད་ཅག་གཙང་པོའི་ཕ་རིར་བརྒལ་རྗེས་དམག་གི་ཐད་ཀ་ནས་ཡར་འགྲོ་དགོས་པ་ཡིན། ང་ཚོས་ཐད་ཀར་གཙང་པོ་བརྒལ་རྒྱུའི་ལྟ་གོན་བྱས་ཀྱང་དུས་ཚོད་འཕྱི་དྲགས་པས་མཚན་མོ་དེར་ཐག་རིང་པོར་བསྐྱོད་མི་ཐུབ་ཅིང༌། ང་ཚོ་ཡང་ཐང་ཆད་ནས་ཡོད་པས་བརྒལ་མ་ནུས་པར་རི་དེའི་རྩེར་བྲོས། དེར་ཡང་སྡོད་ས་མ་རྙེད་པར་རྒྱབ་ལོགས་སུ་མར་བབས་ཏེ་འོབ་དོང་ཆེན་པོ་ཞིག་གི་ནང་དུ་འཚངས་ཀ་བརྒྱབ་ནས་བསྡད་པ་ཡིན། དེའི་ཕྱི་ཉིན་ཉིན་གང་པོར་དེ་ཀ་རང་དུ་བསྡད། རྒྱབ་ལོགས་སུ་ལ་ཆུང་ངུ་ཞིག་དང་ས་དགའ་རྫོང་གི་བར་གྱི་མགྲོན་ལམ་ཡོད་སྟབས་མིའི་སྐད་དང༌། རྟ་བོང་གི་སྐེའི་དྲིལ་སྐད་མང་པོ་གོ་རྒྱུ་འདུག གལ་ཏེ་མིས་མཐོང་ན་རྒྱ་མིའི་གླ་རྔན་ཟ་ཆེད་དམག་ལ་བཤད་རྒྱུའི་ཉེན་ཁ་ཡོད་པ་རེད། དེར་བརྟེན་ཡར་ལངས་རྒྱུ་ཙམ་ཡང་བྱེད་མི་ཕོད། ས་རུབ་རྗེས་ཆུ་དང་མེ་ཤིང་བསྒྲུགས་ནས་ཇ་བསྐོལ་ཞིང༌། ང་རྒྱང་རིང་པོའི་རི་ཤོད་དུ་ཆུ་ལེན་པར་སོང་སྟེ་ཕྱིར་ཡོང་དུས། ང་ཚོ་སྡོད་སའི་འོབ་དོང་མ་རྙེད་པར་མགོ་འཁོར་ནས་ཆུ་ཚོད་གཅིག་ཙམ་ལ་ཡར་མར་འཚོལ་དགོས་བྱུང༌། ཆུ་ཚོད་དགུ་པ་ཙམ་ནས་གཙང་པོ་བརྒལ་དུ་ཕྱིན་པ་ཡིན།
གཙང་པོ་ནི་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞིའི་ནང་ཚན་རྟ་མཆོག་ཁ་འབབ་ཟེར་བ་དེ་ཡིན་ཞིང༌། མ་ཕམ་གཡུ་མཚོའི་ཕྱོགས་དང་བ་ལུང་མཚོ་སོགས་ནས་འབབ་སྟེ་རི་བོ་གནམ་ལྕགས་འབར་བ་ལ་གཡས་སྐོར་གྱིས་ཁ་ལྷོར་ཕྱོགས་ཤིང༌། རྒྱ་གར་ཨ་སམ་དང༌། བྷངྒལ་བརྒྱུད་ནས་ཧིན་རྡུའི་རྒྱ་མཚོར་འབབ་ཀྱི་ཡོད། འདིའི་སྟོད་རྒྱུད་ལ་གཙང་པོ་དང་སྨད་རྒྱུད་ལ་བརཧྨཔུཏརཱ་(Brahmaputra River)ཟེར་ཞིང༌། འཛམ་གླིང་གི་ཆུ་བོ་སྐད་གྲགས་ཅན་གྱི་གྲས་ཤིག་ཡིན། ཐོག་མར་ཆུ་འགྲམ་དུ་སླེབས་ཏེ་གོས་ལྷྭམ་ཕུད་སྐབས་ང་ཚོ་ཚང་མ་མཉམ་དུ་ཡོད་ཀྱང་བརྒལ་བའི་དུས་སུ་སོ་སོར་ཁ་འཐོར་དུ་སོང༌། ངེད་མིང་སྲིང་གཉིས་ཀྱང་ལག་པ་སྦྲེལ་ཏེ་བརྒལ་བ་ཡིན། ཆུའི་རལ་ལག་ཆེ་ཐག་ཆོད་གསུམ་ལ་བརྒལ་བས་དང་པོ་དེར་བརླ་ནུབ་ཙམ་དང༌། གཉིས་པ་ལ་ལྟེ་བ་ནུབ་ཙམ། གསུམ་པ་དེ་བྲང་གི་སྟོད་དུ་སླེབས་པ་ཙམ་ཞིག་འདུག སྤྱིར་དལ་གྱིས་བཞུར་བའི་ཆུ་བོ་འདིའི་རིགས་ལ་ཤུགས་ཆེར་མེད་ཀྱང༌། ཉེན་ཁ་ཆེན་པོ་ཞིག་གི་སྟེང་དུ་སླེབས། ད་དུང་བར་མཚམས་རྣམས་སུ་ཆུ་ལག་ཆུང་ཆུང་མང་པོ་བཞུར་གྱིན་འདུག ང་ཚོས་ལམ་ཁྲིད་པའི་ངག་བཀོད་ལྟར་ལྷྭམ་མགོ་ཕུད་ཅིང་ཨུ་སུག་གྱོན་ནས་ཡོད་སྟབས་ཨུ་སུག་གི་ངོས་ལ་རྡོ་ཧྲུག་མང་པོ་འཁྱག་འབྱར་ཐེབས་ནས་བཀོག་མི་ཐུབ་པ་བྱུང༌། ཆུའི་རལ་ལག་གསུམ་པ་དེ་བརྒལ་རྗེས་ཕར་ཕྱོགས་ཀྱི་རི་འདབས་དང་ཐག་ཉེར་སླེབས་འདུག་པས་ཆུ་ཡོངས་རྫོགས་བརྒལ་ཚར་སྣང་ཤར་ཏེ་གྱོན་གོས་རྣམས་སྐམ་རློན་བརྗེས། མི་རྗེས་མ་རྣམས་མ་སླེབས་བར་ཆུ་ཚོད་ཕྱེད་ཀ་ཞིག་ལ་བསྒུགས་ཅིང༌། མུན་པ་འཐིབས་ཆེས་པས་ཉེ་དྲུང་དུ་མ་བཅར་བར་ཕན་ཚུན་མཐོང་མི་ཐུབ། སྔ་གཞུག་ཐམས་ཅད་མཉམ་འཛོམས་བྱུང་རྗེས་ལམ་ལ་ཞུགས་པ་ཡིན།
འོན་ཀྱང་གྲགས་ཅན་གྱི་ཆུ་བོ་དཻ་དེ་ཙམ་ཞིག་གིས་བརྒལ་ག་ལ་ཐུབ། ད་དུང་ཆུའི་ཨ་མ་ལྟ་བུ་དེ་རི་རྩ་ནས་མར་བཞུར་གྱིན་འདུག དེར་ང་ཚོ་ལ་སེམས་ཁྲལ་ཆེན་པོ་བྱུང་ཞིང༌། མི་ཧྲག་ཁ་ཤས་ཀྱི་སྐེད་པར་ཐག་པ་བཏགས་ནས་བརྒལ་བས་རྐང་པ་བསུབ་ཙམ་གྱིས་སྐེ་མན་ཆད་ཆུ་ནང་དུ་ནུབ་ཀྱི་འདུག ཆུ་འགྲམ་དེ་རུ་ཡར་གཤར་མར་བཤར་ཐེངས་མང་པོར་བྱས་ཏེ་གོང་འོག་ཐམས་ཅད་ནས་བརྒལ་ཨེ་ཐུབ་བལྟས་ཀྱང་རབ་ཁ་མི་མཐོང་སྟབས་བརྒལ་ཐུབ་པའི་རེ་བ་མི་འདུག གྲང་ངར་ཧ་ཅང་ཆེ་བས་བུད་མེད་ཁ་ཤས་འཁྱག་ཤི་ཐེབས་རྒྱུའི་ཉེན་ལ་སླེབས་ཏེ་ངུ་བ་དང༌། སྒྲ་ཆེན་པོས་འཁུན་ཅིང་དབུགས་ཆད་གྲབས་བྱས་བྱུང་བས་མི་ཐམས་ཅད་ཟ་ངེ་ཟིང་ངེ་ཞིག་ཏུ་བཏང༌། ཡར་བལྟས་པས་ས་དགའ་རྫོང་གི་སྟེང་དུ་གློག་སྒྲོན་ཁྲ་ཆིལ་ལེར་འདུག་ཅིང༌། ཅི་ཞིག་གི་སྟེང་ཡིན་མི་ཤེས་མོད་མཐོ་ས་ཞིག་ནས་གློག་གཞུ་ཆེན་པོ་བལྟ་མི་ཐུབ་པའི་འོད་ཅན་ཞིག་ཕྱོགས་སོ་སོར་དལ་གྱིས་འཁོར་གྱིན་འདུག འོན་ཀྱང་ང་ཚོ་ཐག་ཅུང་རིང་བས་གློག་གཞུ་དེས་འོད་ཀྱིས་ཟིན་མི་ཐུབ།
དེ་ནས་ང་ཚོ་ལ་ཐབས་ཤེས་གཞན་མེད་པས་ཆུ་ཁུག་དེར་ཚེར་མ་ཅན་གྱི་ཤིང་ཕུང་དང༌། བྱེ་དོང་ཆུང་ཆུང་མང་པོ་ཡོད་པ་རྣམས་ཀྱི་ནང་དུ་ཁ་འཐོར་གྱིས་གབ་སྐུང་བྱས། ངའི་ཐབ་ཀར་ངེད་མིང་སྲིང་གཉིས་དང༌། ངའི་གྲོགས་པོ་སྤྲུལ་སྐུ་ཐུབ་དབང༌། ལམ་ཁྲིད་པ་བརྩོན་འགྲུས། གཞན་རྨ་སྟོད་ཀྱི་དགེ་རྒན་གཅིག་དང༌། བླ་བྲང་གི་གྲྭ་བ་གཅིག་བཅས་ངེད་ཅག་མི་དྲུག་ཡོད། གྱོན་གོས་ཕལ་ཆེར་འཁྱག་རེངས་སུ་སོང་འདུག་པ་དང༌། ཉལ་ཆས་མང་པོ་མེད་སྟབས་མཚན་གང་བོར་ཤིང་ཕུང་ཆེན་པོ་ཞིག་གི་ཕག་ཏུ་མེ་བུས་ནས་བསྡད་པ་ཡིན། ནམ་གསལ་རྗེས་ཆུའི་རབ་ཁ་བཙལ་བས་རབ་ཡག་པོ་རྙེད་ཀྱང༌། ཉིན་མོ་འགྲོ་ཐབས་མེད་པས་ཡང་ཉིན་གང་བོར་ཆུ་ཁུག་དེ་རུ་གབ་ནས་བསྡད། ང་ཚོས་ནི་རྫོང་གི་གཡོན་ཕྱོགས་ཀྱི་རི་སྣ་ཞིག་གི་སྟེང་དུ་དམག་མིས་རྒྱང་སོ་བྱེད་པ་ཡང་མཐོང་འདུག་ཀྱང་ཚུར་ང་ཚོ་མཐོང་མ་སོང༌། ཉིན་གུང་ཉི་མ་ཚ་བོ་ཞིག་ཤར་བྱུང་བས་གོན་པ་རྣམས་བསྐམ་ཐབས་བྱས། ཡར་མར་ཅུང་ཟད་རེ་འགྲོ་དགོས་དུས་གོག་འགྲོས་དང་གློ་ནུར་བྱེད་ཀྱི་ཡོད།
མུན་རུབ་རྗེས་ཇ་བསྐོལ་ཞིང་སྲུང་མ་ལ་གསེར་སྐྱེམ་བཏང༌། དེ་ནས་ཞོགས་པར་རྙེད་པའི་རབ་ཁ་བརྒྱུད་དེ་དུམ་བུ་དུམ་བུར་ལག་སྦྲེལ་བྱས་ནས་ཆུ་ལ་བརྒལ་བས་སྐྱོན་ཅི་ཡང་མ་བྱུང༌། ཆུའི་ལམ་དགྲ་དེ་ལས་ཐར་རྗེས་ནུས་ཤུགས་སྒྲིམ་ཏེ་ཤར་བསྐྱོད་བྱས། དམག་གི་ཐད་དུ་སླེབས་སྐབས་འཕྲང་ཆུང་ངུ་ཞིག་ཡོད་ཅིང༌། དེ་རུ་རླངས་འཁོར་གྱི་ལམ་དེད་ནས་ཅུང་ཞིག་འགྲོ་དགོས་ཀྱི་འདུག ང་ཚོའི་སྔོན་གྱི་ལམ་སྣེ་ནས་རླངས་འཁོར་གྱི་གློག་འོད་ཅིག་བརྒྱབ་བྱུང་བ་དེས་ང་ཚོ་སྐྲག་ཐག་ཆོད་ནས་གད་འོག་ཏུ་བྲོས་ཀྱང༌། དེ་ནི་རྒྱང་རིང་པོ་ནས་འགྲོ་བའི་དོན་མེད་ཀྱི་རླངས་འཁོར་ཞིག་རེད་འདུག རྫོང་གི་ཐད་ནས་ཡར་བྲོས་ཐུབ་པ་བྱུང་བས་དགའ་སྤྲོ་ཞིག་གི་ངང་སྣང་མེད་དུ་འགྲོ་བཞིན་ཡོད་སྐབས། འོབ་ཁུག་ཅིག་ཏུ་རས་གུར་ཆེན་པོ་གསུམ་བཞི་ཞིག་ཁ་སྤྲོད་ཀྱིས་ཕུབ་ཅིང༌། ཕྱི་ནང་གཉིས་ཀར་གློག་སྒྲོན་གྱིས་ཁྲ་ཆིལ་ལེར་ཡོད་པ་དང༌། ད་དུང་རླངས་འཁོར་ཆུང་ཆུང་གསུམ་དང་སྦག་སྦག་གཅིག་སྒོར་བཞག་ཅིང༌། གུར་ནང་དུ་མི་མང་པོས་ཧབ་ཆ་ལྷང་ལྷང་བྱེད་འདུག་པ་ཞིག་གི་སྟེང་དུ་སླེབས། དེ་ནི་གཙང་པོའི་ཟམ་ཁ་ཡིན་པས་ཁོང་ཚོ་དམག་མི་ཡིན་པ་སྨྲོས་མི་དགོས་ཀྱང་ལམ་ཁ་གཅིག་པོ་འདི་མ་གཏོགས་བསྐོར་ནས་འགྲོ་ས་མི་འདུག ཀི་དིར་མང་པོ་བྱེད་ཀྱིན་འདུག་པ་ལ་བལྟས་ན་འཕྲལ་དུ་སྒོར་མི་འབུད་པ་འདྲ་བོ་ཞིག་འདུག་པས་ངེད་ཅག་མྱུར་མོར་རྐང་འཇབ་ལག་འཇབ་བྱས་ཏེ་བྲོས། ཇི་ལྟར་གཟབ་གཟབ་བྱས་ཀྱང་མི་མང་བ་དང༌། ལམ་ནང་དུ་རྡོ་ཧྲུག་ཡོད་སྟབས་སྒྲ་ཆེན་པོ་ཞིག་འདུག་ཅིང༌། དེའི་ཁར་ཕྲུ་གུ་ཆུང་ཆུང་ཞིག་ཡོད་པ་དེས་ཀྱང་ངུ་རྒྱང་བྱས་བྱུང་བས་ད་བཟུང་ཚར་སོང་སྙམ་ཡང་ཁོ་རང་ཚོ་ཀི་ཅོ་དིར་རེ་བ་དེ་ལ་མགོ་འཁོར་ནས་འདུག་པས་འཕྲིག་ཤོར་མ་སོང་ཞིང༌། ང་ཚོ་ཡང་རྒྱང་ཐག་རིང་པོའི་བར་དུ་ཕྱིན།
མཚན་མོའི་ཆུ་ཚོད་གཉིས་པ་ཙམ་ནས་ངེད་ཅག་སྔོན་མ་རྣམས་ཀྱིས་ངལ་གསོ་བྱས། རྗེས་མ་རྣམས་སླེབས་སྐབས་མི་ཁ་ཤས་ཤིག་ཚང་མི་འདུག་ཅིང༌། དེ་ནི་ལོ་ལྔ་བཅུ་ཡར་མར་གྱི་རྒད་པོ་ཞིག་གིས་རྐང་བ་འཁྱག་བྱིད་ཐེབས་ནས་འོང་མ་ཐུབ་པ་རེད་འདུག ང་ཚོ་ཡོད་སར་ཐོན་སྐབས་སྐད་ངན་བཏོན་ནས་ས་ལ་རིལ་གྱི་འདུག ངེད་ཅག་མི་རེ་ལ་ཁུར་བོ་རེ་ཡོད་པར་མ་ཟད་ཁོ་ཡང་མི་གཟུགས་ཆེན་ཞིག་ཡིན་པས་འཁུར་མི་ཐུབ་ཅིང༌། ཁ་ཤས་ལ་ཞག་སྡོད་བྱེད་མོས་འདུག་པས་ཕྱིར་ཅུང་ཟད་སོང་སྟེ་བྲག་ཁྲབ་ཁྲེབ་ཡོད་པའི་རི་རྩ་ཞིག་ཏུ་སྡོད་རྒྱུ་བྱས། འདིར་རྡོ་ར་ཞིག་རོ་མང་པོ་འདུག་ཅིང༌། ཐོག་མར་ང་ཚོས་དེ་རྣམས་ཡར་བརྩིགས་ནས་གཙང་མ་བཟོས། དེ་ནས་ཇ་བསྐོལ་ཏེ་ཅུང་ཙམ་བསྡད་པས། གློ་བུར་དུ་ངའི་སེམས་ལ་སྡོད་མི་བཟོད་པའི་འཚེར་སྣང་དང་སྐྲག་སྣང་ཞིག་བྱུང་སྟབས་ཁོང་ཚོ་ལ་སྐུལ་སློང་བྱས་ཏེ་ཅ་ལག་རྣམས་ཡར་སྡོམ་དུ་བཅུག ནད་པ་དེའི་ཁུར་བོ་བགོས་ནས་ཁུར། ཁོ་རང་མི་ཁ་ཤས་ཀྱིས་སྐྱོར་མ་འདྲུད་ཅིག་བྱས་ཏེ་སོང་བས་མཚན་མོ་དེར་ཐག་རིང་པོར་འགྲོ་ཐུབ་པ་བྱུང་ཞིང༌། ཉི་མ་རི་སྐེད་དུ་ཤར་དུས་ས་ཆ་སྐྱིད་པོ་ཞིག་ལ་སླེབས། སྔར་དམག་གི་ལག་ཏུ་ཐེབས་པ་ཁ་ཤས་ད་དུང་འདི་ནས་ཡར་རྐང་ཐང་ཉིན་གཉིས་ཀྱི་སར་རྗེས་འདེད་བཏང་ནས་བཟུང་བ་ཡིན་འདུག་ཅིང༌། ང་ཚོ་རྡོ་ར་དེའི་ནང་དུ་བསྡད་ཡོད་ན་ཧ་ལམ་དམག་གི་ལག་ཏུ་ཤོར་རྒྱུ་ཡིན་པ་འདྲ། དེ་རྗེས་རྒྱ་དམག་དང་གདོང་ཐུག་རྒྱུ་མེད་ཀྱང་མིའི་རྒྱུ་འགྲུལ་མང་བ་དང༌། ད་དུང་རྗེས་འདེད་གཏོང་རྒྱུའི་ཉེན་ཁ་ཡོད་སྟབས་ཉིན་གསུམ་བཞི་ཞིག་ལ་ཉིན་པར་ཡིབ་ཅིང་མཚན་མོར་ཕྱིན། དེ་ཙམ་ཞིག་ནས་ཉེན་ཁ་མེད་པས་ཅི་བདེར་སོང་བ་ཡིན། ཉིན་དྲུག་པར་འབྲོག་ཁྱིམ་ཁ་ཤས་དང་ཐུག་བྱུང་བས། ཁོང་ཚོས་མར་ཆུང་ངུ་རེ་བཟུང་ནས་ང་ཚོའི་སར་ཚོང་གཏམ་བྱེད་པར་ཡོང་གི་འདུག ང་དེ་ཚོ་ལ་སྙིང་རྗེ་བ་ཞིག་བྱུང༌།
དེ་ཕན་ཆད་ས་སྟོང་ཡིན་པས་བལ་བོའི་ས་ཐོག་ཏུ་མ་སླེབས་བར་མི་གཅིག་ཀྱང་མཐོང་རྒྱུ་མེད། ཉིན་ཞག་འགའ་རེ་ལ་རྨ་ཆུའི་སྟོད་རྒྱུད་ཀྱི་འབྲོག་ཕྱོགས་ལྟ་བུའི་སྤང་རི་དང་སྤང་ཐང་ཡིད་དུ་འོང་བ་བརྒྱུད་ཅིང༌། ཉིན་ཞག་འགའ་རེ་ལ་ཀུ་ཤ་ཐར་ཐོར་གྱིས་གང་བའི་བྱེ་ཐང་སེམས་སྐྱོ་དགོས་པ་དེ་འདྲ་བརྒྱུད་ནས་འགྲོ་དགོས་ཀྱི་འདུག ཉིན་མཚན་མང་པོ་ཞིག་ལ་སོང་སོང་བས་ནངས་ཤིག་ཤིང་ལ་ཟེར་བ་ཞིག་གི་ལུང་མདོར་སླེབས་ཤིང༌། དེ་དུས་གཙང་པོ་བརྒལ་ནས་ཉིན་ཞག་སུམ་ཅུ་སོ་གཉིས་ཙམ་འགོར་ཡོད།
ངེད་ཅག་ལམ་གྲོ་ཟད་དེ་ཟ་རྒྱུ་མེད་པའི་དཀའ་ངལ་དང་འཕྲད་ཡོད་ཅིང༌། ཆུ་མང་པོ་བསྐོལ་བའི་ནང་དུ་རྩམ་པ་ཉུང་ཉུང་རེ་བཏབ་ནས་འཐུང་བས་ཤིན་ཏུ་ཞིམ་པ་བྱུང་གི་འདུག དེའི་སྟབས་ཀྱིས་མི་ཕལ་ཆེར་གྱི་སྟོབས་ཤུགས་ཟད། ངའི་ནི་ངེད་མིང་སྲིང་གཉིས་ཀྱི་ཁུར་བོ་ཁུར་ཡོད་ཅིང༌། ད་དུང་གང་ཐུབ་ཐུབ་ཀྱིས་ལམ་གྲོགས་རྣམས་ལ་དཀའ་ངལ་གང་ཆེ་རང་ཐོག་ཏུ་བླངས་ཀྱང་སྟོབས་ཤུགས་ཅི་ཡང་ཟད་ཀྱི་མི་འདུག སྤྱིར་ང་ཚོའི་ནང་དུ་ཕོ་གསར་དང་བན་གསར་མང་པོ་ཡོད་ཀྱང་གཟུགས་པོ་ཐང་ཤོས་དང་སྟོབས་ཤུགས་ཆེ་ཤོས་ང་རང་རེད་འདུག
ལ་འདི་ང་ཚོས་ལ་ཆེན་གསུམ་ལ་བརྒལ་དགོས་པའི་དང་པོ་དེ་ཡིན་ཞིང༌། ལའི་ཚུར་ཕྱོགས་སུ་ཁ་བ་ཆེན་པོས་མནན་ཡོད་པ་དང༌། ཕར་ཕྱོགས་སུ་ཆུ་བྲག་འཐབ་པའི་ལམ་བགྲོད་དཀའ་བ་ཞིག་རེད། མི་ཧྲག་དུམ་ཅིག་སྔོན་ལ་སོང་ཡོད་ཅིང་མང་ཆེ་བ་རྗེས་སུ་ཡོད། ངེད་མིང་སྲིང་གཉིས་ཀ་བར་མཚམས་ཤིག་ནས་ཕྱིན་པས་ཉི་མ་མ་ནུབ་ཙམ་ལ་ལ་མགོར་སླེབས། འདིར་ལབ་རྩེ་ཆུང་ཆུང་ཞིག་འདུག་ཅིང༌། ངོ་མཚར་བ་ཞིག་ནི་ས་དགའ་ནས་འདི་བར་ང་ཚོ་དང་འགྲོགས་ནས་འོང་བའི་བྱ་རོག་གཉིས་ཡོད་པ་ཏག་ཏག་ངེད་གཉིས་དང་མཉམ་དུ་ལ་མགོ་འདིར་སླེབས། ངས་ལབ་རྩེ་དེ་ལ་སྐོར་བ་བྱས་ནས་སྲུང་མ་གསོལ་སྐབས་བྱ་རོག་གཉིས་ཀྱང་གྲོགས་སྐད་རྒྱག་བཞིན་ལབ་རྩེའི་སྟེང་དུ་བབ། ཀི་ཀི་བསོ་བསོ་མང་པོ་བྱས་ཀྱང་མི་བྲོས་པར་མ་ཟད་ལག་པས་བརྙབ་ཀྱང་འཛིན་ཐུབ་པར་འདུག སྤྱིར་ཟ་རྒྱུ་ཕྲན་ཚེགས་རག་གི་ཡོད་སྟབས་མགྲོན་པོའི་རྗེས་སུ་བྱ་རོག་འདེད་རྒྱུ་དེ་ཀུན་ལ་དར་བ་ཞིག་ཡིན་ཡང་འདི་གཉིས་ལ་དགེ་བའི་རྟགས་མཚན་མང་དུ་བྱུང༌། རི་རྩེ་དེར་ངེད་གཉིས་སྐྱེལ་མ་ལྟ་བུ་ཞིག་བྱས་རྗེས་དེ་ཕན་ཆད་མཐོང་རྒྱུ་མི་འདུག
འདི་ནས་ལྷོ་ཕྱོགས་སུ་བལྟས་པས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གངས་རི་རྣམས་ཐོག་མར་མཐོང་ཞིང༌། ཐག་ཉེ་བ་རྣམས་ནི་སྔོ་དཀར་སེང་ངེ་བ་དང༌། རྒྱང་རིང་བ་རྣམས་ཀྱི་རྩེ་མོ་རྣམས་ངང་ཧྲུག་གེར་སྤྲིན་གྱི་བང་རིམ་བརྩེགས་པ་ལྟ་བུ། བལྟ་བ་མིག་གིས་མི་བཟོད་བསམ་པ་སེམས་ཀྱིས་མི་ལངས་པར་འདུག སྔར་རྨི་ལམ་དུ་ཡང་རྨིས་མ་མྱོང་བའི་གཅོང་རོང་ཆེན་པོ་འདི་དག་འགྲོ་བ་མིའི་རིགས་སུ་སྐྱེས་པ་ཞིག་གིས་རྐང་པ་གཉིས་ཙམ་ལ་བརྟེན་ནས་བརྒལ་དགོས་པ་ནི་ཆེས་ཧ་ཅང་དཀའ་བ་ཞིག་སྟེ། ལམ་འདི་ནས་ཡོང་བའི་སྙན་ངག་མཁན་ཕྱི་མ་ཞིག་གིས། ཧི་མ་ལ་ཡའི་གངས་རྒྱུད་མཐོན་པོ་དེ།། ཤེས་གྱི་རལ་གྲི་གངས་ལ་བསྙལ་བ་བཞིན།། སུ་ལ་གངས་སེང་དཀར་མོའི་སྙིང་མེད་པ།། དེ་ཡིས་ལུས་ཀྱིས་བགྲོད་པའི་ཡུལ་མ་ཡིན།། ཞེས་བྲིས་པ་ལྟ་བུ་ཞིག་རེད་འདུག་ཀྱང༌། ཤི་གསོན་ཅི་བྱུང་རུང་མདུན་གཏད་ནས་འགྲོ་རྒྱུ་མ་གཏོགས་མེད། རི་རྒྱུད་དེ་ནི་མདོ་རྒྱ་ཆེར་རོལ་བ་སོགས་ལས་གསུངས་པའི་རིའི་རྒྱལ་པོ་གངས་ཅན་ཞེས་བྱ་བ་དེའི་རི་རྒྱུད་ཡིན་ཞིང༌། མངོན་པ་མཛོད་ལས། འདི་ནས་བྱང་དུ་རི་ནག་པོ།། དགུ་འདས་གངས་རིའོ་ཞེས་གསུངས་པ་ཡང་འདི་ལ་ཟེར། རྒྱལ་སྤྱིའི་སྟེང་དུ་ཧི་མ་ལ་ཡའི་རི་རྒྱུད་(Himalaya)ཅེས་ཟེར་ཞིང༌། རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ལམ་དེང་སང་པ་ཀི་སི་ཐན་ཞེས་འབོད་པ་དེའི་བྱང་མཐའ་ནས་ཧིན་རྡུ་དང༌། བལ་བོ། འབྲས་ལྗོངས། ཤར་འབྲུག་ཡུལ་བཅས་ཀྱི་ས་ནས་ཤར་ཡུན་ནན་གྱི་བར་དུ་བརྐྱངས་ཤིང༌། རིང་ཚད་སྤྱི་ལེ་༢༤༥༠དང༌། མཐོ་ཚད་རྒྱ་མཚོའི་ངོས་ལས་རྨི་༦༠༠༠ཙམ་ཡོད་པས་འཛམ་གླིང་གི་ཐོག་རི་རྒྱུད་མཐོ་ཤོས་དང༌། ཆེས་རིང་ཤོས་དེ་རེད།
དེ་ནས་ངེད་གཉིས་ལུང་བའི་ནང་དུ་ཐུར་བབས་ཏེ་སོང་བས། རི་ཕན་ཚུན་གྱི་བྲག་སྣ་རྣམས་ཐོད་གཏུགས་པ་ལྟ་བུའི་བར་ཏུ་ཆུ་ཆུང་ཆུང་ཞིག་བཞུར་གྱིན་འདུག འགྲོ་ལམ་ནི་བྲག་བར་གུ་དོག་པོ་དེ་རེད། ཆུ་དེ་ལ་ཕར་འབུད་ཚུར་འབུད་བརྩི་མི་ཐུབ་པ་ཞིག་བྱས་ཤིང་སྐབས་རེ་ཆུ་ནང་ནས་མར་འགྲོ་དགོས་པ་ཡང་བྱུང་གི་འདུག གྲང་ངར་ཆེ་བ་དང༌། ཆུ་མཐའི་བྲག་རྡོ་རྣམས་ཀྱི་སྟེང་དུ་འཁྱག་རོམ་ཆགས་ཡོད་པས་དཀའ་ངལ་གང་མང་བྱུང༌། ས་རུབ་ནས་ཀྱང་ཡུན་རིང་ཙམ་སོང་བས་སྔོན་མ་རྣམས་ཀྱིས་བསྒུགས་ཡོད་པ་དང་འཕྲད་དེ་ངེད་ཅག་བྲག་ཁུང་ཆེན་པོ་ཞིག་གི་སྦུག་ཏུ་ཉལ། མཚན་གུང་ཚུན་ཆད་ལ་རྗེས་མ་རྣམས་ཀྱང་སླེབས་ཐུབ་པ་བྱུང་སོང༌། ལུང་བ་འདིའི་མིང་ལ་སུམ་ལུང་དང༌། ལུང་བའི་མདོར་སུམ་སྣ་ཟེར། སུམ་སྣ་ནི་བྲག་རི་གཉིས་དང་གངས་རི་ཆེན་པོ་གཅིག་གི་ཟུར་གདོང་རྣམས་ཐབ་རྡོ་ལྟར་སུམ་ཚུགས་སུ་ཡོད་པས་བཏགས་པ་ཞིག་རེད་འདུག་ཅིང༌། གངས་རི་དེ་ནི་ཧི་མ་ལ་ཡི་རི་རྒྱུད་ཀྱི་ཕྱོགས་ཚུར་ངོས་མ་དེ་རེད། ཕྱི་ཉིན་ཉིན་གུང་ཡོལ་ཙམ་ལ་ལུང་མདོ་དེ་རུ་འབྱོར་ཞིང༌། འདིར་བརླ་ནུབ་ཙམ་གྱི་ཆུ་ཞེང་ཅུང་ཆེ་བ་ཞིག་བརྒལ་རྒྱུ་འདུག ངས་ངེད་མིང་སྲིང་གཉིས་ཀྱི་ཁུར་བོ་རྣམས་ལག་པ་གཉིས་ཀྱིས་མདུན་དུ་བཟུང༌། རྐང་བ་བྱིད་ཡོད་པའི་མི་རྒྱག་པ་དེ་རྒྱབ་ཏུ་ཁུར་ནས་བརྒལ་བས་ད་དུང་སྟོབས་ཤུགས་སྔར་མུས་སུ་མཆིས། ཉིན་ངོས་ཀྱི་བྲག་རི་ཞིག་གི་རྩར་རྡོ་ར་ཁ་ཤས་ཞིག་གསོ་བྱས་རྗེས་ལྷྭམ་དང་ཨུ་སུག་རྣམས་སྐམ་ཐབས་བྱས་ཤིང་དེར་ཞག་ཚུགས་བྱས།
དེའི་དགོང་མོར་འཛམ་གླིང་ན་སྙན་གྲགས་ཡོད་པའི་ཧི་མ་ལའི་རི་རྒྱུད་རྩར་དངོས་སུ་སླེབས་པ་ལ་དགའ་སྣང་ཞིག་དང༌། དེ་རྐང་བས་བརྒལ་དགོས་སྙམ་པའི་འཚེར་སྣང་ཞིག་གི་ངང་མཚན་གང་བོར་མེ་ཕུང་བརྒྱབ་ནས་བསྡད། ཕྱིར་མཚན་མོ་ཕལ་ཆེ་བར་ང་ཚོས་མེ་ཕུང་བརྒྱབ་ནས་སྡོད་ཀྱི་ཡོད་སྟབས། ནམ་ལངས་དུས་མིག་རྣམས་དམར་གོར་རེ་བ་དང༌། སྐྲ་དང་གདོང་པ་ཐམས་ཅད་ཤིང་ཐལ་གྱིས་སྐྱ་ཉིལ་ལེ་བར་འོང་གི་ཡོད། ནམ་སྨད་ཆུ་ཚོད་བཞི་པའི་སྟེང་ཇ་མགྱོགས་འཐུང་བྱས་རྗེས་རྐང་པ་རྣམས་འགྱིག་ཤོག་གིས་བཏུམས་ནས་གངས་རིར་འཛེག་པའི་མགོ་བཙུགས། ཟླ་འཁོར་སྔོན་མའི་ནང་དུ་མི་ཁ་ཤས་བཤར་བའི་རྡོག་ལམ་ཁེར་ཟུག་ཅིག་འདུག་ཀྱང་ལམ་མི་ནོར་བ་ཙམ་མ་གཏོགས་ཕན་པ་ཅི་ཡང་མི་འདུག ཁུགས་རེར་ཁ་བ་ཐོག་མཁྲེགས་ཤིང་འོག་སབ་སོབ་ཏུ་ཡོད་པ་དང་ཐུག་ནས་ལྟེ་བ་མན་ཆད་ནུབ་སྟེ་འཐེན་མཁན་མ་སླེབ་བར་ཡར་འབུད་མི་ཐུབ་ཅིང༌། ཁུགས་རེར་གངས་ཞོག་བརྒྱབ་ནས་རིའི་སྟེང་ཤོད་བར་འཁྱག་སྒང་དུ་ཡོད་པས། མི་ཧྲག་རྣམས་ཀྱིས་གྲིས་བརྐོས་ནས་རྐང་བ་ཡ་གཅིག་བརྟེན་ཐུབ་ཙམ་གྱི་ལམ་ཁ་བཟོས་རྗེས་ཕྲེང་བསྒྲིགས་ཏེ་བཤར་དགོས་ཀྱི་བདུག གངས་བྲག་འཐབ་པའི་རི་གདོང་རེ་རེར་བུད་ནས་བལྟས་པས་ལྷོ་ཕྱོགས་ཀྱི་གངས་རི་རྣམས་ནི་སྔར་ལས་ཀྱང་འཇིགས་རྔམ་ཤིན་ཏུ་ཆེ། སྐབས་རེར་གཡས་གཡོན་ནས་གངས་ཞོག་བརྒྱབ་པའི་སྒྲ་ལྡིར་ལྷང་ངེ་བ་དག་རྣ་ལམ་དུ་འོང་ཞིང༌། གངས་གཤོངས་ཁ་ཤས་ལ་མི་སྔོན་མ་རྣམས་ཀྱི་ནང་ནས་བགྲོད་མ་ཐུབ་པར་ཤི་བའི་རོ་རྣམས་རྡོ་ཕུང་བརྒྱབ་ནས་མནན་ཡོད་པ་མང་པོ་འདུག གྲང་ངར་གྱིས་མི་རུལ་བ་དང༌། བྱ་དང་གཅན་གཟན་གྱིས་ཟ་མཁན་མེད་པས་རྡོའི་གསེབ་ནས་མཐོང་བའི་རྐང་ལག་རྣམས་ལ་བལྟས་ན་གསར་དུ་ཤི་བ་ཞིག་དང་འདྲ། རྗེས་སུ་གོ་བ་ལྟར་ན་ཁ་ཤས་ཀྱིས་རྡོ་ཕྱེ་ཟོས་ནས་ཤི་བ་དང༌། ཁ་ཤས་ནི་ལ་དུག་གིས་ཤི་བ་རེད་ཟེར། ང་ཚོའི་མི་ཁ་ཤས་གངས་ནང་ནས་འགྲིལ་ཤོར་ཡང་སྟབས་ལེགས་ཤོས་དང་འཕྲད་ནས་སྲོག་སྐྱོན་མ་བྱུང༌། ངེད་མིང་སྲིང་གཉིས་ཀྱང་མང་པོ་འགྲིལ་གྱི་འདུག
ཐེངས་ཤིག་ཐོག་ཚད་སུམ་བརྒྱ་ཙམ་ཡོད་པའི་བྲག་གཡང་ཆེན་པོ་མིག་གིས་བལྟ་མི་ཕོད་ཅིང་ཡིད་ལ་བསམ་མི་ནུས་པ་ཞིག་དང་ཐུག་ཅིང༌། ལམ་ཁ་ནི་གོང་འོག་གང་ནས་ཀྱང་བསྐོར་ས་མེད་པར་འཇིགས་པའི་གཡང་ས་ཆེན་པོ་དེའི་ཁ་རང་ནས་འགྲོ་དགོས་ཀྱི་འདུག ལམ་ཞེང་ཆེ་ཙམ་འདུག་ཀྱང་ལམ་ངོས་གཟར་བོ་ཡིན་པ་དང༌། གངས་དང་འཁྱག་རོམ་གྱིས་བཏུམས་པས་ཆེད་དུ་རྡོག་འདྲེད་བྱེད་སར་བཟོས་པ་ཞིག་དང་འདྲ། འདིར་གཡང་དུ་ལྷུང་རྒྱུའི་ཉེན་ཁ་ཧ་ཅང་ཆེ་བས། ང་ཚོ་ཐག་སྦྲེལ་བྱས་ནས་འགྲོ་རྩིས་བྱས་ཀྱང་ཐག་པ་མ་འཛོམས། གཅུང་མོ་སྔོན་དུ་བཞག་ཅིང༌། ང་གོམ་གང་ཙམ་གྱི་རྗེས་ནས་ཡོང་བཞིན་པར། གཅུང་མོ་རྡོག་འདྲེད་ཤོར་ནས་ས་ལ་རིལ་བ་དང་མཉམ་དུ་ལག་པས་འཐམ་ས་མེད་སྟབས། ཁ་སྦུབ་ཏུ་ཤུད་ནས་སྐད་ཅིག་ཉིད་ལ་གཡང་ཁར་སླེབས་པ་ངས་བཟུང་ཐུབ་སོང་བས་སྲོག་སྐྱོན་མ་བྱུང༌། ངས་ལག་གཡོན་གྱིས་ལག་གཉོབ་ཅིག་བྱས་པས་མོའི་ལག་མགོར་མ་ཟིན་ཀྱང༌། སྟོད་ཐུང་གི་ཕུ་དུང་གཡས་པའི་སྟེང་ནས་ཟིན་འདུག་པ་དང༌། དེ་མཚུངས་ང་རང་གི་ལག་གཡས་པར་གློ་མ་སྐག་གི་གྲི་ཞིག་ཡོད་པ་ཡང་འཁྱག་སྒང་གི་སྟེང་དུ་ཡག་ཙམ་འཛུགས་ཐུབ་འདུག སྐབས་དེར་གཅུང་མོའི་རྐང་མགོ་གཉིས་ཀ་གཡང་ཁར་སླེབས་ཚར་འདུག་པས་མོ་ལ་རྐང་པ་བརྟེན་ས་མེད་པ་དང༌། ངས་ཀྱང་འགུལ་སྐྱོད་མི་བྱེད་པར་དམ་པོར་བཟུང་སྡོད་རྒྱུ་ཙམ་ལས་ང་ལ་ཡང་རྡོག་གཏད་ས་མེད་པས་ཡར་འཐེན་མི་ཐུབ་ཅིང༌། ལག་གཡས་པའི་ནང་གི་གྲི་དེ་ལ་ཡང་ཤུགས་ཆེན་པོ་མེད་པས་འགུལ་སྐྱོད་བྱེད་ཉེས་ན་ངེད་གཉིས་ཀ་གཡང་དུ་ལྷུང་རྒྱུ་འབའ་ཞིག་ལས་མེད། གཅུང་མོས་ཐོད་སྣམ་དམར་པོའི་སྟོད་ཐུང་ཞིག་གོན་ཡོད་པའི་ཕྲག་སྲུབ་རྣམས་ཀྱང་རིམ་གྱིས་ཆད་ནས་ཚག་སྒྲ་གྲག་བཞིན་པའི་སྐབས། ཡུལ་ཤུལ་གྱི་ཕོ་གསར་གསུམ་པོས་ཐག་རྡང་སྦྲེལ་ནས་ངེད་གཉིས་ཀ་ཡར་འཐེན་ཐབས་བྱས་སོང༌།
མུ་མཐུད་དཀའ་ཚེགས་ཅན་གྱི་ལ་ཐུར་མང་པོ་ཞིག་སྡུག་རུས་ཀྱིས་བཅད་ཅིང༌། དཀན་གཟར་གྱི་བྲག་ངོས་རྣམས་ལ་རྩང་པ་བཞིན་འབྱར་འཐམས་ཀྱིས་སོང་སོང་བས་ཕྱི་དྲོ་ལ་མཐོ་ཞིང་གཟར་བ་ཞིག་གི་འཁྲིས་སུ་སླེབས། འདི་ནི་ལ་ཆེན་གཉིས་པ་དེ་ཡིན་ཞིང་མིང་རྒྱ་ལ་ཟེར། འདིའི་སྟེང་ནས་བལ་བོད་ཀྱི་ས་མཚམས་ཕྱེས་ཡོད། གངས་ལྟོང་དེ་རུ་ཞག་སྡོད་བྱ་ཐབས་མེད་པས་ཡང་ཤུགས་བསྐྱེད་ནས་ཕྱིན། འདི་སྐབས་རྒྱ་མཚོའི་ངོས་ལས་ཚད་ཧ་ཅང་མཐོན་པོར་སླེབས་ཡོད་པས་མཚམས་རེར་དབུགས་སྟོད་དུ་འཚངས་ནས་དཀའ་ངལ་འཕྲད་ཀྱི་འདུག ཁ་ཤས་ལ་དུག་གིས་ཤི་གྲབས་བྱས་ཏེ་དྲན་པ་ཐོར་བ་བྱུང་ཡང་སྲོག་སྐྱོན་མ་བྱུང༌། ལ་ཤོད་ནས་ལ་སྟེང་བར་རྐང་པ་ཡ་གཅིག་ཤོང་བའི་རྡོག་ལམ་ཞིག་ཐེམ་རྐས་བཙུགས་པ་ལྟ་བུར་འདུག་ཅིང༌། ལ་འདི་ཧ་ཅང་གཟར་བས་བགྲོད་དཀའ་བ་བྱུང་རུང་ཁུགས་ཀྱོག་དང་གྱེན་ཐུར་མང་པོ་བཅད་མི་དགོས་པར་གདོང་གནམ་ལ་བསྟན་ནས་འགྲོ་རྐྱང་བྱེད་ཆོག་པས་ཉི་མ་མ་ནུབ་གོང་ནས་ལ་སྟེང་དུ་སླེབས་ཐུབ་པ་བྱུང༌། འདིར་རྡོ་གྲུ་བཞི་ཞིག་གི་ངོས་ལ་ཕར་ཕྱོགས་སུ་ནཻཔལཱ་(Neple)དང༌། ཚུར་ཕྱོགས་སུ་ཀྲུང་གོ་ཟེར་བ་ཞིག་བྲིས་འདུག ངས་ཀི་བཏབ་རྩིས་བྱས་པས་ཧ་ལས་པ་ཞིག་ལ་གློ་བའི་ནང་དུ་དབུགས་ཆེན་པོ་ལེན་མི་ཐུབ་ཅིང༌། གསལ་མི་གསལ་ཞིག་མ་གཏོགས་ཁ་ཡང་གྲག་རྒྱུ་མེད་པར་གྱུར་འདུག རྐང་བ་ཡ་གཅིག་སྤོས་དུས་ལོ་ཉེར་བརྒྱད་ཀྱི་བར་དུ་འཚར་ལོང་བྱུང་བའི་ཕ་ཡུལ་བོད་གངས་ཅན་གྱི་ལྗོངས་དེ་རྒྱབ་ཏུ་བསྐྱུར་རན་ཡོད་པས་སེམས་སྐྱོ་བ་ཞིག་གི་ངང་བོད་སྐྱོང་བསྟན་མའི་ཚོགས་ལ་ལྐོག་ཤུབ་ཀྱིས་གསོལ་མཆོད་ཁ་ཤས་བཏང༌། རྒྱབ་ལོགས་སུ་མར་འབབ་རྒྱུ་ལ་དཀའ་ཚེགས་དེ་ཙམ་མི་འདུག་ཀྱང༌། མང་ཆེ་བ་ངོས་གཟར་བོར་གོམ་པ་འདོར་མི་ཐུབ་པས་ཤུད་བརྒྱབ་ཏེ་འགྲོ་དགོས་པ་དང༌། རྡོ་རྩུབ་རེག་ཅན་གྱི་ནང་དུ་རྐང་འདྲེད་ཡང་ཡང་བྱས་པས་ངའི་ལྷྭམ་མཐིལ་གཉིས་ཀ་ལྷུང་ནས་རས་ཀྱིས་བཏུམ་དགོས་བྱུང༌། ས་རུབ་སྐབས་ངེད་ཅག་སྔོན་མ་རྣམས་ལ་ཤོད་དུ་སླེབས་ཅིང༌། ཡུན་རིང་ཙམ་ལ་བསྒུགས་པས་རྗེས་མ་རྣམས་ཀྱང་ཉེ་ཞོ་མེད་པར་འབྱོར་བྱུང༌། འདིར་རྡོ་ཁང་ཁ་ཤས་ཤིག་ཡོད་ཀྱང་ང་ཚོ་ལ་ཟ་རྒྱུ་མེད་པའི་ཁར་བུད་ཤིང་ཡང་མི་འདུག་པས་ཞག་སྡོད་བྱེད་ཐབས་མེད་ཅིང༌། དེ་ནས་ཆུ་ཚོད་ཁ་ཤས་ཤིག་ལ་སོང་ན་ས་མདོ་ཅུའུ་ཟེར་བའི་གྲོང་བ་ཞིག་དང་ཐུག་རྒྱུ་ཡོད་ཟེར་བ་ལྟར་ཡང་ཨུ་ཚུགས་བརྒྱབ་ནས་འགྲོ་རྐྱང་བྱས། སྔར་ཡིན་ན་གྲོང་པ་དེར་བལ་བོའི་མཐའ་སྲུང་དམག་མི་སྡོད་ཀྱི་ཡོད་པ་དང༌། རྒྱ་ནག་གཞུང་གིས་གླ་རྔན་བྱིན་ཡོད་སྟབས་བོད་མི་བཙན་བྱོལ་བ་ཚོ་ལ་རྒྱ་མིས་བྱེད་སྟངས་ཅི་བཞིན་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོ་མཉམ་དུ་འགྲོ་མ་ཕོད་པར་ལམ་ཁྲིད་པ་དང་མི་ཁ་ཤས་སྔོན་ལ་སོང་ཞིང་བྱིངས་རྣམས་རྗེས་སུ་བཤར། ངེད་མིང་སྲིང་གཉིས་རྗེས་མ་རྣམས་ཀྱི་ནང་དུ་ཡོད་ཀྱང་མགྱོགས་པོར་ཕྱིན་པས་རི་ལུང་མང་པོ་ཞིག་གི་སྔོན་ལ་ཤོར། འཁྱག་རོམ་གྱི་སོ་ཁ་སོག་ལེ་ལྟར་དོད་པའི་ལམ་ཁེར་རྐྱང་ཞིག་དེད་ནས་ཆུ་ཚོད་གཉིས་གསུམ་ཞིག་ལ་སོང་ཡང་གྲོང་བ་དང་ཐུག་རྒྱུ་མེད་པས་ལམ་ནོར་བ་ཨེ་ཡིན་སྙམ་བློ་ཐེ་ཚོམ་ལོག་གེ་བ་ཞིག་གི་ངང་དུ་འགྲོ་སྐབས། སྔོན་མ་ཚོས་རྐང་བ་དཀྲིས་ཡོད་པའི་རས་ཀྱི་དུམ་བུ་ཞིག་ཟག་འདུག་པས་ངེད་གཉིས་གད་མོ་མང་པོ་དགོད་ཀྱིན་སོང་བ་ཡིན། གང་འཚམ་ཤིག་ནས་ལུང་ཁུང་ཅིག་ཏུ་སྒྲོན་མེ་མང་པོའི་འོད་མཐོང་ཞིང༌། སྔོན་མ་ཚོས་ཀྱང་གློག་གཞུས་ཉེན་ཁ་མེད་པའི་བརྡ་བྱེད་ཀྱི་འདུག ངེད་གཉིས་ཀྱིས་རྗེས་མ་རྣམས་སྒུག་པས་ཡུན་རིང་འགོར་ཞིང༌། ང་ཚོ་གྲོང་ནང་དུ་བབས་སྐབས་དཀྲུག་ཇ་བཟོས་ཤིང་འབྲས་མང་པོ་བཙོས་ནས་སྣེ་ལེན་གྱི་གྲ་སྒྲིག་བྱས་འདུག དེའི་ཕྱི་ཉིན་ངལ་གསོ་བརྒྱབ་ནས་ཉིན་རྗེས་མ་ལ་འགྲོ་རྒྱུ་བྱས་ཀྱང་ང་ཚོའི་ནང་དུ་བླ་རྒན་ཞིག་ཡོད་པ་དེའི་མིག་གངས་བྱིད་ཐེབས་ཡོད་པས་ཉིན་གཉིས་ལ་སྡོད་དགོས་བྱུང༌།
འདིར་བརྗེད་ཐབས་མེད་པའི་བློ་འགྱོད་ཅིག་ནི། ངའི་ལམ་གྲོགས་ཚོས་དངུལ་བསྡུས་ཏེ་ལུག་ཉོས་ནས་བཤའ་རྩིས་བྱས་པ་ཐོག་མར་ངས་རེ་བ་ཆེན་པོ་བརྒྱབ་སྟེ་ཕྱིར་སློག་ཀྱང༌། རྗེས་སུ་ང་གཉིད་ལ་ཤོར་བའི་སྐབས་དང་བསྟུན་ཁོང་ཚོས་ཉོས་ནས་བཤས་ཚར་འདུག འོན་ཀྱང་གཅུང་མོས་སྤྱིར་ཤ་མི་ཟ་བ་དང༌། ངས་ཀྱང་ཆེད་དུ་བསད་པའི་ཤ་དེ་ཡི་གར་མ་སོང་བས་ངེད་གཉིས་ཀྱིས་ཞོག་གོག་དང་འབྲས་རང་བཟས་ནས་བསྡད། འདིར་ཅ་ལག་ཕྲན་ཚེགས་དང་གྱོན་གོས་ཅུང་ཙམ་ཡོད་པ་རྣམས་ཕར་བཙོང༌།
གྲོང་ཚོ་འདི་ནི་ཡུལ་གྱི་མཐའ་འཁོབ་ལྟ་བུར་ཡོད་པས་གྲོང་ཁྱེར་དང་ཐག་ཧ་ཅང་རིང་ཞིང༌། མོ་ཊའི་ལམ་ལྟ་ཅི་ཐ་ན་རྟ་དྲེལ་གྱི་ལམ་ཡང་མི་འདུག དེར་བརྟེན་རང་དགར་ཅ་ལག་ཉོ་ཐབས་མེད་པས་ཕོར་བ་ཆག་པོ་དང༌། ཞྭ་མོ་རྙིང་ཧྲུལ། མིག་ཤེལ་ཆག་པོ་ཡན་ཆད་འདི་མི་ཉོ་བྱ་བ་གཅིག་ཀྱང་མི་འདུག མ་གཞི་འཚོ་བ་ཐབས་སྡུག་གིས་མི་ཚེ་སྐྱེལ་བའི་གྲོང་བ་ཞིག་རེད། ང་ཚོའི་ལག་པར་ནཻཔལཱ་གྱི་ཤོག་དངུལ་མང་ཙམ་བྱུང་ཡང་ཀ་ར་གོ་རེ་ཆུང་ཆུང་རེ་ལ་སྒོར་བཅོ་ལྔ་ནས་ཉི་ཤུ་བར་དང༌། ཕོར་ཐུག་རེ་ལ་སྒོར་ཉི་ཤུ་ནས་སུམ་ཅུ་བར། འབྲས་དང་ཚོད་མ་ཕོར་བ་གང་རེ་ལ་སྒོར་དྲུག་ཅུ་ནས་བདུན་ཅུ་བར་སོགས་སྤྲོད་དགོས་ཀྱི་འདུག་སྟབས་འགྲོ་སོང་ཧ་ཅང་ཆེ། ཁྱད་མཚར་བ་ཞིག་ནི། མི་གཅིག་གིས་སྒོར་དྲུག་ཅུ་ནས་བདུན་ཅུ་བར་སོགས་སྤྲད་ན་འབྲས་དང་ཚོད་མ་ལྟོ་བ་མ་འགྲང་བར་ག་ཚོད་ཟོས་ཀྱང་ཟ་ཆོག་གི་ཡོད་པ་དང༌། གལ་ཏེ་མི་དེའི་ཕོར་ཁ་ནས་མི་གཉིས་དང་གསུམ་སོགས་ཀྱིས་ཟོས་ན། མི་གསུམ་གྱིས་ཕོར་བ་གང་ལས་མ་ཟོས་ཀྱང་སྒོར་མོ་མི་གསུམ་གྱི་སྐལ་བ་སྤྲད་དགོས་ཀྱི་ཡོད་པ་རེད།
ཉིན་གསུམ་པའི་ནང་མོ་ནམ་མ་གསལ་གོང་ནས་ལམ་ཞུགས་བྱས་ཤིང༌། ཉིན་དེར་ལ་ཆེན་གསུམ་པ་བྷ་བྷོས་ལ་ཟེར་བ་དེ་བརྒལ་དགོས། ལ་འདི་ཧ་ཅང་མི་མཐོ་ཡང་སྒང་རྒྱུད་རིང་པོ་དང༌། ཟོག་ལུག་གི་སྐེ་རུས་ལྟ་བུའི་སྒང་གཤོངས་མང་པོ་བརྒྱུད་དགོས་པ་ཞིག་རེད། འདི་སྐབས་ཕྱི་གླིང་བའི་མི་མང་པོ་ཧི་མ་ལའི་གངས་རི་རྣམས་ལ་བལྟ་སྐོར་སྤྲོ་འཆམ་དུ་སླེབས་འདུག་ཅིང༌། ཁོང་ཚོ་ནི་འབྱོར་བ་ཆེ་དྲགས་པས་མི་གསུམ་བཞི་རེས་གཡོག་པོ་བལ་བོའི་མཐའ་མི་དྲུག་བདུན་རེ་ཁྲིད་ཅིང༌། རྐུབ་ཀྱག་དང་ཅོག་ཙེ་ཉལ་ཁྲི་ཚུན་ཆད་མིའི་རྒྱབ་ལ་བཀལ་ནས་འབྲོག་པའི་ཁལ་མ་བཞིན་རིའི་སྟེང་ཤོད་ཀུན་ཏུ་དེད་ནས་འགྲོ་གི་འདུག དེའི་ཉིན་མོ་ནས་བཟུང་ངའི་ལམ་གྲོགས་ཚོ་ལ་དབུགས་གསར་བ་སླེབས་འདུག་ཀྱང་ང་ལ་དཀའ་ངལ་ཧ་ཅང་ཆེན་པོ་ཞིག་བྱུང༌། ས་མདོ་ཅུའུ་ནས་ཡོང་དུས་ང་ལ་ལྷྭམ་མེད་པས་ལམ་ཁྲིད་པ་དེས་ལྷྭམ་ཞིག་སྤྲད་བྱུང་ཡང༌། ལྷྭམ་དེ་གཡག་མགོ་ལྟ་བུའི་ཆེ་ཞིང་ལྕི་བ་ཞིག་ཡིན་པར་མ་ཟད་ལྷྭམ་ནང་དུ་སོ་ཁ་མང་པོ་ཡོད་སྟབས་གངས་བྲག་གི་ནང་དུ་འགྲོ་བ་ལ་ཆེས་མི་འཚམས་པ་ཞིག་རེད། ལྷྭམ་ཐབས་སྡུག་དེས་ངའི་རྐང་པ་གཉིས་ཀ་སྐྲང་སྦོས་བྱུང་སྟེ་འགྲོ་མི་ཐུབ་པ་ཙམ་བྱུང༌། ལ་འདིའི་རྒྱབ་ལོགས་སུ་མར་བབས་པས་ཕྱོགས་གང་སར་ཤིང་ནགས་ཀྱིས་ཁེབས་པའི་རི་ལུང་མང་པོ་མཐོང་ཞིང༌། ལ་ཤོད་དུ་པདྨ་ཐང་ཟེར་བའི་ཐང་གོར་གོར་ཡིད་དུ་འོང་བ་ཞིག་ཀྱང་འདུག ཉི་མ་ནུབ་ཁར་ང་ཚོ་པདྨ་ཐང་དུ་སླེབས་ཤིང་དེར་ཞག་སྡོད་བྱས།
དེའི་ཕྱི་ཉིན་ནས་བཟུང་ཉིན་མཚན་དྲུག་བདུན་ཞིག་གི་རིང་ཆུ་བྲག་འདྲེས་མའི་ལམ་དང༌། ནགས་ཚལ་མགོ་འཐིབས་པོ་རྐྱང་རྐྱང་བརྒྱུད་ནས་སོང་བ་ཡིན་ཞིང༌། ཡ་མཚན་པ་ཞིག་ལ་བལ་ཡུལ་གྱི་ལུང་པ་རྣམས་གཞུང་ཤིན་ཏུ་རིང་བས་ལུང་བ་གཅིག་གི་མགོ་ལྔའི་བར་ལ་ཡང་ཉིན་ལམ་མང་པོ་འགོར་བར་འདུག བར་བར་དུ་གྲོང་ཚོ་མང་པོ་འདུག་ཅིང་དེ་ཙམ་ནས་ཉི་མ་རེ་རེར་ཕྱིན་པས་ཚད་པ་ཡང་ཇེ་ཆེ་ཇེ་ཆེར་ཕྱིན། སྔར་མར་པ་ལོ་ཙཱ་རྒྱ་གར་དུ་ཕེབས་ཚུལ་གྱི་མགུར་ལས། བདག་བལ་བོའི་ལམ་དུ་ཞུགས་ཙ་ན།། བཅའ་འཕྲང་དང་ཆུ་ལ་ཐར་དུས་མེད།། ནགས་འཐུག་པོ་གཅིག་ལ་ཐོན་དུས་མེད།། ལམ་རིང་པོ་གཅིག་ལ་བགྲོད་དུས་མེད།། ཤིང་སྡོང་པོ་མི་རོ་རེངས་པ་འདྲ།། ལམ་དེ་ཀུན་སྡུག་བསྔལ་མཐོང་ཙ་ན།། བྱ་དགུང་ལ་འཕུར་བ་གཤོག་པ་འདར།། ཞེས་ཧ་ལས་ཚུལ་མཛད་ནས་གསུངས་ཡོད་མོད། སྐབས་དེར་ཁོང་རྒྱ་ནག་གི་དམག་མིའི་ལག་ཏུ་ཤོར་དོགས་མེད་པས་བལ་བོད་ཡོངས་གྲགས་ཀྱི་ལམ་ཁ་བདེ་ཤོས་དང༌། རྒྱུགས་ཆེ་ཤོས་ནས་ཕེབས་ཡོད་ངེས་ཀྱང༌། ངེད་ཅག་ནི་རྒྱ་བལ་གྱི་མཐའ་མཚམས་དམག་མིས་ཀྱང་ས་ཕྱོགས་འདི་ནས་མི་ཞིག་ཡོང་མི་ཐུབ་བསམ་སའི་ས་དེ་ནས་ཆེད་དུ་ཡོང་དགོས་པས། མར་པ་ལོ་ཙཱ་ཕེབས་སའི་ལམ་ཁ་ལས་རྡབ་མང་པོས་དཀའ་བར་ཡོད་པ་སྨྲོས་མ་དགོས། ཡུན་རིང་པར་སོང་སོང་སྟེ་ཁ་སྐོམ་ཐང་ཆད་ནས་ཡོད་དུས་ཕྱོགས་གང་སར་ཤིང་ཟམ་བཙུགས་ཡོད་པའི་ཁྱིམ་ཚང་འགའ་རེ་དང་ཐུག་རྒྱུ་འདུག་པས་ཐང་སན་ནུབ་ཕྱོགས་སུ་བསྐྱོད་པའི་གློག་བརྙན་ཟློས་གར་དེ་ཡང་ཡང་དྲན་གསོ་ཐེབས་པ་བྱུང༌། ང་ཚོའི་གོན་པ་དང་ཅ་ལག ཐ་ན་ལག་མགོའི་ཕྲེང་བ་ཡན་ཆད་རིམ་གྱིས་བཙོང་ནས་བཟའ་བཏུང་དང་བརྗེས། མཚམས་རེར་རི་གདོང་ཕན་ཚུན་སྦྲེལ་བའི་ལྕགས་སྐུད་ཀྱི་ཟམ་པ་ཡ་ང་བ་མང་པོ་བརྒྱུད་ཅིང༌། མཚམས་རེར་བལ་དམག་ཡོད་པས་ཉིན་མོ་ཡིབ་ནས་མཚན་མོར་འགྲོ་དགོས་ཀྱི་འདུག ཉིན་མོ་ནགས་ཚལ་གྱི་ནང་དུ་འགྲོ་སྐབས་ཁོར་ཡུག་རྣམས་ཁ་ཁུ་སིམ་པོར་གནས་ཀྱང༌། མཚན་མོ་འགྲོ་སྐབས་སྲིན་འབུ་སྣ་ཚོགས་ཀྱི་སྐད་སིལ་སྙན་ལྟ་བུ་དང༌། དྲིལ་བུ་ལྟ་བུའི་སྒྲ་དྲག་ཏུ་འབྱིན་པས་རྣ་བ་འོན་སྙམ་བྱེད།
མཚན་མོ་ཞིག་ལ་དམག་ཡོད་སའི་གྲོང་བར་གུ་དོག་པོ་ཞིག་ཏུ་འཇབ་ནས་ཕྱིན་པས། ལམ་ཁྲིད་པ་དང་མི་གཉིས་གསུམ་ཞིག་བྲོས་ཟིན་མཚམས། དམག་མི་ཞིག་གིས་ངེད་མིང་སྲིང་གཉིས་ཀྱི་སྔོན་དུ་དགེ་རྒན་སྐལ་བཟང་ཡོད་པའི་མཚམས་ནས་དུམ་ཆོད་བྱས་ཏེ་བཀག་ཅིང༌། ཁོས་སྐད་ཆེན་པོ་བརྒྱབ་རྐྱེན་ཁང་པ་གཡས་གཡོན་གྱི་ནང་གི་དམག་མི་རྣམས་གཉིད་སད་དེ་བྲེལ་ཚུབ་ཀྱིས་གོས་ལྷྭམ་གྱོན་པ་མཐོང་གི་འདུག སྐལ་བཟང་གིས་ཕར་ཕྱོགས་སུ་མཛུབ་མོས་སྟོན་ཁུལ་ཞིག་བྱས་ནས་བྲོས་སོང་བས། དམག་མི་དེ་ཚུར་བརྒྱུགས་ནས་ངའི་དཔུང་བ་གཡོན་པ་ལ་འཇུས། ང་ནི་རྐང་བ་སྐྲང་སྟེ་འུ་ཐུག་ནས་ཡོད་པའི་ཁར་བསམ་བློ་གཏོང་སྟངས་ཤིག་གིས་ཚིག་པ་ཟོས་ནས། ལག་གཉིས་ཀྱིས་ཁོའི་ཐོང་རྩར་བཟུང་སྟེ་སྐེ་བཙིར་བ་དང༌། ཁོའི་མིད་པའི་ནང་ནས་ཁག་ཁོག་ཟེར་བའི་སྒྲ་གྲག་བཞིན་པར་ཤུགས་གང་ཡོད་ཀྱིས་ཕུད་རྒྱག་ཅིག་བྱས་པས། འདོམ་བཞི་ལྔ་ཙམ་ཞིག་གི་སར་ཡར་ནས་སོང་བ་དང་སྦྲགས་ངེད་གཉིས་ཀྱང་སྐལ་བཟང་གི་རྗེས་སུ་བྲོས། གཞན་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་བྲོས་བྱུང་བས་ཅུང་ཙམ་ནས་ང་ཚོ་ནགས་ནང་དུ་ཤོར་ཞིང༌། དམག་གིས་རྗེས་འདེད་གཏོང་མ་ཕོད་པས་བདེ་བར་ཐར། སྔོན་མ་བོད་མི་ཁ་ཤས་ལ་དམག་གིས་རྗེས་འདེད་བཏང་བས། ཁོང་ཚོས་དམག་མི་གཉིས་ཚུར་བཟུང་སྟེ་གསོན་པོར་བྲག་གཡང་དུ་གཡུག་པའི་ལོ་རྒྱུས་ཤིག་ཀྱང་རྗེས་སུ་གོ་རྒྱུ་འདུག
དེའི་ཕྱི་ཉིན་དགོང་མོར་རླངས་འཁོར་ཡོད་སའི་གྲོང་པ་ཞིག་དང་ཐུག་ཀྱང་ང་ཚོ་ཐང་ཆད་དྲགས་པས་མཚན་མོ་དེར་ཞག་སྡོད་བྱེད་རྒྱུ་བྱས། དེར་མགྲོན་ཁང་ཤིན་ཏུ་སྐྱིད་ཅིང་གོང་ཡང་བདེ་བ་མང་པོ་འདུག་པས་ཁྲུས་དང་ངལ་གསོ་ཡག་ཙམ་ཐུབ་པའི་རེ་བ་བྱས་ཀྱང༌། གང་མཚམས་ནས་བལ་བོའི་བུད་མེད་མང་པོ་བྱུང་སྟེ་སྐད་ཅོར་རྫོགས་རྒྱུ་མེད་པ་བརྒྱབ། ང་ཚོས་སྐད་ཆ་ཚིག་གཅིག་མ་གོ་ཡང་ལག་བརྡ་སོགས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས། མཐར་ཉེན་རྟོག་པ་ཡོང་ནས་ཁྱོད་ཚོའི་ལག་པར་ལྕགས་བརྒྱབ་སྟེ་རྒྱ་ནག་ལ་ཕྱིར་བསྐྱལ་གྱི་རེད་ཟེར་བ་གསལ་བོར་ཤེས་པས། ཡང་ཅ་ལག་ཕྲན་བུ་རེ་ཡོད་པ་བྲེལ་ཚུབ་ཀྱིས་བསྡམས་ནས་གྲོང་བ་དེའི་ནུབ་ཕྱོགས་སུ་བྲོས། གད་ཁུག་ཅིག་ཏུ་ཆུ་ཚོད་བཞི་ཙམ་ལ་བསྒུགས་རྗེས་ལམ་ཁྲིད་པས་རླངས་འཁོར་གླ་རྒྱུ་ལོན་འདུག་པ་ཁྲིད་ནས་སླེབས་བྱུང༌། ང་ཚོ་རླངས་འཁོར་གྱི་ནང་དུ་འཛུལ་རྗེས་སྐར་མ་གཅིག་ཀྱང་མ་འགོར་བར་མོ་ཊའི་གློག་སྒོ་ཕྱེས་སོང་བ་དང༌། སྐབས་དེར་པར་རྡེ་སས། པར་རྡེ་སས། ཇ་ན་ནི་ཧེ། ཟེར་བའི་གཞས་སྙན་མོ་ཞིག་བཏང་བྱུང་བ་སྐད་མི་གོ་བས་ནང་དོན་ཅི་ཡིན་མི་ཤེས་ཀྱང༌། ལས་ཀྱི་དབང་གིས་ངའི་རྣ་ལམ་དུ་སྙན་པ་ལ་ཚོད་མེད་པ་ཞིག་བྱུང༌། ས་ཆ་འདི་བལ་བོའི་རྒྱལ་ཁབ་ཀྱི་ས་ཆ་ཡིན་ཡང༌། གཞས་དེ་རྒྱ་གར་གྱི་གཞས་ཡིན་འདུག་པ་དེས་ན། གཞས་དེ་ངའི་མི་ཚེ་འདིར་རྒྱ་གར་གྱི་སྐད་གོ་བ་ཐོག་དང་པོ་དེ་ཡིན། དེའི་ནུབ་མོ་མཚན་གཅིག་ལ་མོ་ཊར་ཞུགས་ནས་ཕྱིན་པས། ཕྱི་ཉིན་ཞོགས་པའི་ཉི་ཤར་ལ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུར་(Kathmandu)ཡོད་པའི་བོད་ཀྱི་སྣེ་ལེན་ཁང་དུ་འབྱོར་ཐུབ་པ་བྱུང་ཞིང༌། སྣེ་ལེན་ཁང་འདི་བོད་ནས་གསར་དུ་འབྱོར་བ་སྐད་མི་ཤེས་ཤིང་འགྲོ་སོང་གཏོང་རྒྱུ་མེད་པ་རྣམས་ཀྱི་ཆེད་དུ་ལོ་མང་པོའི་སྔོན་ནས་བཙན་བྱོལ་བོད་གཞུང་གི་བཙུགས་པ་ཡིན་ཞིང༌། འདི་དང་འདྲ་བར་རྒྱ་གར་གྱི་རྒྱལ་ས་དྷི་ལི་དང༌། བྱང་ཕྱོགས་དྷ་རམ་ས་ལར་ཡང་བོད་ཀྱི་སྣེ་ལེན་ཁང་ཆེན་པོ་ཡོད། འགྲོ་སོང་ཆ་ཚང་གཞུང་ནས་གཏོང་བའི་ཁར་གནས་སྐོར་བ་རྣམས་གནས་སྐོར་དང༌། གྲྭ་སར་འགྲོ་མི་རྣམས་གྲྭ་ས། སློབ་གྲྭར་འགྲོ་མི་རྣམས་སློབ་གྲྭར་སྐྱེལ་གྱི་ཡོད། ང་སློབ་གྲྭར་འགྲོ་འདོད་ཡོད་ཀྱང་མདོ་སྡེ་རྒྱན་ཞིག་མ་ཞུས་ཐབས་མེད་བྱུང་འདུག་པས་ལྷོ་ཕྱོགས་རྣམ་གྲོལ་གླིང་དུ་འགྲོ་རྒྱུའི་ཐོ་བརྒྱབ་པ་ཡིན།
བལ་ཡུལ་དུ་སླེབས་པ་ནས་བཟུང་ཉལ་ཁང་དང༌། ཚོང་ཁང༌། ཐ་ན་རྩིག་བར་ཚུན་ཆད་དུ་ྋགོང་ས་ཐམས་ཅད་མཁྱེན་པའི་གསུང་ཆོས་དང༌། བཀའ་སློབ་ཀྱིས་གང་འདུག་ཅིང༌། ངས་ལག་ཏུ་ཅི་ལོན་བྱས་ནས་བཀླག་པས། འཛམ་བུའི་གླིང་ན་སྙན་གྲགས་ཀྱིས་ཁྱབ་པའི་སྐྱེས་བུ་སྙིང་སྟོབས་ཀྱི་བདག་ཉིད་ཆེན་པོ། འཛམ་གླིང་ཞི་བདེའི་དེད་དཔོན། ངོ་མི་ཤེས་ཀྱང་ཡུན་རིང་ཞིག་ནས་འདི་ཕྱིའི་སྐྱབས་གནས་སུ་བཟུང་སྟེ་གསོལ་བ་བཏབ་བཏབ་པའི་ཡིད་ཀྱི་རེ་ལྟོས་གཅིག་པུ། འཕགས་པ་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་ཤར་བ་དེ་འདི་འདྲ་ཞིག་རང་ལོས་ཡིན་སྙམ་ཞལ་དངོས་སུ་མཇལ་བ་ལྟ་བུའི་དགའ་ཚོར་བྱུང་སྟབས། རྗེས་སུ་ཁོ་བོས་བྲིས་པའི་ཐམས་ཅད་མཁྱེན་པའི་རྟོགས་བརྗོད་དེའི་ནང༌། བསོད་ནམས་འབྲས་བུ་སྨིན་པ་དགེ་བའི་དུས།། བལ་བོའི་ཡུལ་དུ་སླེབས་པའི་ཉིན་མོ་ནས།། གཟུགས་སྐུའི་ཉི་མ་མཇལ་བའི་དང་པོ་རུ།། མཁྱེན་རབ་ཡེ་ཤེས་ཆོས་སྐུ་བདག་གིས་མཐོང༌།། ཞེས་བྱ་བ་འདི་བྲིས་པ་ཡིན། སྣེ་ལེན་ཁང་དུ་ཉིན་བཅོ་ལྔར་བསྡད་ནས་ངལ་གསོ་དང་སྨན་བཅོས་གང་ལེགས་བྱས་རྗེས་སྣེ་ལེན་ཁང་གིས་གྲ་སྒྲིག་བྱས་པའི་མོ་ཊའི་ནང་རྒྱ་གར་གྱི་རྒྱལ་ས་དྷི་ལིར་ཡོང༌། འདི་དུས་ཐམས་ཅད་མཁྱེན་པ་རྡ་རམ་ས་ལར་བཞུགས་ཡོད་ཀྱང༌། ངེད་གཉིས་ལ་སྒེར་ཐོག་ནས་འགྲོ་སོང་གཏོང་རྒྱུ་མེད་པས་དྷི་ལིར་ཉིན་ཤས་བསྡད་རྗེས། ཐོག་མར་དྷི་ལིའི་སྣེ་ལེན་ཁང་གིས་གྲ་སྒྲིག་བྱས་པའི་མོ་ཊ་དང་རེལ་ལིའི་ནང་རྒྱ་གར་ལྷོ་ཕྱོགས་རྣམ་གྲོལ་གླིང་དུ་ཕྱིན་པ་ཡིན།
རྣམ་གྲོལ་གླིང་དུ་སླེབས་རྗེས་ཉི་མ་རེ་རེ་བཞིན་རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་དུ་འགྲོ་འདོད་ཀྱིས་འདུན་པ་ཧ་ཅང་ཆེ་ཡང་། རེ་ཞིག་ལམ་གྲོན་གཏོང་བྱེད་ཀྱི་དངུལ་མེད་པར་སྡོད་སྐབས་ཤིག་ལ། ཚེ་རབས་སྔ་མ་རྣམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞལ་མཐོང་བའི་སྒྱུ་བསགས་པ་དང༌། ཚེ་འདིར་ཡང་བྱིས་པ་འོ་འཐུང་གི་དུས་ནས་བཟུང་སྟེ་ལས་ཀྱི་མཐའ་མ་ལོག་པའི་འབྲས་བུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་སུམ་དུ་མཇལ་བའི་དུས་ལ་སླེབས་ཏེ།
དེ་ཡང་ནུབ་གཅིག་བདག་གི་རྨི་ལམ་དུ། རང་གི་ལུས་ལ་གོས་ལག་མཐིལ་ཙམ་མེད་པར་སྒྲེན་མོར་རྒྱུ་ཞིང་མཆིས་པ་ལས། གྲོག་མ་ཆེན་པོ་མི་ཆེན་གྱི་མཛུབ་མོ་ཙམ་པ་མང་དུ་བྱུང་ནས་ལུས་ཀྱི་སྟོད་སྨད་བར་གསུམ་ཀུན་ཏུ་འབྱར་ཞིང་ཟ་བ་དང༌། ངའི་སེམས་ལ་ད་ནི་ང་རང་གདོད་མི་ཟ་བར་གྲོག་མ་འདི་དག་གིས་ཟོས་ནས་གསོད་པར་ངེས་ཀྱང་། དབུགས་ཆད་སྐབས་ས་ལ་འགྱེལ་ཤོར་ན་གྲོག་མ་མང་པོ་འོག་ཏུ་གནོན་ནས་ཤི་བར་འགྱུར་བས། གྲོག་མ་ཚོར་མི་གནོད་པའི་ཕྱིར་ཅིས་ཀྱང་ཡར་འགྲེང་ཏེ་ཤི་བའི་ཐབས་ཤིག་བྱའོ་སྙམ་ནས་རང་གི་ལག་གཡས་པ་ཤིང་གི་ཡལ་ག་ཞིག་ལ་བཅིངས་པ་རྨིས་པ་དང་།
ཡང་ནུབ་གཅིག་ྋགོང་ས་ཆེན་པོ་མི་ཚོགས་མང་པོ་ཞིག་གི་དཀྱིལ་དུ་ཕེབས་བཞིན་པར། གློ་བུར་དུ་ང་ལ་གཟིགས་ནས་ཐུགས་དགྱེས་པའི་རྣམ་འགྱུར་ཚད་མེད་གནང་བ་དང༌། ཡང་ནུབ་གཅིག་ྋགོང་ས་ཆེན་པོའི་སྐུ་པང་དུ་མགོ་བཞག་ནས་སྡུག་ཡུས་ལྟ་བུས་མང་པོ་ངུ་གི་ཡོད་པ་སོགས། ཞག་ཁ་ཤས་ལ་དགེ་མཚན་ཅན་གྱི་རྨི་ལྟས་བཟང་པོ་མཚམས་མ་ཆད་པར་བྱུང་བ་ཅི་ཡིན་སྙམ་ནས་ཡོད་སྐབས། ༧གོང་ས་ཆེན་པོ་སེ་ར་རྒྱུད་སྨད་ཀྱིས་གདན་ཞུ་བྱས་པ་ལྟར་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར་བསྐྱངས་རྒྱུ་དང༌། སྟོང་ཐུན་སྐལ་བཟང་མིག་འབྱེད་སོགས་ཀྱི་གསུང་ཆོས་གནང་རྒྱུ་ཡིན་པའི་གཏམ་སྙན་ཐོས། དེ་རྗེས་བེ་ལ་ཀུ་པེས་(Bylakuppe)ཀྱི་ས་གནས་སུ་ཡོད་པའི་བོད་ཀྱི་དགོན་སྡེ་ཁག་དང༌། གཞིས་ཆགས་ཁག་གིས་སྤྱན་འདྲེན་གྱི་སྟ་གོན་གཟབ་ཅིང་རྒྱས་པ་བྱས་ཤིང༌། དངོས་སུ་ཕེབས་པའི་ཉིན་མོར་གྲྭ་བཙུན་དང༌། མི་སྐྱ་ཕོ་མོ་སྐར་ཚོགས་ཐང་དུ་ལྷུང་བ་ལྟ་བུས་ལམ་གྱི་གཡས་གཡོན་དུ་དར་དང་མེ་ཏོག་བཟུང་ནས་གྲལ་བསྒྲིགས་ཏེ་བསུ་བ་ཞུས་ཤིང་། ང་ཡང་རྣམ་གྲོལ་གླིང་གི་གྲྭ་བ་རྣམས་གྱི་ནང་དུ་ལམ་གྱི་གཡོན་ཕྱོགས་སུ་བསྒྲིགས་ཡོད། བྱང་ཆུབ་སེམས་དཔའ་ཆེན་པོ་འདིའི་ཞལ་དངོས་སུ་མཇལ་སྐབས་དབང་བཞི་བླངས་ཤིང་ཐུགས་ཡིད་བསྲེ་ཐུབ་པ་ཞིག་བྱེད་དགོས་སྙམ་སྟེ་རིག་པ་སྒྲིམ་ནས་ཡོད་ཀྱང༌། མཇལ་མ་ཐག་རྗེ་བཙུན་མི་ལས་མར་པ་ལོ་ཙཱ་མཇལ་བ་ལྟར་ཚེ་འདིའི་སྣང་ཤེས་ཏུར་ཏུར་པོ་འགགས་ནས་དར་ཅིག་ལ་ལུས། དེ་ཙམ་ནས་མོ་ཊ་ཆུང་ཆུང་དེ་བྱ་འཕུར་བ་ལྟར་འགྲོ་ཚར་འདུག
དེའི་ཕྱི་ཉིན་ནས་བཟུང་སེ་ར་ཐེག་ཆེན་གླིང་དུ་སྟོང་ཐུན་སྐལ་བཟང་མིག་འབྱེད་སོགས་ཀྱི་གསུང་ཆོས་བསྩལ་བ་དང༌། བྱང་སའི་ལུགས་ཀྱི་སེམས་བསྐྱེད་འབོགས་ཆོག་རྒྱས་པ་ཞིག་ཀྱང་གནང༌། འོན་ཀྱང་གྲྭ་བཙུན་ཁྲི་ཁ་ལྷག་དང༌། མི་སྐྱ་ཕོ་མོ་ཤིན་ཏུ་མང་པོ་ཡོད་པ་ཐམས་ཅད་དང་མཉམ་དུ་ཆོས་ཞུས་ནས་སྡོད་པ་ལས། རྒྱ་གར་དང་བོད་ཀྱི་སྐུ་སྲུང་རྣམས་བཙན་དྲགས་པས་སྐུའི་ཉེ་དྲུང་དུ་བཅར་ཐུབ་མ་སོང༌།
སེ་ར་དགོན་དུ་གསུང་ཆོས་རྣམས་ལེགས་པར་གྲུབ་རྗེས་རྣམ་གྲོལ་གླིང་དུ་ཆིབས་བསྒྱུར་བསྐྱངས། དེ་དུས་གྲྭ་བཙུན་བྱིངས་རྣམས་ཀྱིས་ཕེབས་བསུ་ཞུས་རྗེས་གཙུག་ལག་ཁང་དུ་འོང་མི་ཆོག་ཀྱང༌། བླ་སྤྲུལ་རྣམས་དམིགས་བསལ་གྱིས་སྐུ་དྲུང་དུ་བཅར་ཆོག་གི་ཡོད་པས་ང་ཡང་སྐུའི་ཉེ་དྲུང་དུ་བཅར་ཐུབ་པ་བྱུང༌། ༧གོང་ས་ཆེན་པོ་དགུང་གྲངས་དྲུག་ཅུ་རེ་གསུམ་ལ་ཕེབས་ཡོད་ཀྱང་སྐུ་ལུས་ཤིན་ཏུ་ཡང་པ་དང༌། ཕྱག་ཞབས་རྣམས་གསར་དུ་ཁ་ཕྱེས་པའི་མེ་ཏོག་ཅིག་དང་འདྲ། ཁྲི་ཐོག་ཏུ་བཞུགས་རྗེས་མཁན་པོ་གུ་རུ་དང་གསུང་གླེང་ཅི་རིགས་གནང༌། ང་གདོང་གྲལ་གཡས་པའི་རྒྱབ་ཀྱི་གྲལ་སྟོད་དུ་བསྡད་ཡོད་ཀྱང་ངུ་བྲོ་ནས་སྲན་མི་ཐུབ་པ་བྱུང་བས་ཞལ་ལ་ཆེར་བལྟ་ཐུབ་ཀྱི་མི་འདུག གང་མཚམས་ནས་ཞལ་ཀྲོང་གིས་ཚུར་བསྒྱུར་ཏེ་ང་ལ་གཟིགས་ནས་བཞད་མོ་གནང་བ་དང༌། ཕྱིར་ཕེབས་སྐབས་ངའི་ཕྲག་སྟེང་དུ་ཕྱག་གཡས་པས་རྡེབ་རྡེབ་ཁ་ཤས་ཤིག་མཛད་ནས་བྱོན་སོང་བས་དགའ་སྤྲོ་བསམ་གྱིས་མི་ཁྱབ་པ་ཞིག་བྱུང༌།
སེ་ར་དགོན་དུ་སྟོང་ཐུན་སྐལ་བཟང་མིག་འབྱེད་ཀྱི་གསུང་ཆོས་གནང་སྐབས་རང་གི་ཉམས་དང་སྦྱར་བའི་མགུར་མ་ཞིག་བྲིས་པ་རྗེས་སུ་བོར་ཤོར་ཡང༌། ཕྲེང་བ་ཟད་ཟད་འབད་པའི་བསྙེན་པ་ལ་མ་ལྟོས།། བྲག་ཕུག་ཅིག་ཏུ་བསྒོམས་པའི་དཀའ་ལས་ཀྱང་མ་བྱས།། བག་ཡངས་རྩེ་འཇོ་སྣ་ཚོགས་ལྟད་མོ་ཡི་ཞོར་ལ།། ཕྱག་ན་པདྨོ་མཇལ་བའི་སྐལ་བཟང་འདིས་སྐྱིད་པ།། སྔོན་ཞིག་སྡུག་བསྔལ་ངན་འགྲོའི་གཅོང་རོང་ན་ཡོད་དུས།། ཐབས་མཁས་ཐུགས་རྗེས་བསྐྱངས་པའི་བཀའ་དྲིན་གྱི་མཐུ་ལས།། བསོད་ནམས་འབྲས་བུ་སྨིན་པའི་སྐལ་བཟང་གི་དུས་ལ།། ཁྱོད་ཞལ་དངོས་སུ་མཇའ་བའི་དགའ་སྟོན་ཞིག་ཐོབ་བྱུང༌། འཇིགས་རུང་ཧི་མ་ལ་ཡའི་གངས་བྲག་གི་ཁྲོད་དུ།། དཀའ་སྡུག་རྐང་བས་བགྲོད་པའི་རྗེས་ཤུལ་ཞིག་བཞག་སྟེ།། ཟུང་ཟད་ལུས་ཀྱི་དངུལ་ཆུས་བར་མེད་དུ་བྲན་པའི།། འབྲས་བུའི་སྙིང་པོ་དེ་རིང་ཡིད་བཞིན་དུ་སྨིན་སོང༌། མགོན་ལ་བསླུ་བ་མེད་དོ་སྤྱན་གཟིགས་ཀྱི་སྤྲུལ་པ།། གྲོགས་ལ་མཚུངས་ཟླ་མེད་དོ་དགེ་འདུན་གྱི་སྡེ་ཚོགས།། ཆོས་ལ་འཁྲུལ་བ་མེད་དོ་འཇམ་དཔལ་གྱི་ཞལ་ལུང༌།། ཨེ་མ་དལ་འབྱོར་སྙིང་པོའི་དུས་ཚོད་འདིས་དགའ་བ། རྔ་རོལ་འུར་ཆེམ་མི་དགོས་ལྷོད་ལྷོད་ཀྱི་མན་ངག། ཚོགས་དང་གཏོར་མ་མི་དགོས་སྤྲོས་མེད་ཀྱི་ཉམས་ལེན།། དུས་གསུམ་རྒྱལ་བ་བགྲོད་པའི་མན་ངག་གི་ལམ་ཆེན།། བྱང་ཆུབ་སེམས་ཀྱིས་འཚོ་བའི་སྐལ་བཟང་འདིས་སྐྱིད་པ།། ཟེར་བ་ཞིག་ཡོད་ཅིང༌། ཞི་བ་ལྷས། སྟོང་ཉིད་བག་ཆགས་གོམས་པས་ན།། དངོས་པོའི་བགས་ཆགས་སྤོང་འགྱུར་ཞིང༌།། ཅི་ཡང་མེད་ཅེས་གོམས་པས་ན།། དེ་ཡང་ཕྱིས་ནས་སྤོང་བར་འགྱུར།། ཞེས་དང༌། དབུ་མ་རྒྱན་ལས། དམ་པའི་དོན་དང་མཐུན་པའི་ཕྱིར།། འདི་ནི་དམ་པའི་དོན་ཞེས་བྱ།། ཡང་དག་དུ་ན་སྤྲོས་པ་ཡི།། ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན།། ཞེས་སོགས་གསུངས་པ་རྣམས་སྐལ་བཟང་མིག་འབྱེད་དུ་རྗེས་དཔག་རྟོག་བཅས་རིགས་ཤེས་དང༌། མཉམ་བཞག་རྟོག་མེད་རིགས་ཤེས་གཉིས་སུ་སྦྱར་ནས་གསུངས་འདུག་པ་དེས། མེད་དགག་དང་སྤྲོས་བྲལ། རྣམ་གྲངས་པའི་དོན་དམ་དང་རྣམ་གྲངས་མ་ཡིན་པའི་དོན་དམ་སོགས་ཅི་ལྟར་བརྗོད་ཀྱང་དོན་གྱི་ཟབ་གནད་ལ་ཐུག་དུས་གསར་རྙིང་གི་མཁས་གྲུབ་ཆེན་པོ་རྣམས་དགོངས་པའི་བབས་སོ་གཅིག་ཏུ་བབ་འདུག་པའི་གནད་འགག་ཆེན་པོ་ཞིག་གོ་བ་བྱུང༌།
དེའི་ཕྱི་ལོར་རྡ་རམ་ས་རུ་གནས་སྤོས་ཏེ་ཡོང་བ་ནས་བཟུང་། སྔ་ཕྱི་བསྡོམས་པས་ལོ་བཅུ་ཙམ་ལ་རྒྱ་གར་དུ་བསྡད་པའི་རིང༌། ༧གོང་ས་ཐམས་ཅད་མཁྱེན་པ་ཆེན་པོ་ལས་དཔལ་ལྡན་དུས་ཀྱི་འཁོར་ལོའི་དབང་མོ་ཆེ་ཐེངས་གཉིས་དང༌། གོང་ས་ལྔ་བ་ཆེན་པོའི་གསུང་དག་སྣང་གསང་བ་རྒྱ་ཅན་ཉེར་ལྔའི་ཆོས་སྐོར་ཡོངས་རྫོགས། རྗེའི་ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ། ལམ་རིམ་ཆེན་མོ་མཆན་བཞི་སྦྲགས། དབུ་མའི་སྟོང་ཐུན་ཆེན་མོ་སྐལ་བཟང་མིག་འབྱེད། ལམ་རིམ་གསེར་ཞུན། དབུ་མ་རྩ་བ་ཤེས་རབ། བྱང་སེམས་སྤྱོད་འཇུག་ཆེན་མོ། ཀ་མ་ལ་ཤཱི་ལའི་བསྒོམ་རིམ་ཐོག་མཐའ་བར་གསུམ། རྒྱལ་སྲས་ལག་ལེན། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ། སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག བྱང་ཆུབ་ལམ་གྱི་སྒྲོན་མ་སོགས་བཀའ་ལུང་དབང་གསུམ་དཔག་ཏུ་མེད་པ་ཞུས་ཤིང༌། ཉམས་སུ་བླངས་ནས་གྲུབ་རྟགས་ཐོན་བཞག་པ་མེད་རུང༌། གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་པ་འདི་འདྲ་ཡང་ཡང་ཡོང་དཀའ་བར་ཤེས་ནས། རང་གི་ཤེས་ཚོད་ཀྱིས་ཉམས་ལེན་སྣ་རེ་ཙམ་ཡན་ཆད་སེམས་རྒྱུད་ཀྱི་སྟེང་དུ་བཀོལ་ཅི་ཐུབ་བྱེད་ཁུལ་བྱས། མ་མཐའ་ཡང་གཞུང་རེ་ནས་བློ་སྐྱེད་ཁ་ཤས་རེ་མ་ཐོན་པ་མེད་པས། ཆེས་དཀོན་ཞིང་རིན་ཐང་ཆེ་བའི་དུས་ཚོད་དེ་དག་ལ། སྙིང་པོ་ཅི་ཡང་མ་ལོན་པར་འཕྲོ་བརླག་ཏུ་བཏང་བ་ནི་ཧ་ལམ་ཐེངས་གཅིག་ཀྱང་མེད་དོ།
གལ་ཏེ་ཉམས་སུ་མ་ལོན་ཅིང༌། བློ་སྐྱེད་མ་ཐོན་པའི་དབང་དུ་བཏང་ན་ཡང༌། རྔ་བོ་ཆེའི་མདོ་ལས། དམ་ཆོས་བསྟན་པའི་དུས་ཀྱི་ཚེ།། རྔའམ་གཎྜི་བརྡུང་བའི་སྒྲ།། ཐོས་པས་བྱང་ཆུབ་ཐོབ་འགྱུར་ན།། ཉན་ཕྱིར་ལྷག་པ་སྨོས་ཅི་དགོས།། ཞེས་དང༌། མདོ་མཛངས་བླུན་གྱི་ངང་བ་ལྔ་བརྒྱ་ལྷར་སྐྱེས་པའི་ལེའུ་སོགས་དང༌། མདོ་སྡེ་གཞན་དག་མང་པོ་ལས་ཀྱང་ཆོས་ཀྱི་སྒྲ་ཙམ་རྣ་བར་ཐོས་པ་ལ་ཡང་ཕན་ཡོན་དཔག་ཏུ་མེད་པར་གསུངས་ཤིང༌། ང་བླ་རུང་དུ་སྡོད་པའི་དགུན་དུས་ཤིག་ལ། ཁོ་བོ་ཅག་གི་རིགས་བདག་མཁན་ཆེན་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཞབས་ཀྱི་ཞལ་སྔ་ནས། དུས་རྒྱུན་ཁོང་གི་ཆོས་གསུངས་དུས། ཀུན་དགའ་ར་བའི་ནང་དུ་ཡང་ཡང་ཡོང་བའི་ར་ཆེན་པོ་ཞིག་ཡོད་པ་ཚེ་འཕོས་རྗེས། ཆོས་སྒྲ་མང་པོ་ཐོས་པའི་ཕན་ཡོན་གྱིས་ལྷར་སྐྱེས་པ། མདང་དགོང་ཁོང་གི་སྐུ་དྲུང་དུ་འོད་དང་བཅས་སླེབས་ཚུལ་སོགས་གསུངས་པ་ལྟར་ན། ཆོས་ཀྱི་སྒྲ་ཙམ་རྣ་བར་ཐོས་པ་ལ་ཡང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པས། སྒོ་ཀུན་ནས་དལ་འབྱོར་ལ་སྙིང་པོ་ལེན་པར་བརྩོན་པ་ཡིན་ནོ།།
བླ་མ་སྤྱན་རས་གཟིགས་དབང་མཇལ་དུ་ཕྱིན་པའི་ལོ་རྒྱུས་མདོ་ཙམ་བརྗོད་པ་རེ་ཞིག་རྫོགས་སོ།། །། བཀྲ་ཤིས།། །།
ཡག་པོ་བྲིས་འདུག བསོད་ནམས་ཆེན་པོ་རེད། འོན་ཀྱང་ལམ་ཁའི་དཀའ་ལས་ཁྱོད་ལས་ངས་ཆེ་བ་རིག་ཡོད་ས་རེད།
བརྗོད་བྱ་དང་རྗོད་བྱེད་གཉིས་ཐད་ནས་མཆོག་ཏུ་གྱུར་བའི་རྩོམ་ཞིག་རེད་འདུག ཆོས་པ་ཟེར་ན་ངོ་མ་བསམ་བློ་གཏོང་སྟངས་འདི་འདྲ་ཞིག་ཡིན་དགོས་ཨང་། གང་མཁྱེན་པ་ཐམས་ཅད་བོད་དང་བོད་པ་འདི་ཚོའི་ཆེད་དུ་གནང་སྦྱིན་རེ་མཛད་ཐུབ་ན་ཕན་ཐོགས་ངེས་ཅན་ཡོད་ན་ཐུགས་རྗེའི་མཐུ་དཔུང་སྐྱེད་ཅིག།
ཁ་ཁོག་མཚུངས་པའི་ལ་རྒྱ་ཅན་གྱི་དཔའ་རྒོད་དང་མཁས་པ་འདི་འདྲ་དྲ་བ་འདི་ཚོར་མཇལ་ཐུབ་པ་ཚན་རིག་གི་ཆེ་ཆོས་ཀྱང་རེད་ལ། ཁྱེད་ཀྱི་གཟི་བརྗིད་ཀྱང་རེད། ཡི་རང་དང་བསྔགས་བརྗོད་ཡོད།
ཕྱེད་ཀ་ཀློག་ཟིན། ལས་ཀ་འགྲོ་རན་སོང་། ཕྱིར་ཡོང་ནས་ཀློག་གི་ཡིན། ཟིན་ཐོ་ཡག་པོ་བྲིས་འདུག
ཁྱེད་དུས་བཟང་པོ་ཞིག་ལ་འཁེལ་འདུག་ ང་༩༣ལོར་སླེབ་ཡིན་སྐབས་དེར་ཐེ་ཝན་གི་རྙོག་གླེང་ཆེན་པོ་འདུག་༧གོང་ས་མཆོག་རྣམ་གྲོལ་གླིང་ལ་ཕེབས་ཡ་དང་ཁག་པོ་རེད་འདུག་གཞིས་གྲོང་བཞི་པ་དང་རྣམ་གྲོལ་གླིང་གཉིས་ལ་བོད་པའི་སྤྱི་ཚོགས་ནང་མཐོང་སྟངས་ངན་པ་འདུག་ད་ལྟ་དོལ་རྒྱལ་བསྟེན་མཁན་ནང་བཞིན་བརྩི་གི་འདུག་པད་ནོར་རིན་པོ་ཆེ་རྡོར་རྗེ་གླིང་ཕེབས་སྐབས་གཞོན་ནུ་ཚོགས་པ་ཡིན་ནམ་བེུད་ཚོགས་པ་ཡིན་གཅིག་གི་ངོ་རྒོལ་བྱེད་ཀྱི་འདུག
ཆ་ཚང་དོ་ནན་གྱིས་ཀློག་པ་ཡིན། བརྗོད་བྱ་རྗོད་བྱེད་གང་ཐད་ནས་མཁས་པའི་ཉམས་འགྱུར་ལྡན་པ་ཞིག་བྲིས་འདུག །མ་ཟད་སྐྱིད་པའི་ཆོས་ལྡན་ཞིང་དེ་རྒྱབ་ཏུ་བཞག་ནས་རྒྱུས་མེད་མི་ཡི་ལུང་པ་འགྲིམས་པའི་ལམ་ཡིག་དེ་དག་གིས་ལོ་ངོ་ཉི་ཤུའི་གོང་དུ་ཧི་མ་ལ་ཡའི་ཤུལ་ལམ་རིང་པོ་དེ་འགྲིམས་པའི་སྣང་ཚུལ་རྣམས་སེམས་ལ་དྲན་ནས་མིག་ཟུང་ནས་ཆུ་ཐིགས་ཟགས་པ་ཞིག་བྱུང་། སྟབས་ལེགས་ནས་རྒྱ་གར་དང་། བལ་པོའི་བཙོན་དུ་ཕེབས་མ་དགོས་ཙམ་བྱུང་འདུག