དགེ་བོ།
སྔོན་གླེང་།
ང་ས་ཆ་འདིར་སླེབས་ནས་ཡུན་རིང་མ་འགོར་བར། ཡུལ་མི་རྣམས་ཀྱིས་ང་ལ་བླ་མ་ཞེས་འབོད་ཀྱི་ཡོད་པར་དོ་སྣང་བྱུང་བས། སེམས་གཏིང་ནས་ཧ་ཅང་མི་བདེ་བ་ཞིག་བྱུང་། ང་ནི་བླ་མ་ཞིག་མིན་པར་མ་ཟད། གྲྭ་བ་ཞིག་ཀྱང་མིན་པས་ང་ལ་དེ་ལྟར་འབོད་པ་ནི་གཞི་རྩ་མེད་པ་ཞིག་རེད་སྙམ། འོན་ཀྱང་། ད་ལྟ་དེ་ལ་མི་བདེ་བ་མེད་པའི་ཁར། ད་དུང་དེ་ནི་ངའི་དངོས་མིང་ཡིན་པ་ལྟ་བུའི་སྣང་བ་ཞིག་རང་གི་ངང་གིས་སྐྱེ་འོང་གིན་འདུག དེ་ནི་གཙོ་བོ་གོམས་པའི་དབང་གིས་ཡིན་སྲིད་ཀྱང་། རྒྱུ་མཚན་གཞན་ཡང་མེད་པ་མ་ཡིན་ཏེ།
གཅིག
བོད་ཀྱི་གཞིས་ཆགས་ག་གེ་མོ་ཞིག་ལ། བོད་ཡུལ་གྱི་སྟོད་མངའ་རིས་ཕྱོགས་ནས་ཡིན་པའི་གྲྭ་བ་སྨྱོན་པ་ཞིག་ཡོད། གྲྭ་སྨྱོན་དེ་ནི་ཁྱིམ་ཚང་དེའི་སྨྱོན་པ་མཐའ་མ་ཡིན་པར་མ་ཟད། མི་རྒྱུད་མཐའ་མའང་རེད་ཟེར། དེ་ནི་གཞིས་མི་རྒྱུས་ཡོད་རྣམས་ཀྱི་ཁ་ནས་གོ་བ་ཡིན་ཏེ། ཁོ་ཚོས་དེའི་ལོ་རྒྱུས་ཆ་ཚང་གླེང་གིན་འདུག
བླ་མ་ཞིག་ལ་འཁོར་མང་ཞིང་སྦྱིན་བདག་ཀྱང་མང་བས་ཧ་ཅང་ཕྱུག་པོར་གྱུར། ཕྱུག་པོ་ཡིན་པའི་རྟགས་ནི་བླ་བྲང་གི་ཕྱི་ནང་བར་གསུམ་རྟ་ནོར་ལུག་གསུམ་གྱིས་གང་བ་དེ་ཁོ་ནས་ཀྱང་ཤེས་ཐུབ་སྐད།
བླ་མ་ཕྱུག་པོ་དེའི་ཉེ་འཁོར་ན་དབུལ་པོ་ཧ་ཅང་མང་། དབུལ་པོ་མང་དོན་ནི་བླ་མ་ཕྱུག་དྲགས་པའི་དབང་གིས་ཡིན་པའམ། ཡང་ན། བླ་མ་ཕྱུག་དོན་ནི་མི་མང་དབུལ་དྲགས་པའི་དབང་གིས་ཡིན་སྐད། དེ་ནི་ང་ལྟ་བུ་ཞིག་གིས་གོ་བ་ལོན་ཐུབ་པ་ཞིག་མིན་ནའང་། ངས་གོ་ཐུབ་པ་ནི། ཉིན་ཞིག་དབུལ་པོ་ཞིག་གིས་བློ་ཁོག་བསྐྱེད་དེ་བླ་མའི་རྟ་བརྒྱ་ཕྲག་གི་ནང་ནས་གཅིག་བརྐུས་པ་དེ་རེད། ཁོས། ཕྱོགས་གཅིག་ནས་བླ་མ་ལ་རྟ་མང་པོ་ཡོད་པས་གཅིག་བརྐུས་ན་ཁོང་གིས་མི་མཁྱེན་སྙམ་པ་དང་། གལ་ཏེ་མཁྱེན་ན་ཡང་། བླ་མ་ནི་སྙིང་རྗེའི་བདག་ཉིད་ཡིན་པས་མ་མཁྱེན་ཁུལ་གནང་ནས་བསྐྱུར་བ་ལས། གནོད་པ་བྱ་མི་སྲིད་སྙམ། དེས་ན། རྐུན་མ་མགོ་མཁྲེགས་དེ་ཡང་བླ་མ་དེ་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་པ་འདྲ།
ཁོས་བླ་མའི་རྟ་བརྐུས་ནས་བཙོངས་པ་དང་། རྟ་རིན་གྱིས་ཁྱིམ་ཚང་ལ་མཁོ་བའི་དངོས་པོའམ། ཁྱིམ་མི་ཚོར་མཁོ་བའི་ཟ་མ་ཉོས། ཉིན་འགའི་རིང་ལ་ཁོའི་ཁྱིམ་ལ་དགའ་བ་དང་སྐྱིད་པའི་ཉི་མ་ཤར། འོན་ཀྱང་། བླ་མ་ནི་བླ་མ་རང་རེད། ཁོང་གིས་མ་མཁྱེན་པ་ག་ལ་སྲིད། ཁོང་གིས་རྟ་གཅིག་བརླགས་པ་མཁྱེན་པར་མ་ཟད། རྐུན་པོས་གང་མྱུར་རྟ་ཕྱིར་མ་ཕུལ་ན། ལྟད་མོ་དྲ་མ་ཞིག་བསྟན་གྱི་ཡིན་ཞེས་བསྡིགས་ར་བསྐུལ། རྐུན་པོའི་སེམས་ལ་འཇིགས་སྣང་ཚད་མེད་སྐྱེས་རུང་རྟ་བཙོངས་ཟིན་ལ། རྟ་རིན་ཡང་བེད་སྤྱོད་བྱས་ཟིན་པས། ཕྱིར་འབུལ་རྒྱུ་ཅི་ཡང་ལྷག་མེད། དེ་བས། མ་ཎི་བགྲངས་ནས་སྡིག་པ་འདག་ཐབས་ལ་འབད་པ་བྱས།
བླ་མས་སླར་ཡང་ཐ་ཚིག་བསྒྲགས་བྱུང་། བདུན་རྒྱུད་ཚུན་ཆད་ལ་ལྟད་མོ་བལྟ་རྒྱུ་ཡོད་པ་ཞིག་མ་བཟོས་ན། ང་བླ་མ་ཆེ་གེ་མོ་མིན་གསུངས། ཐ་ཚིག་དེ་ནི་ཆེས་འཇིགས་སུ་རུང་བ་ཞིག་ཡིན་པས། རྐུན་པོའི་སེམས་ལ་འཇིགས་པ་མ་བཟད་པ་སྐྱེས་ནས་མཚན་མོའི་གཉིད་ཡལ་བ་དང་། ཉིན་མོའི་ཟས་ཆད་སོང་། མིག་གིས་མཐོང་གིན་མཐོང་གིན་ལ་ཁོའི་ལུས་ཀྱི་ཤ་སྐམ་པ་དང་། ཁ་ནས་གང་བྱུང་མང་བྱུང་བཤད། སྨན་བཅོས་དང་རིམ་གྲོ་གང་གིས་ཀྱང་མ་ཕན། དེ་ལྟར་ལོ་མང་འགོར་རྗེས་རྐུན་པོ་ལྔ་བའི་ལམ་དུ་ཆས།
ཕ་སྨྱོན་པ་གྲོངས་ནས་ལོ་གཅིག་གི་རྗེས་སུ། བུ་མོ་ཞིག་ལ་སྨྱོ་ནད་ཕོག །དེ་ལྟར་བྱས་ནས་ཁྱིམ་རྒྱུད་དེ་ལ་སྨྱོན་པ་ཞིག་གི་རྒྱུན་མ་ཆད་པར་ད་བར་དུ་མི་རབས་བདུན་སོང་ཟེར།
གྲྭ་བ་སྨྱོན་པ་དེ་ནི་ཁྱིམ་རྒྱུད་དེའི་མི་རབས་མཐའ་མ་ཡིན། ཁོ་ཆུང་དུས་སྤོ་བོ་ལགས་ལ་སྨྱོ་ནད་ཡོད་པ་དང་། སྤོ་བོ་གྲོངས་རྗེས་ཁོའི་ཨ་ཅག་ལ་ཕོག །ཨ་ཅག་ཤི་རྗེས་ཁོ་ལ་ཕོག །ཕ་མ་རྒས་འཁོགས་གཉིས་ཀྱི་སེམས་ཀྱི་ཆགས་ས་དང་སྙིང་གི་རྟེན་ས་གཅིག་པུར་གྱུར་པའི་བུ་སྡུག་དེས། སྐབས་རེར་ཕ་མ་ངོ་ཤེས་པས་ཁྱིམ་དུ་འོངས་ནས་སྡོད་པ་དང་། སྐབས་རེར་ཕ་མ་ངོ་མི་ཤེས་པར་མ་ཟད། རྡོ་དང་དབྱུག་པ་སོགས་ལག་ལ་གང་ཐེབས་ཀྱིས་ཕ་མ་གཉིས་ལ་རྡུང་རྡེག་གཏོང་སྐད།
བླ་མ་དེའི་མཛད་རྗེས་ཆེ་བ་ལ།
གཉིས།
མདོ་སྨད་ཡུལ་གྱི་ས་ཆ་ཞིག་ལ་བླ་མ་ཧ་ཅང་གཉན་པོ་ཞིག་ཡོད་པའི་མཚན་ལ་བླ་མ་གསེར་སྡོང་ཟེར་ཡང་། ཡུལ་མི་ཚོས་ལྡོག་ཕྱོགས་ནས་མིང་བཏགས་ཏེ་བླ་མ་དུག་སྡོང་ཟེར། ཁོང་ནི་ངོ་མ་གཉན་པོ་དུག་གི་སྡོང་པོ་འདྲ་ཞིག་ཡོད་སྐད། བླ་མ་དེས་གཞན་གྱི་འབུལ་བ་གང་ཡང་མི་ལེན་པ་མི་མཛད་མོད། རང་ཉིད་ཀྱི་དངོས་པོ་རྐང་གཅིག་ཀྱང་གཞན་ལ་ལོངས་སྤྱོད་དུ་མི་འཇུག་པ་རེད།
ཉིན་ཞིག་ཁྲོམ་ལ་ཕྱིན་ནས་ཕྱིར་རང་ཁྱིམ་ལ་ལོག་འགྲོ་བའི་མི་ཞིག་གིས། བླ་མའི་སྒར་བའི་སྒོ་ཁར་སི་པན་དམར་པོ་ཆག་པ་ཆག་པ་བྱས་བྱས་ནས་ཉི་མར་སྐམ་ཡོད་པ་མཐོང་བ་དང་། ཁོའི་སེམས་ལ་སི་པན་དམར་པོ་འདི་ཉོག་(ཟན་གོང་) དང་ཤ་ཚོན་པོ་མཉམ་དུ་ཟོས་ན་ཅི་འདྲའི་ཞིམ་པ་ལ་ཨང་སྙམ་པའི་སྲེད་པ་སྐྱེས། སྲེད་པ་དེས་ཁོའི་ལག་པ་བསྒུལ་ནས་སི་པན་ཆག་པ་གཅིག་རུམ་ལ་བསྡུས་ནས་མྱུར་དུ་ལམ་ལ་ཞུགས།
བླ་མ་དུག་སྡོང་ནི་དངོས་གནས་དུག་གི་སྡོང་པོ་ཞིག་དང་གཉིས་སུ་མ་མཆིས་ཏེ། སི་པན་དེ་བཟས་པའི་མི་རྣམས་ཀྱི་གྲོད་པ་ལ་ཟུག་གཟེར་དྲག་ཏུ་བརྒྱབ་ནས་བྱིས་པ་ཞིག་ཤི་བ་དང་། རྐུན་མས་བླ་མ་ལ་རྟ་ཞིག་ཕུལ་ནས་འགྱོད་བཤགས་བྱས་པས་གཞི་ནས་ཁོའི་ནང་མི་ལྷག་མ་རྣམས་ནད་ལས་གྲོལ།
དེ་འདྲ་བའི་སྒྲུང་ཧ་ཅང་མང་ཡང་། ཚང་མ་འབྲི་མི་ནུས་ལ། ངེས་པར་དུ་བརྗོད་དགོས་པ་ཞིག་ནི། གཅིག་དགུ་ང་བརྒྱད་ལོར་རྒྱ་གུང་ཁྲན་གྱིས་བླ་མ་ཚང་མར་འཐབ་རྩོད་བྱས་ཤིང་། བླ་མ་དུག་སྡོང་ཡང་འཐབ་རྩོད་བྱ་ཡུལ་དུ་གྱུར། སྔོན་ཐོན་པ་རྣམས་ཀྱིས་ཁོང་ལ་འཐབ་རྩོད་བྱེད་དུས། མི་མང་པོའི་སེམས་ལ། ད་ནི་འཐབ་རྩོད་པ་རྣམས་ཚར་སོང་སྙམ་ནས་ཞེད་སྣང་བྱས། ཡིན་ནའང་། བླ་མ་དུག་སྡོང་ལ་འཐབ་རྩོད་བྱས་ནས་འཆི་ལམ་དུ་བརྫངས་རུང་། འཐབ་རྩོད་པ་རྣམས་ལ་རྟགས་དང་མཚན་མ་ཅི་ཡང་མ་བྱུང་བ་རེད།
བླ་མ་དེ་སྙིང་རྗེ་ཆེ་བ་ལ།
མཇུག་བསྡུ།
ཀློག་པ་པོ་ལགས། ས་འདིའི་ཡུལ་མི་རྣམས་ཀྱིས་ང་ལ་བླ་མ་ཞེས་འབོད་པའི་རྒྱུ་མཚན་ངས་ཁྱེད་རྣམས་ལ་བཤད་རྒྱུ་བརྗེད་འདུག །ངའི་ལག་ལ་ཕྲེང་བ་བཟུང་ནས་མ་ཎི་དང་བཛྲ་གུ་རུ་སོགས་བགྲང་བ་དང་། རང་ཁྱིམ་དུ་སྐུ་གསུང་ཐུགས་རྟེན་ལ་མཆོད་འབུལ་བྱེད་པ་སོགས་ནི་ང་ལ་བླ་མ་ཞེས་འབོད་པའི་རྒྱུ་མཚན་རེད། ལས་ཀའི་སྒོ་ནས་རིགས་ཀྱི་དབྱེ་བ་འབྱེད་པ་ནི་ས་འདི་ལ་གནའ་ནས་དར་བའི་སྲོལ་ཡིན་པས། བོད་བརྒྱུད་ནང་བསྟན་གྱི་ཆོ་ག་བྱེད་མཁན་ལ་བླ་མ་ཞེས་འབོད་པ་རེད། དེ་ནི་རིགས་ལ་ངོས་བཟུང་སྟེ། ང་ཡང་བླ་མའི་རིགས་སུ་བརྩིས་པ་རེད།
དེང་སྐབས་དུག་རྒྱུ་ཡོད་པའི་རྫས་འགྱུར་ཚོས་གཞི་ཅན་གྱི་རྡོ་བརྐོས་དང་། མཆོད་རྫས།རླུང་རྟ། ལབ་རྩེ།རྡོ་འབུམ། རས་འཛར་བླ་དར་སོགས་ཀྱིས་བོད་ཀྱི་ས་ཆུ་མཚོ་རི་ལ་འབག་བཙོག་དང་གཏོར་བཤིག་ཧ་ཅང་ཆེན་པོ་བཏང་དང་གཏོང་བཞིན་ཡོད་ལ། རྫས་འགྱུར་འཕོ་འགྱུར་དང་བསྟུན་ནས་མིའི་རིགས་ལ་འབྲས་སྐྲན་ནད་རིགས་སློང་ཉེན་ཆེན་པོ་ཡོད། དེར་བརྟེན་དེ་དག་ནི་བོད་མི་ཚོས་རང་ཉིད་རང་གིས་གཙང་གསོད་བྱེད་པའི་བྱ་སྤྱོད་འབའ་ཞིག་རེད།མཆོད་རྫས་རི་བོ་འདྲ་ཙམ་ཕུལ་ཡང་ཆོས་སུ་མི་འགྲོ་མ་ཟད་ཁོར་ཡུག་དང་དཔལ་འབྱོར་སོགས་ལ་གནོད་སྐྱོན་ཚབས་ཆེན་ཕོག་ངེས་རེད།།དེ་མ་ཚད། ཁོར་ཡུག་ལ་གཏོར་བཤིག་བྱེད་པའི་གོམས་གཤིས་དང་དར་སྲོལ་ངན་པ་འདི་དག་རྒྱ་གར།་བལ་ཡུལ། སོག་ཡུལ་དང་ནུབ་ཕྱོགས་རྒྱལ་ཁབ་ལའང་འགོས་ནད་འདྲ་བོ་ཁྱབ་བཞིན་ཡོད་པ་རེད།
གཅོད་པ་ཐར་གྱིས་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ཉིན་འགོ་ཚུགས་པའི་འབོད་སྐུལ། ཨ་རིའི་གྲོང་ཁྱེར་ནིག་ཡོག་ནས།
ཆོས་ཕྱོགས་པ་དང་རྗེས་འབྲང་པ་ལྐུགས་པ། མཆོད་རྫས་རི་བོ་འདྲ་ཙམ་ཕུལ་ཡང་ཆོས་སུ་མི་འགྲོ་མ་ཟད་ཁོར་ཡུག་དང་དཔལ་འབྱོར་སོགས་ལ་གནོད་སྐྱོན་ཚབས་ཆེན་ཕོག་ངེས་རེད།།
དགོན་པ་ཡོད་ན་བཟང་། ཡིན་ན་ཡང་། དགོན་པ་མང་ན་ཡག་པོ་མི་འདུག།
གྲྭ་བཙུན་མང་། བོད་མི་ཉུང་། མི་གྲངས་ཇི་ལྟར་འཕེལ་ལམ།