ཧི་མ་ལ་ཡའི་འཕྲུལ་སྨྱུག
དེའི་རྒྱུ་མཚན་གསང་སྔགས་ལུགས་ལ་བླ་མའི་གནང་བ་མ་ཐོབ་ན་སློབ་མ་ལ་ཉམས་ལེན་གྱི་ཐོབ་ཐང་མེད་ཅིང༌། བླ་མའི་གནང་བ་ཐོབ་ན་སློབ་མ་ལ་ཉམས་རྟོགས་ཀྱི་ཆར་པ་འབད་མེད་ལྷུན་འགྲུབ་ཏུ་འབབ་ཡོང་བ་ཡིན། གསང་སྔགས་༼ཀྱི་༽ལུགས་ལ་སྡིག་པ་ཆུ་ཡིས་འཁྲུ་རུང་ཞིང༌། སྡུག་བསྔལ་ཕྱག་གིས་སེལ་ཆོག་༼པའི་རྒྱུ་མཚན་ཡང་འདི་ལྟར་སྣང་སྟེ། དྭགས་བརྒྱུད་གྲུབ་པའི་མེ་ལོང་ལས། ཀླུའི་རྒྱལ་པོ་མ་དྲོས་པས་མཚེའུ་ཞིག་ཏུ་སྐྱེ་བ་བླངས་ནས། གང་སྲོག་ཆགས་གང་དང་གང་དག་གིས་བདག་གི་མཚེའུ་འདི་ལས་འབབ་པར་གྱུར་པའི་ཆུ་ཀླུང་རྣམས་སུ་ཁྲུས་བྱས་པ་དང༌། འཐུངས་པ་དང༌། ཞུགས་ནས་གནས་པར་བྱེད་པ་རྣམས་ལ། དེ་དག་ཉིད་དེ་རྣམས་ཀྱི་བྱང་ཆུབ་ཀྱི་རྒྱུ་གྱུར་ལ། དེ་དག་ཐམས་ཅད་ཀྱང་རིམ་གྱིས་བདག་གིས་སངས་རྒྱས་ཉིད་ལ་འགོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ལྟར། ཆུ་ལ་སྡིག་པ་སྦྱོང་བའི་ནུས་པ་མེད་ཀྱང་སྨོན་ལམ་གྱི་དབང་གིས་དེ་ལྟར་མི་འགལ་བའི་ཕྱིར། ཞེས་པ་དང༌།
མདོ་ལུགས་ལའང་དེ་མཚུངས་ཀྱི་ཁྱད་ཆོས་མེད་པ་མ་ཡིན་ཏེ། དྲི་མ་མེད་པར་གྲགས་བསྟན་པའི་མདོ་ལས། སྟེང་གི་འཇིག་རྟེན་གྱི་ཁམས་སྤོབས་པ་བརྩེགས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་སྤོབས་མཆོག་བརྩེགས་པས། ཆོས་ཚིག་གཅིག་མི་གསུང་བར་གདུལ་བྱ་འདུལ་བའི་དུས་ལ་བབ་པ་ན། སྤོས་རང་གཅིག་ཕུལ་བས། གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་བྱེད་པ་དང༌། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། གོས་ཀྱིས་འགྲོ་བའི་དོན་མཛད་ཚུལ་གསུངས་པ་རྣམས་ཀྱིས་མི་ཆོག་པ་མེད་དོ།།༽ ཆོས་ཉིད་ཞི་བ་སྟོན་མི་དགོས་པར་རྟོགས་པ་གཞན་ལ་སྤུ་ཐུབ། གསང་སྔགས་ལུགས་ཀྱི་དབང་བསྐུར་དེ་སྡིག་པ་ཆུ་ཡིས་འཁྲུད་རུང་ཞིང་སྡུག་བསྔལ་ཕྱག་གིས་སེལ་ཆོག་པའི་དཔེ་ཡིན་ལ། ༼ཞེས་པའི་ལན་ཡང་གོང་དུ་བསྟན་པ་རྣམས་ཀྱི་མི་འཐུས་པ་མེད་པར་སྙམ་མོ།།༽
ཕལ་ཆེར་ནང་པ་ཡིན་པར་ཁས་འཆེ་བ་ཚོས་བདུག་རྫས་བདུག་པ་དང༌། སྲུང་མདུད་སྐེ་ལ་འདོགས་པ། ཁྲུས་ཆུ་ཐུང་འཐུང་བ་སོགས་ཀྱང་རྒྱུ་མཚན་འདི་འདྲ་ཞིག་ལ་སྙད་བཏགས་རྒྱུ་ཡོད་པ་འདྲ།
སྡིག་པ་ཆུ་ཡིས་འཁྲུ་རུང་ཞིང༌། །
སྡུག་བསྔལ་ཕྱག་གིས་སེལ་ཆོག་པའི། །
ཐེག་ཆུང་ཐེག་ཆེན་གང་ལའང་མེད། །
གསང་སྔགས་སྐབས་སུ་དེ་བས་མེད། །
ཁྱད་པར་གསང་སྔགས་ཐེག་པ་རུ། །
ལྷ་དང་བླ་མས་བྱིན་བརླབས་པའི། །
ཕྱག་མཚན་སྲུང་མདུད་བུམ་ཆུ་ཡིས། །
སྒོ་གསུམ་སྡིག་པ་སྲབ་སྲིད་ནའང་། །
སྡིག་པ་ཆུ་ཡིས་མ་བཀྲུས་བར། །
སྡིག་པ་དད་པས་འཁྲུད་པ་དང་། །
སྡུག་བསྔལ་ཕྱག་གིས་མ་བསལ་བར། །
སྡུག་བསྔལ་མོས་གུས་བསལ་བ་ལགས། །
གསང་སྔགས་ཐེག་སྒོར་འཇུག་འདོད་ན། །
ངེས་འབྱུང་སྟོབས་དང་ལྡན་པ་ཡིས། །
སྙིང་རྗེ་ཤུགས་དྲགས་ཆེ་བའི་སྟེང་། །
སྟོང་ཉིད་དོན་ལ་བྱང་ཆུབ་དགོས། །
བླ་མ་ཚད་དང་ལྡན་པ་ཡིས། །
སློབ་མ་ཚད་དང་ལྡན་པ་ལ། །
བྱིན་རླབས་ཚད་དང་ལྡན་བྱིན་པས། །
གསང་སྔགས་ཉམས་ལེན་དེ་ནས་ཚུགས། །
དེ་མིན་དད་པས་སྡིག་བྱང་དང་། །
ངན་འགྲོ་ལས་གྲོལ་སྲིད་ལས་གྲོལ། །
ཡུན་སྲིངས་སངས་རྒྱས་མདོ་ལའང་ཡོད། །
རྡོ་རྗེའི་ཐེག་བཞུགས་དགོས་པས་དབེན། །