སེར་ཤུལ་རིན་ཆེན་དོན་གྲུབ།
——བཙན་བྱོལ་བོད་མིའི་ཤེས་རིག་གི་ཡབ་ཆེན་སློབ་དཔོན་ཆེན་པོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་༧༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་ཕུལ།
ལྷ་ཚོགས་མནལ་ལ་ཞུགས་པའི་དུས་སྐབས་སུ།།
སྒྲོན་མེ་མུན་པར་སྤྲོ་བའི་སྔ་གཞུག་ཏུ།།
དཔྱོད་ལྡན་གདན་གྲལ་ལྷོད་པའི་དུས་མཐའ་རུ།།
ཤེས་དཔྱོད་སྤོབས་པས་འགྱིངས་པ་ཁྱེད་ཉིད་ཙམ།།
རིག་གཞུང་གསེར་རི་འདེགས་པའི་དཔུང་ཤུགས་དང་།།
དེང་རབས་ལམ་ཆེན་བགྲོད་པའི་གོམ་སྟབས་ཀྱིས།།
ཤེས་རབ་ཕྱི་ལ་སྦར་བའི་དགེ་སློང་བ།།
གནམ་གྱི་ཀ་ཆེན་གྲལ་བསྟར་འོད་ཀྱིས་མཛེས།།
ཤེས་བྱའི་མཐའ་རྒྱ་ཆོད་པའི་སྒེར་ཚུགས་ཀྱིས།།
རྟག་ཆད་གཡང་ལ་ལྷུང་བའི་གནས་བྲལ་བས།།
ལོག་ལམ་གྱི་ནར་འཁྱམ་བའི་སྐབས་འཚོལ་བས།།
ཕྲག་དོག་དུག་ཚེར་གཟེངས་པའང་ཅི་ཡང་མོད།།
ཤེས་རིག་རྒྱ་མཚོའི་ཟབ་ཚད་ལེགས་འཇལ་བས།།
ལམ་སྟོན་གོ་ལོག་སྒྲུབ་པར་མང་ཚོད་ཀྱང་།།
མཛེས་པའི་གར་སྟེགས་བདེན་ལས་མི་གཡོལ་བས།།
ཁྱེད་ཀྱི་སྙན་པ་འཛམ་གླིང་འོད་ལ་བསྙེགས།།
ལེགས་སྦྱར་སྨྲ་བས་འཕགས་ཡུལ་འུར་གྱིས་དཀྲོགས།།
ཆབ་སྲིད་བསམ་བློས་ལྟ་གྲུབ་བློ་མིག་ཕྱེས།།
ཆོས་ལུགས་ཉམས་བཞེས་ཕྱག་ལེན་ཁྲོད་ནས་བསྟན།།
ཤེས་རིག་ཡབ་ཆེན་ཁྱེད་ལས་གང་དུ་འཚོལ།།
རང་སྐད་རང་ཡིག་དགེ་མཚན་འོད་ཀྱིས་འགྲེལ།།
ཆོས་ཚན་བགྲོ་གླེང་རྣམ་དཔྱོད་མཛེས་པས་སྒྲོག།
རིགས་ཀྱི་སོན་རྩ་སྐྱེད་པའི་རྨང་གཞི་རུ།།
ཤེས་ཡོན་སྲིད་གསར་སྒོ་མོ་སྟོབས་ཀྱིས་ཕྱེས།།
ངོ་གཉིས་སྤངས་ཏེ་རྒྱལ་བའི་དཔུང་རོགས་གནང་།།
སྙིང་སྟོབས་བདེན་པས་འདྲེ་ཚོགས་གདོང་ལ་བུད།།
སྐུ་དྲག་ཉམས་སྤངས་དམངས་དོན་སྒྲུབ་པར་གཞོལ།།
ལེགས་བྱས་འདི་དག་འོད་ནས་འོད་ལ་བསྙེགས།།
ཅིག་གིས་ཁྱེད་ཀྱིས་ཆབ་སྲིད་མི་ཤེས་ཟེར།།
གཞན་དག་ཁྱེད་ཉིད་རྩོམ་མཁན་མ་ཡིན་སྒྲོག།
ད་དུང་ཁྱེད་རང་ནག་ཅན་ཡིན་ནོ་ལོ།།
སྨྱོན་པའི་ལབ་བརྡོལ་ཙམ་དུ་སྔར་ནས་རྟོགས།།
སྤྱིའི་ཆེད་སྒེར་དོན་བཀག་པས་ཁྱེད་ལ་སྡང་།།
གཞུང་ལས་ཆོལ་ཞེན་སྤངས་པས་ཁྱེད་ལ་འཁོན།།
འཕྲལ་ལས་ཕུགས་རིང་བསམ་པས་ཁྱེད་ལ་རྒོལ།།
འདི་ནི་ཁྱེད་ལ་སྨད་པའི་གཏན་ཚིགས་དངོས།།
ངེས་དོན་སྣང་བ་དཀར་བོའི་འོད་ངོགས་ན།།
ཁྱེད་ནི་གནའ་དེང་ཤེས་བྱའི་ཡབ་ཆེན་ཞིག །
འཚོ་གནས་འཐབ་འཛིང་མོད་པའི་ཁོར་ཡུག་ན།།
ཁྱེད་ནི་ཞི་དུལ་གཉོམ་པོའི་དགེ་སློང་ཞིག །
བཙན་བྱོལ་ལོ་ཟླ་སྐྱོ་བོའི་གྲིབ་གཟུགས་ན།།
ཁྱེད་ནི་ཤེས་ཡོན་སྣང་བའི་སྒྲོན་མེ་ཞིག །
གཞུང་སྒྲོག་སྒེར་དོན་རྩོད་པའི་དཔོན་སྟེགས་ན།།
ཁྱེད་ནི་སྤྱི་ཁྱབ་བསམ་པའི་གཙོ་འཛིན་ཞིག །
དེང་རབས་འུར་གྱིས་སྒྲོག་པའི་དུས་སྐབས་སུ།།
ཁྱེད་ནི་སྲོལ་རྒྱུན་སྨྲ་བའི་སློབ་དཔོན་ཞིག །
སྤྱི་ཚོགས་ངལ་བས་གདུང་བའི་དུས་ཚིགས་ལ།།
ཁྱེད་ནི་སེམས་གཤིས་སློབ་དཔོན་རྣམ་དག་ཅིག །
སྨྲ་ལྕེ་བརྒྱ་ཡིས་ཁྱེད་ཡོན་བཀླགས་ནུས་བྲལ།།
བགྲང་བྱ་སྟོང་ལ་བསྔགས་བརྗོད་ཚར་ཐབས་དབེན།།
དེ་བས་ཁྱེད་ཡོན་བརྗོད་པའི་རྩོམ་ཐུང་འདི།།
བྱས་པ་དྲིན་གཟོའི་མཚོན་ཐབས་ཙམ་དུ་ཕུལ།།
༢༠༡༣/༡༡/༥/ ལ་བྲིས།
སེར་ཤུལ་ལགས་་་་་་་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བླ་རྒན་ཞེས་འབོད་ན་ཅུང་གུས་ཞབས་མེད་པ་འདྲ་བོ་མི་འདུག་གམ་་་་་
བློ་བཟང་གྲགས་པ་ལགས། ཧ་ཧ། དེ་ནི་ངས་མཚོན་ཐབས་ཁྱད་པར་བ་ཞིག་ལ་བརྩིས་པ་ཡིན།
སྤྱིར་བཏང་བླ་རྒན་ཟེར་བ་ནི་སྡུག་པོ་ཞིག་མ་ཡིན་པར་དེ་ལས་ལྡོག་སྟེ་ཡག་པོ་ཞིག་ཡིན། དེ་ཡང་བླ་ནི་མཆོག་དང་རྒན་ནི་ཡོན་ཏན་གྱི་ཆ་ནས་སམ་བསླབ་པའི་ཆ་ནས་གོང་རིམ་ལ་གོ། འོན་ཀྱང་བླ་རྒན་ཟེར་ན་ཚིག་མི་ལེགས་པ་ཞིག་ལ་གོ་བ་ལེན་པ་ནི་མ་དག་རྒྱུན་འབྱམས་སུ་གྱུར་བའམ་གཅུས་པའི་གོ་སྟངས་ཤིག་རེད། དེ་བས་ངས་འདིར་ཚིག་དེ་ཆེད་དུ་བེད་སྤྱད་ནས་གོ་བ་གཞན་ཞིག་མངོན་ཐབས་བྱས་པ་ཡིན། བློ་བཟང་་གྲགས་པ་ལ་ཕུལ།
མདུན་ན་འཛུམ་གྱིས་བསུ་བའི་འཁོར་ཚོགས་མེད།།
རྒྱབ་ན་སྐུལ་བའི་དཔུང་དང་རོགས་པ་མེད།།
རང་ཉིད་གཅིག་པུར་སྟོབས་ཀྱིས་འགྱིང་བ་ཡི།།
ཤཀྱྰའི་གྲྭ་རྐྱང་ཁྱོད་ལ་གུས་ཕྱག་འཚལ།།
སེར་ཤུལ་ལགས། ཁྱེད་ཀྱི་འབད་པར་མ་བལྟོས་པར། བླ་རྒན་ཟེར་དུས་བཟང་ངན་གཉིས་ལས་ངན་པ། ཡག་སྡུག་གཉིས་ལས་སྡུག་པ། དཀར་ནག་གཉིས་ལས་ནག་པ། ད་དུང་དྲང་དོན་དང་ངེས་དོན་གཉིས་ནས་དྲང་དོན་མ་གཏོགས་གོ་བར་མི་བྱེད། འདིས་ངའི་དྲན་ངོགས་སུ། ཏ་ལའི་བླ་མ། ངའི་བླ་རྒན་ཞེས་པའི་སྙན་ངག་སྐྱུར་མོ་འདི་གསོས་སྟབས་ཅིང་། སྐབས་དེ་དུས། རྩོམ་པ་པོ་དང་རྩོམ་གཉིས་ཀར་དྭོགས་པ་ཞིག་བཤམས། ལྷག་དོན་དབུས་ཕྱོགས་ལ། བླ་རྒན་ཟེར་དུས། སྨོད་ཚིག་ལས་བསྟོད་ཚིག་ལ་མི་འགྲོ་བ་ཁོ་ཐག་ཡིན། གལ་ཏེ་ཁྱེད་འདི་མཁྱེན་གྱི་མེད་ན། གཞན་ལ་དྲིས།
བསམ་ཤེས་ལགས། བླ་རྒན་ཟེར་བའི་མིང་ཚིག་འདི་སྡུག་པོ་དང་། ངན་པར་འགྲེལ་ཚུལ་ཞིག་ཤོད་དང་། ངན་པ་ཡིན་ཟེར་ནས་ཨུ་ཚུགས་རྐྱང་བས་ཅི་ཕན།
བླ་རྒན་ཞེས་འབོད་ན་ཞེ་ས་མ་ཡིན་པ་ལྟར་སྣང་མོད། འོན་ཀྱང་བླ་ནི་དེའི་གོང་ན་གཞན་མེད་པའི་དོན་ཡིན། རྒན་ནི་ལོའི་རྒན་པར་གོ་དགོས། འདིའི་སྐབས་བླ་རྒན་ཞེས་འབོད་ན། ཡོན་ཏན་དང་བསླབ་པར་མི་གོ ལོའི་རྒན་གཞོན་ལ་གོ་དགོས། བསླབ་པ་ལ་རྒན་པ་ཟེར་སྲོལ་ཡོད་ཀྱང་ཡོན་ཏན་ལ་རྒན་པ་ཟེར་སྲོལ་མེད། བླ་རྒན་ཞེས་འབོད་ན་གུས་ཞབས་མེད་པའི་ཚིག་མིན་པར་མ་ཟད་དོན་ལ་ཤིན་ཏུ་འོས་པའི་མཚན་ཞིག་ཀྱང་རེད། །ཟམ་གདོང་རིན་པོ་ཆེ་ནི་ལོའི་རྒན་པ་ཡིན་ལ། སྐྱེས་བུ་ཁྱད་དུ་འཕགས་པ་ཞིག་ཡིན་པས་དེ་ལྟར་འབོད་དུ་རུང་སོ།།
རུང་ངོ་།
ཧ་ཧ། བླ་རྒན། མི་རྒན། ཕ་རྒན། མ་རྒན། རྟ་རྒན། ཁྱི་རྒན། དགེ་རྒན། གྲྭ་རྒན་སོགས་གདགས་གཞིའི་ཡུལ་རྒན་བྱིས་ཀྱི་རྣམ་དབྱེ་ཕྱེས་ནས་བཏགས་པ་ཞིག་ལས་བཟང་ངན་དང་། ཡག་སྡུག། དཀར་ནག། བསྟོད་སྨད་སོགས་ཀྱི་རྣམ་དབྱེ་ཇི་ལྟར་འབྱེད་དམ། འོ་ན་ཟམ་གདོང་བླ་རྒན་གངས་སྐྱིད་ཀྱི་དབུ་མའི་སྲིད་ཁྲིར་བཞེངས་ཐེེངས་གཉིས་པའི་འོས་ཐོབ་སྐབས་༧གོང་ས་མཆོག་གིས་ཡང་བླ་རྒན་མགོ་དཀར་དེ་གདམས་བཞག་འདུག་གསུངས་པ་མ་རེད་པས། བྱས་ན་༧གོང་ས་མཆོག་གིས་ཁོང་ལ་ངན་སྡུག་ནག་སྨད་བྱས་པར་འགྱུར་བར་ཐལ།
རེད། སྔོན་མ་རྩོམ་པ་པོ་ག་གེ་མོ་ཞིག་གིས། ཏཱ་ལའི་བླ་མ། ངའི་བླ་རྒན་ཟེར་འབྲི་དུས། སྤྱི་ཚོགས་ནང་ལ་འུར་སྒྲ་ཆེ་ཆེར་གྲགས་པ་དེ་བླ་རྒན་ཞེས་པའི་ཚིག་འདི་བཏང་སྙོམས་དབང་གིས་བྱུང་ངམ།
སྔོན་གྱི་གཏམ་དཔེར། བླ་རྒན་ཁྱི་རྒན་རྟ་རྒན་གསུམ། གྲྭ་གཞོན་བརླ་ཤའི་ཆགས་སྒོ་ཡིན་ཟེར་བ་གོ་ཨེ་མྱོང་། བླ་རྒན་མགོ་མཁྲེགས་ཀ་བར་ཐུག ཁ་མཆུ་ལྕམ་དང་གདུང་མར་ཕོགས་ཟེར་དུས་བླ་རྒན་འདི་ལེགས་པར་གོ་འམ།
བླ་རྒན་ཟེར་བ་དོན་ལ་ཚིག་ཐེབས་ཆག་དེ་འདྲ་ཞིག་མ་རེད་དེ་་་་བོད་ཡོངས་གྲགས་སུ་ཅུང་མ་གུས་པའི་བཟོ་འདྲ་ཡིན་པར་གསལ་བོ་རེད། ང་ལ་མཚོན་ན་་་༧གོང་ས་མཆོག་གཙོས་པའི་ཟབ་གདོང་སོགས་ལ་བླ་རྒན་ཞེས་སྐེ་བཙུར་ཡང་ཁ་ནས་ཐོན་མི་སྲིད་པ་ཞིག་རེད། རྩོམ་ཡིག་བྲི་དུས་ཡིན་ད་ཡིན་་་བྱུང་ན་སྐད་ཆ་བཤད་དུས་ཀྱང་སྤྱི་ཚོགས་དང་འཚམ་པའི་འགྲོ་ལུགས་འགྲོ་སྟངས་གནང་ན་རང་གཞན་གཉིས་ཀ་བདེ་བའི་རྒྱུར་འགྲོ་བ་ལས་གནོད་མི་སྲིད།