རྫ་ཚེ་རིང་བཀྲ་ཤིས།
སངས་རྒྱས་ལ་ཕྱག་འཚལ་ལོ།།
དེ་རིང་ངས་སྐད་ཆ་ཞིག་ཤོད་འདོད་སྐྱེས། ང་ལ་བསམ་ཚུལ་འདི་ཡོད་ནས་དུས་ཚོད་གང་འཚམས་འགྲོ་སོང་། དེང་སང་ཡར་ཐོན་ཅན་གྱི་ལག་རྩལ་དང་རྒྱུ་ཆ་སྤྱད་ནས་དགོན་པ་སོ་སོ་དང་མི་སྒེར་སོ་སོའི་བླ་མའི་འདྲ་འབག་གམ་པྲ་བརྙན་(蠟像 wax figure)མང་པོ་བཟོ་གིན་འདུག གུ་རུ་ང་འདྲ་མ་ལྟ་བུ་སྔོན་གྱི་དུས་ན་ཡང་བླ་མའི་འདྲ་བརྙན་བཞེངས་པའི་ལུགས་ནི་ཡོད་ངེས་རེད། འོན་ཀྱང་གུ་རུ་ང་འདྲ་མར་མཚོན་ན། ཚད་དང་མཚན་ཉིད་ཀྱི་ཆ་ནས་འདྲ་ན་ཡང་། རྣམ་པའི་ཆ་ནས་མཚོན་རྟགས་རང་བཞིན་གྱི་བཟོ་ཐབས་གང་ལེགས་སྤྱད་ཡོད་ས་རེད།
དེང་སང་བཟོས་པའི་པྲ་བརྙན་མང་པོ་ཞིག་ཧ་ཅང་འདྲ་པོ་འདུག འདིའི་ཐད་ང་ལ་བསམ་ཚུལ་མ་འདྲ་བ་ཞིག་བྱུང་། སྐབས་སྐབས་སུ་ཐ་མལ་གྱི་རྣམ་པའི་ཤ་ཚུགས་མངོན་དྲགས་པ་དང་། སློབ་མ་དང་རྗེས་འཇུག་པ་སྒེར་གྱི་དད་འདུན་གྱི་སྣང་ཆ་ཤུགས་ཆེ་དྲགས་ནས་རྒྱུས་མེད་ལ་ཅུང་ཟད་ཞེད་སྣང་སྐྱེ་དགོས་པ་ལྟ་བུ་བཟོས་འདུག ང་ཚོས་སོ་སོ་སྒེར་དང་བླ་མ་བར་གྱི་དམ་ཚིག་དང་མོས་གུས། དག་སྣང་དང་བརྩེ་ཞེན་བཅས་ཟུར་དུ་བཞག་ནས་བལྟས་ན་མི་གྲོངས་ཟིན་པ་ཞིག་ཁ་གདང་། མིག་བགྲད་ནས་གསོན་པ་ནང་བཞིན་མིག་སྔུན་དུ་བཤམས་ཡོང་སྐབས་གང་ཟག་གསུམ་པ་དེ་ཚོའི་སེམས་ལ་ཚོར་བ་ཁྱད་མཚར་ཡོང་གི་རེད། ནང་ཆོས་ཀྱི་གོ་རྟོགས་ཡག་པོ་མེད་མཁན། གོམས་གཤིས་མི་འདྲ་བ་དེ་ཚོར་ཤུགས་རྐྱེན་གཞན་ཞིག་འཇོག་གི་རེད། མ་གཞི་ཁོང་ཚོ་ལྷ་ཁང་ནང་དུ་ཡོང་བ་ནི་དང་བ་འདྲེན་པའི་སེམས་ཉིད་ངལ་གསོའི་བསྟི་གནས་ཤིག་བསྙེགས་པ་རེད།
ཉིན་གཉིས་ཀྱི་སྔོན་ལ་ས་ཆ་འདིའི་བོད་ཀྱི་ཕྲུ་གུ་ལོ་བཅུ་གྲངས་ཡིན་པ་ཞིག་གིས་ངའི་ཁ་པར་ནང་ནས་རྡོ་རྗེ་རྣལ་འབྱོར་མའི་པར་ཞིག་མཐོང་བ་དང་། ཁོས་ཡ་མཚན་དང་དོགས་མི་བདེ་བའི་ངང་ནས་སངས་རྒྱས་ཟེར་བ་དེ་ཡག་པོ་ཞིག་ཡིན་པ་མ་རེད་པས། འདི་ཞེད་ནང་སྐྱེ་ས་གདོན་འདྲེ་ནང་བཞིན་ཞིག་འདུག་ཟེར། ཐབས་དང་ཤེས་རབ་སོགས་ཀྱི་གོ་དོན་དང་། མཐའ་དྲུག་ཚུལ་བཞི་ལ་སོགས་པའི་བཤད་པ་ནི་འགྲོ་ས་མེད། མ་འོངས་པར་ང་ཚོར་དཀའ་ངལ་འདི་རིགས་ཆེ་ནས་ཆེ་རུ་འགྲོ་གི་རེད། མ་འོངས་པར་ང་ཚོས་འབྲེལ་འདྲིས་བྱེད་ཡུལ་དེ་སོ་སོའི་གཡས་གཡོན་ཙམ་མིན་པར་འཛམ་གླིང་ཚང་མ་དང་། ནང་པ་ཚང་མ་རེད། དེས་ན་ང་ཚོའི་ཡོངས་ཁྱབ་ཅན་གྱི་རིན་ཐང་གི་ཐད་ལ་གོ་རྟོགས་མཐོ་རུ་གཏོང་དགོས་ཀྱི་འདུག
བོད་པ་གཞོན་སྐྱེས་ཙམ་མིན་པར་དེང་སང་གི་བསམ་བློ་ཤུགས་ཆེན་པོ་ཡོད་པའི་མི་ཚོར་གོ་བརྡ་ཡག་པོ་ཞིག་སྤྲོད་རྒྱུར་དཀའ་ངལ་ཆེན་པོ་འདུག ད་ནས་ང་ཚོས་ཅི་ཞིག་དད་ལྡན་དང་བ་འདྲེན་པའི་མིག་རྒྱན་དུ་འགྱུར་གྱི་ཡོད་པ་དང་། ཅི་ཞིག་འཇིག་རྟེན་མ་དད་པའི་རྐྱེན་དུ་འགྱུར་སྲིད་པའི་ཕྱོགས་ལ་གོ་བ་ལེན་སྟངས་གསར་པ་དང་། བསམ་བློ་གསར་པ་རེ་གཏོང་དགོས་ངེས་རེད།
གང་ཟག་དགོས་བཙན་གྱི་དབང་དུ་བྱས་ན་གོང་གི་དེ་ཚོ་ཚང་མ་ཆོས་མཐུན་རེད། ནང་ཁུལ་ལ་རྙོག་དྲ་གང་ཡང་མི་འདུག ཚང་མ་དད་པའི་ཡུལ། ཐུགས་དམ་གྱི་རྟེན། ཚོགས་བསགས་ཀྱི་ཞིང་བཅས་ཡིན་རྒྱུ་བྱས་ན་འགྲིག འོན་ཀྱང་། བསྟན་པ་སྤྱི་མཚན་གྱི་དབང་དུ་བྱས་ན་འགྲོ་ལུགས་འདི་ཧ་ཅང་དར་ཁྱབ་ཆེ་ན་ག་འདྲ་ཞིག་ཆགས་ཡོང་སྙམ། ནང་པའི་ཆོས་གྲོགས་གཞན་གྱི་མཐོང་སྣང་དང་། ཡང་ན་ནང་པ་མ་ཡིན་པ་མང་པོ་ཞིག་གིས་ཁྱད་མཚར་ཞིག་ཏུ་ཚོར་སྲིད། ག་ལེ་ག་ལེར་བྱས་ནས་ངའི་སེམས་ཁུར་འདི་ང་ཚོ་ཚང་མའི་དཀའ་ངལ་ལམ་སེམས་ཁུལ་ཞིག་ཏུ་འགྱུར་སྲིད།
ང་ཡང་ནང་པའི་ལུང་པ་གཞན་དུ་འགྲོ་སྐབས་དེ་འདྲའི་སྣང་ཚུལ་ཁག་ཅིག་མཐོང་བྱུང་། དད་པ་སྐྱེ་རྒྱུར་དཀའ་ངལ་འདུག
མ་གཞི་དད་མོས་ཀྱི་ངོས་ནས་ཆོས་སྨྲ་བའི་རོ་བམ་པ་ཞིག་མཐོང་ན་ཡང་མཚམས་མེད་ཀྱི་ལས་བྱང་ཞེས་པ་ཐེག་པ་ཆེན་པོའི་མདོའི་དགོངས་པ་རེད། ངས་ཀྱང་དེ་ཁས་མི་ལེན་པ་མ་རེད། འོན་ཀྱང་། སྐབས་རེར་ང་ཚོའི་དད་པའི་ཡུལ་དང་བསོད་ནམས་ཀྱི་ཞིང་དུ་བཞེངས་པའི་དགོན་པའི་འདུ་ཁང་དེ་ཚོ་གཙོ་བོ་སྟོན་པ་ཐུགས་རྗེ་ཅན་རང་བསྟན་པའི་བདག་པོའི་ངོ་བར་གསལ་སྟོན་ཐུབ་པ་ཞིག་དང་། སྐུ་འདྲ་དང་པྲ་བརྙན་དེ་ཚོ་སྒེར་གྱི་ཉམས་ལེན་གྱི་འབྲལ་སྤངས་ཙམ་བྱས་ན་ཡག་པོ་འདུག ནང་ཆོས་ཀྱི་རིག་གནས་ཀྱི་ཁྲོད་དུ་ཡང་། མི་སྒེར་ལ་དད་བཀུར་བྱེད་པའི་ལམ་ལུགས་ཚད་ལས་བརྒལ་བའི་མཐོང་སྣང་ཡོང་སྲིད་པ་དེ་ཚོར་ང་ཚོས་གཟབ་དགོས།
ང་ཚོར་མི་ཚོས་བླ་མའི་ཆོས་ལུགས་ཞེས་བརྗོད་པའང་སྣང་ཚུལ་འདི་རིགས་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད།
གལ་ཏེ་པྲ་བརྙན་མ་བཞེངས་ཐབས་མེད་ཡིན་ན་ཡང་། བླ་མའི་རྣལ་འབྱོར་སོགས་ཀྱི་དགོངས་དོན་དང་། ཆོས་ཀྱི་མཚོན་དོན་ངེས་ཅན་གྱིས་ཞལ་མདངས་ཅུང་འདྲ་བ་ལས་ཐ་མལ་རང་མ་ཡིན་པའི་རྣམ་པས་བཞེངས་ན་ག་འདྲ་འདུག མ་གཞི་བླ་མའི་རྣལ་འབྱོར་ཉམས་ལེན་སྐབས་བླ་མ་གསལ་འདེབས་སྟངས་ཀྱང་། རྣམ་པ་ཆོས་སྐུ་རྡོ་རྗེ་འཆང་དང་ཀུན་དུ་བཟང་པོ། གུ་རུ་རིན་པོ་ཆེ་སོགས་སུ་གསལ་འདེབས་པར་གསུང་པར་ཡང་གནད་འགག་མང་པོ་ཡོད་ས་རེད་དྲན། མཚན་དང་དཔེ་དཔྱད་ཀྱིས་བརྒྱན་པར་བསྒོམས་ན་སངས་རྒྱུའི་གཟུགས་སྐུ་སྒྲུབ་པར་དམིགས་བསལ་གྱིས་ཁྱད་པར་ཡང་ཡོད་པ་འདྲ། (འདིའི་ཐད་ལ་ཁྲིད་ཡིག་ཁག་ཏུ་བཞེད་པ་ཅུང་མ་འདྲ་བ་ཡོད་པ་ཤེས་ཀྱི་ཡོད་ན་ཡང་འདིར་ཚང་མ་མི་གླེང་)
དེས་ན། བླ་སྐུ་དེ་ཚོ་ཡང་སྲོལ་རྒྱུན་ལྟར་པདྨའི་གདན་དང་འཇའ་འོད་ཀྱི་ཀློང་ན་ཅུང་སྒྱུ་རྩལ་དང་ལྐོག་གྱུར་གྱི་མཚོན་དོན་སྤྱད་ནས་བཞེངས་ན་མ་མཐའ་ཡང་དགེ་མཚན་ཁ་ཤས་ཡོད་ས་རེད།
དེ་མིན་བླ་མ་བདག་མོ་ཅན་ཚོ་ཁྱོ་ག་གཡས་དང་སྐྱེས་སྨན་གཡོན་ལ་བྱས་ནས་པྲ་བརྙན་ཆེན་པོ་འབྲོག་ཆས་ཅན་དེ་འདྲ་བཞེངས་པ་མཇལ་རྒྱུ་འདུག དེ་ག་ནང་བཞིན། བླ་རྒན་ལོ་ལོན། གྲུབ་ཐོབ་གྲོད་ལུག་སོགས་ཚང་མ་དེང་སང་གི་འགྲེམ་སྟོན་ཁང་གི་པྲ་བརྙན་(蠟像)ནང་བཞིན་བསྒྲིགས། སྐབས་ཤིག་ལ་དེ་ཚོའི་ཆེ་ཆུང་དང་མཐོ་ཚད་ཡང་འགྲན་བསྡུར་བྱེད། (བོད་ཟེར་བ་དེ་འགྲན་བསྡུར་དང་ལད་མོའི་གཤིས་ཁ་ཚ་བོ་ཡོད་པས་སྤྲུལ་སྐུ་ངོས་འཛིན་ནང་བཞིན་ག་ལེ་ག་ལེར་དགོན་པའི་ནང་ལ་བླ་རྒན་འདས་པོ་ཕལ་མོ་ཆེར་པྲ་བརྙན་བཞེངས་རྒྱུ་དྲན་གྱི་རེད།)མཐར་དགོན་པ་ཚང་མ་པྲ་བརྙན་གྱིས་གང་འགྲོ་གི་རེད། གནས་སྐབས་སློབ་མ་དེ་ཚོའི་ངོར་འགྲིག་པ་ཞིག་ཡིན་སྲིད་ཀྱང་། དུས་ཚོད་རིམ་པས་སོང་ན་པྲ་བརྙན་དེ་འདྲ་མང་པོ་ཞིག་བཟོས་པ་དེར་དགེ་མཚན་དང་སྐྱོན་ཆ་ཅི་ཡོད་དཔྱད་དཀའ།
ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་ཀྱིས་དགོན་པ་ཚང་མ་བླ་མའི་སྐུ་གདུང་གིས་གང་ན་དོན་ལ་དགོན་པའི་འདུ་ཁང་དུར་ཁང་ཆེན་པོ་ཞིག་ཆགས་པ་རེད་བཀའ་གནང་མྱོང་བ་ཞིག་ཐོས་མྱོང་། ཁོང་མདའ་ཁར་སྐུ་གདུང་བཞེངས་རྒྱུའི་ཞལ་བཞེས་མ་གནང་བ་ཡང་གནད་འགག་ཅིག་ཡོད་ངེས་རེད། དེ་ཚང་མ་ང་སྒེར་གྱི་བསམ་ཚུལ་ཡིན། ནོར་ཡོད་ན་བདག་མ་བརྒྱབ་ན་ཆོག གང་ལྟར་གོ་བ་ལོག་པ་མི་ལེན་རྒྱུའི་རེ་བ་ཡོད།
ཞེས་པའང་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཨོ་སི་ཐྲི་ལི་ཡའི་གླིང་ཆེན་གྱི་བས་མཐའ་ཞིག་ནས་ལྷག་བློས་འཕྲལ་སྤེལ།
སྐྱེས་སྨན་འདི་ལ་གོ་བ་ཇི་ལྟར་ལེན་དགོས་སམ། སྔོན་འཇུག་ད་ཡིག།་ས་རུ་ཡང་འབོད་པ་འབོད་པ་ཡོད་པས། སྐྱེས་དམན། ཞེས་པ་ ཡིན་ནམ། ཡང་ན། དོན་གཞན་ཞིག་ཡོད་དམ། གཟུགས་བརྙན་ཞེས་པ་ལན་མང་པོར་གོ
པྲ་བརྙན། ཞེས་ཐོས་པ་ལན་དང་པོ་ཡིན། བོད་དུ། པྲ་འབེབས་པ་ཞེས་རྨོ་རྒྱབ་ཚུལ་ཡོད་པ་གོ་མྱོང་། འདི་ཉིད་ཇི་ལྟར་བྱུང་བ་ཡིན་ནམ། ཡང་། བཀྲ། ཞེས་པ་ཡིན་ན་གོ་བ་ལེན་ཐུབ་པ་ཞིག་ཏུ་མཐོང་ངོ་།
འདི་རྒྱུན་བཀོལ་མིང་མཛོད་ཆེན་མོར་འདི་ལྟར་གཏན་འབེབས་གནང་བ་བཞིན་བཀོད། པྲ་བརྙན། པྲ་ཚིལ་ལས་བཟོས་པའི་མིའམ་དངོས་པོའི་གཟུགས་བརྙན་ནོ་ཞེས་འཁོད།་
སྐྱེས་སྨན་ནི་སྐྱེས་དམན་དང་གཅིག་ཡིན། འོན་ཀྱང་། བོད་ཀྱི་ཡི་གེ་རྙིང་པར་བུ་མོ་ལ་སྨན་ཞེས་བརྗོད། གླིང་གི་མོ་སྨན་སུམ་ཅུ་དང་། སྨན་བཙུན་རྡོ་རྗེ་གཡུ་སྒྲོན་ལྟ་བུ་གྲངས་མེད་པ་ཡོད། རྒྱལ་མོ་ཚ་བ་རོང་དུ་ད་ལྟའང་བུ་མོ་ལ་སྨན་མོ་ཞེས་འབོད་པར་མཁས་པའི་ཞལ་ལས་ཐོས། དེས་ན་སྐྱེས་སྨན་ཞེས་བྲིས་ན་དོན་ལ་གནས་པར་མཐོང་ནས་དེ་ལྟར་འབྲི་གིན་ཡོད། དགེན་ལ་དྭགས་པ་ལ་ལན་དུ་ཕུལ།
ཡག་པོ་བྲིས་འདུག
ཁ་བརྡ་དྲ་བའི་ནང་དུ་རྩོམ་ཡིག་ཅི་ལྟར་སྤེལ་དགོས་སམ།
་་་་་་་ གང་ཟག་དགོས་བཙན་་་་་་་་་བསྟན་པ་སྤྱི་མཚན་གྱི་དབང་དུ་བྱས་ན་་་་་་་་
འདི།
གང་ཟག་སྒེར་ཚན་དང་། བསྟན་པ་སྤྱི་ཚན་མིན་ནམ་སྙམ་པས་དཔྱད་པར་མཛོད་ཅིག
པྲ་བརྙན་ལས། འདྲ་བརྙན་འདི་གོ་བདེ་ལ་དོན་མཐུན་པ།
བོད་རིགས་སྤྱི་སྐད་སྐོར་ལ་བྲག་གཡབ་མཆོག་གིས།
https://www.youtube.com/watch?v=pZl7uGoVSNU
བོད་ཀྱི་མིང་ཚིག་གི་སྐོར་ལ།
https://www.youtube.com/watch?v=tU-9C6bS5kA
རྫ་ཚེ་རིང་བཀྲ་ཤིས་ལེགས་ཀྱིས་ལན་བརྒྱབས་པར་བཀའ་དྲིན་ཆེ།
དམན་མོའམ་སྨན་མོ་ཞེས་པ་ལ་དྭགས་གཤམས་ཕྱོགས་སུ། རི་སྟོང་ལ་གནས་པའི་མི་མ་ཡིན་གྱི་མོ་ལ་ཟེར། མི་ཞིག་རི་སྟོང་ལ་ཉལ་ཡོད་པ་ན།་མཚན་མོར་སྨན་མོས་ བསླངས་ནས་ཉིན་མང་པོར་ཕར་ཚུར་ཁྲིད་ནས། མཇུག་ཏུ་ལྟོགས་པས་ལང་མ་ཐུབ་པ་ཆགས་པའི་ལོ་རྒྱུས་འདུག བདེན་ནམ་མི་བདེན་མ་ཤེས།
་
མི་ལ་ཕོ་མོ་གཉིས། ཕོ་ལ་སྐྱེས་པ་དང་། མོ་ལ་སྐྱེས་མ། ཞེས་མི་ལ་ཞུགས་པའི་ལྷ་རྣམས་ཀྱིས་འབོད་པའི་རྗེས་འབྲང་དགོས་སོ། མོ་ལ་སྐྱེས་དམན་ཞེས་པ་ནི་ཤིན་ཏུ་ནས་མ་ལེགས་པའོ།
བུ་དང་། བུ་མོ།
སྲས་དང་། སྲས་མོ།
ཕོ་དང་། མོ།
སྐྱེ་པ་དང་། བུད་མེད།
ཕ་དང་། མ།
ཡབ་དང་། ཡུམ།
སྤོ་དང་། རྨོ།
སྤོ་ལགས་དང་། རྨོ་ལགས།
སྤོ་ཕོ་དང་། རྨོ་མོ།
སྤོ་ཕོ་ལགས་དང་། རྨོ་མོ་ལགས།
ཡང་སྤོ་དང་། ཡང་སྨོ།
ཡང་སྤོ་ལགས་དང་། ཡང་སྨོ་ལགས།
སྐྱེ་པ་དང་། བུད་མེད།
འདི།
སྐྱེས་པ་དང་། བུད་མེད།
སྐྱེས་བུ་ནི་མི་ཙམ་དང་། སྐྱེས་པ་དང་། སྐྱེས་མ། སྐྱེད་མ་ལ་གོ་དོན་སོ་སོར་འགྲོ་མི་སྲིད་པ་མིན།
པྲ་བརྙན་ཞེས་པ་འདྲ་བརྙན་ཞེས་པའི་སྐད་དོད་ཀྱི་ཚབ་མ་རེད་ལགས། དེས་ན་སོ་སོས་གསར་དུ་གོ་བ་ཙམ་གྱིས་ལས་སླ་པོས་ཐ་སྙད་ལ་རིས་ཆོད་ཅིས་ཀྱང་མི་བྱའོ།།
པྲ་ཕབ་ཅེས་པའི་མེ་ལོང་ནང་གི་གཟུགས་བརྙན་ལ་བརྟེན་མ་འོངས་ལུང་བསྟན་ཚུལ་ཞིག་ཡོད་ཀྱང་། འདིར་ཁྱེད་ཀྱིས་བླ་སྐུ་པྲ་བརྙན་ནི། སྐུ་འདྲ་ཙམ་ལས། བླ་སྐུ་དང་འདྲ་བརྙན་ནམ་པྲ་བརྙན་མཉམ་བསྲེས་བྱས་འདུག་པ་འདི་ལ་ཡང་བསྐྱར་དཔྱད་ཞིབ་ཞིག་གྱིས་དང་། སྐད་དོད་ཅེས་པ་སྐད་གཉིས་་མི་འདྲ་བའི་བར་ལ་གོ་དགོས་པ་ལས། མིང་གི་རྣམ་གྲངས་རྩམ་ལ་སྐད་དོད་ཀྱི་དོན་མེད་པ་རེད་དོ།།
པྲ་ཚིལ་གྱི་སྐད་དོད་རྒྱ་དབྱིན་གཉིས་བཀོད་པ་ལ་རྒྱུ་མཚན་ཡོད་རེད། འདི་བཟོ་སྐྲུན་རྒྱུ་ཆ་དང་འབྲེལ་བའི་བརྡ་ཆད་རེད། རང་བཟོ་མིན། རྒྱུན་བཀོལ་མིང་མཛོད་དུ་གཟིགས། མ་མཐོང་ཕྱིར་ན་མེད་པ་མིན་ལགས། པ་ཕབ་དང་འབྲེལ་བ་མེད་ལགས།
པྲ་ཚིལ་གྱིས་བཟོས་པའི་འདྲ་གཟུགས་ཡིན། སྐད་དོད་རྒྱ་དབྱིན་གཉིས་བཀོད་པ་ལ་རྒྱུ་མཚན་ཡོད་རེད། འདི་བཟོ་སྐྲུན་རྒྱུ་ཆ་དང་འབྲེལ་བའི་བརྡ་ཆད་རེད། རང་བཟོ་མིན། རྒྱུན་བཀོལ་མིང་མཛོད་དུ་གཟིགས། མ་མཐོང་ཕྱིར་ན་མེད་པ་མིན་ལགས། པ་ཕབ་དང་འབྲེལ་བ་མེད་ལགས།
པྲ་ཕབ་ཀྱི་གཟུགས་བརྙན་ལ་པྲ་བརྙན་ཡིན་དགོས་ཟེར་མཁན་ང་ཡིན་པ་ལས། ལ་ཆའི་སྤྲ་ཚིལ་གྱི་འདྲ་བརྙན་ལ། པྲ་བརྙན་འབྲི་མཁན་དེ། རྫ་ཚེ་ཡིན་པ་ལས། ང་མ་རེད་དོ།།
པྲ་ཕབ་ཀྱི་གཟུགས་བརྙན་ལ་པྲ་བརྙན་ཡིན་དགོས་ཟེར་མཁན་ང་ཡིན་པ་ལས། ལ་ཆའི་སྤྲ་ཚིལ་གྱི་འདྲ་བརྙན་ལ། པྲ་བརྙན་འབྲི་མཁན་དེ། རྫ་ཚེ་ཡིན་པ་ལས། ང་མ་རེད་དོ།།
་
པྲ་ཕབ་ནས་རྨོ་རྒྱབ་ཚུལ་འདི་རྒྱ་གར་ནས་ བོད་དུ་དར་བ་ཡིན་ནམ་སྙམ། རྒྱ་གར་སྐད་དུ། གཟུགས་བརྙན་ལ། པྲ་ཏི་བིམྦ། ཟེར་བས། དེ་ཡི་སྒྲ་ཟུར། པྲ། རྐྱང་རྐྱང་ལུས་སོ་སྙམ་པ་ཞིག་ཁོ་བོའི་བསམ་བློར་སྔོན་མ་ན་ཡོད་པ་ཡིན། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གདན་ས་ནས་མ་འཐོན་གོང་དུ། རྨོ་པ་ཞིག་ལ་རྨོའི་བརྟག་དཔྱད་ཞུས། རྨོ་པ་དེ་ཡིས་མེ་ལོང་ལ་པྲ་ཕབ་སྟེ། ཨ་ཇོ་གདན་ས་རུ་བསྡད་རྒྱུ་མིན་པའོ་ཟེར། མེ་ལོང་ནང་དུ། ལམ་ཁག་ཅིག་གསལ་བར་ཤར་ཏོ། དྲ་གྲོགས་རྣམས་ལ་ཡེ་རྒྱལ་གྱི་རྣམ་ཐར་ཀློག་གྲོགས་ཞུ་འདོད་དོ།
(蠟像 wax figure) པྲ་བརྙན་ལ་། པྲ་རྩི། སྤྲ་རྩི། སྲ་རྩི། གང་ཞིག་ལེགས་པར་འདོད། དམ་པའི་མཁྱུད་དཔྱད་དུ་༼ལ་ཆ༽ཞེས་བྲིས་ཡོད། བཟོ་ཡིག་ཏུ་༼སྲ་རྩི༽་ཞེས་བྲིས་ཡོད། ཚིག་མཛོད་མང་པོར་པྲ་རྩི་དང་སྤྲ་རྩི་ཞེས་གཉིས་ཀ་བྲིས་སྣང་། ༼ལ༽་ཟེར་བ་རྒྱ་ནག་སྐད་དུ་ཀུན་ཤེས་ཀྱི་ཡི་གེ་ཞིག་ཡིན་ཡང་རང་ས་ནས་བྱུང་བའི་སྐད་ཞིག་མ་རེད། སྟག་ཟིག་ནས་བྱུང་ཟེར་བ་ཡོད་ཀྱང་དཔྱད་དགོས། རྒྱ་ནག་ཡི་གེར་སྤྲ་ཚིལ་དང་། རྩི་མར་སྒྲོན་མའི་རྒྱུ་བཅའ་གཉིས་ཀར་༼ལ༽ཟེར་བ་བདེན་པ་རེད། འོན་ཀྱང་དེ་གཉིས་གཅིག་མ་རེད། སྤྲ་ཚིལ་འབྱར་རྩི་རེད། རྩི་མར་སྣུམ་རྩི་རེད། (蠟像 wax figure)སྣུམ་རྩི་ཅན་གྱིས་བཟོས་པ་དང་། འགྱིག་རིགས་འདྲེས་མས་བཟོས་པ་གཉིས་ཡོད། སྤྲ་ཚིལ་ནི་ནཻ་པཱལ་གྱི་གནའ་ལུགས་སྐུ་འདྲ་བཟོ་བའི་མ་དཔེ་འབྱར་རྩི་ཅན་དེས་བཟོས་པ་རེད། འདི་ལ་སྤོས་དཀར་གྱི་སྙིགས་མའང་ཟེར། ཐང་ཆུའི་སྙིགས་མའང་ཟེར། བལ་པོའི་སྐུ་འདྲ་དང་ཐང་ཀར་ཁྲལ་སྤྲད་རྗེས་ཤོག་འཛར་ཞིག་ལ་ལ་ཐམ་དམར་པོ་ཞིག་ཡོད་པ་དེ་རེད། བོད་ཡུལ་གྱི་གཞུང་ཡིག་ཡིག་ཤུབ་ཁར་རྒྱ་བཏབ་སྲོལ་ཡང་ཡོད། གནའ་ལུགས་ཀྱི་མགར་བ་ཡོངས་སྤྱོད་སྲོལ་ཡོད་པས་ངོས་ཟིན་སླ། ཕྲན་གྱི་རྨོངས་བློར་ཤར་ཚོད་དུ། སྣུམ་རྩི་དང་འབྱར་རྩི་གཉིས་ཀ་འབྱུང་ཁུངས་འདྲ་ཡང་ནུས་པ་སོ་སོ་རེད། སྲ་རྩི་ཟེར་བ་དོན་ལ་གནས་ཏེ་། ཚོན་རྩི་དང་དྲིལ་བའི་རྐེ། བུམ་པའི་མཆུ། རིན་པོ་ཆེའི་ཕྲ། ཐང་ཀའི་དྲིལ་ཏོག་སོགས་དངོས་པོ་གང་ཞིག་མི་འགྱུར་བར་བརྟན་པོའམ་སྲ་མོ་བྱེད་པའི་རྫས་ཞིག་གོ། ཨ་མདོའི་སྐད་དུ། བཟང་པོ་ལ། སྲ་མོ། བཟང་གི་བཟང་གི་ལ། སྲ་གི་སྲ་གི་ཟེར་སྲོལ་ཡོད་པ་ལྟར་རོ། །མར་མེའི་རྒྱུ་སྣུམ་རྩི་སྲ་མོ་དེ་ཙམ་མེད། །སྲ་རྩི་སྐོལ་ཐབས་སོགས་ལ་གཟིགས་ན་འདི་གཉིས་རྒྱུ་བཅའ་སོ་སོ་ཡིན་པ་ཤེས་ནུས་སོ། །
http://www.dalailama.com/kalachakra2017-tibetan
ལྷ་བདུན་བརྒྱ་ཉེར་བཞིའི་རྟུལ་བཞུགས་ཉེར་ལྔ་་་་་་
རྡོ་རྗེའི་ཤུགས་ཀྱིས་ཡེ་ཤེས་འབེབས། ་་་་་་
བླ་མའི་སྐུ་བརྙན་འབོལ་གདན་སྟེང་དུ་བཞུགས་པ་ལས། པདྨའི་སྟེང་དུ་བཞུགས་པ་མ་བཟོས་་ན་ལེགས། གུ་རུ་རིན་པོ་ཆེ་དང་བླ་སྐུ་འགའ་ཤས་མ་གཏོགས་པདྨའི་སྟེང་དུ་བཞུགས་སྲོལ་མེད་པ་འདྲ། དེ་དག་ལ་རྒྱུ་མཚན་འདུག
དེས་ན། ད་ཡོད། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ནས། །ཞེས་པ་དེ། བདག་གི་སྤྱི་བོར་འབོལ་གདན་སྟེང་བཞུགས་ནས། །ཞེས་གསུང་ན་ལེགས།
ཀརྨ་བཀའ་བརྒྱུད་ཀྱི་སྔོན་འགྲོའི་ཚོགས་་ཞིང་ནང་། ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེའི་གདན་ལ་པདྨ་འདུག དེ་མིན་བླ་བརྒྱུད་ཚང་མར་འབོལ་གདན་མ་གཏོགས་པདྨ་མི་འདུག རྒྱུ་མཚན་ནི། ངའི་ད་ཆ་བརྗེད་ཚར་སོང། དེ་འདྲ་སོང་ཆོས་བརྒྱུད་གཞན་གྱི་བླ་བརྒྱུད་ལའང་འབོལ་གདན་མ་གཏོགས་པདྨ་མེད་པ་ཡིན་འགྲོ
ལོ་སྔོན་མར་ང་ལ་འབྱོར་བའི་༧གོང་ས་མཆོག་གི་གྱ་སྟོན་སྐབས་བཞེངས་པའི་མཛད་བརྒྱ་མཐོང་བ་དོན་ལྡན་གྱི་སྐུ་ཐང་བཅུ་བཞི་ཚང་མའི་ནང་༧གོང་ས་མཆོག་འབོལ་གདན་སྟེང་བཞུགས་པ་བྲིས་འདུག གཟིགས་འདོད་ན་འདིར་ནོན།
http://dhomay.com/index.php?option=com_content&view=category&layout=blog&id=76&Itemid=71
དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །
བདག་གི་སྤྱི་བོར་པདྨའི་གདན་བཞུགས་ནས། ། འདི་ནི་སྙན་དངགས་ཤིག་སྟེ། རང་གི་སྤྱི་བོ་པདྨའི་གཟུགས་སུ་བཀོད་པ་ཙམ་ལས། སྤྱི་བོའི་སྟེང་དུ་པདྨའི་གདན་སྒོམ་དགོས་པའི་དོན་ཨ་ཡིན་ནམ། ཡག་པོ་ཞིག་མིེ་ཤེས།
སྔོན་ལོར་རྫོངས་མཁྱེན་བརྩེ་རིན་པོ་བཀའ་དབང་ཞུས་སྐབས་སུ། ཁོང་གི་བཀའ་སློབ་གདམས་ངག་ཟབ་མོ་ཆབ་སྲིད་དང་མ་འདྲེས་པ་ཞིག་གསུངས་སོང། ཁོང་གི་ད་ལན་དབང་གནང་སྐབས་སུ་དབང་ཞུ་བ་པོ་གདུང་སྲས་སྐུ་ན་ཆུང་བ་དེ་བཞུགས་ཡོད་། མཁྱེན་བརྩེ་རིན་པོ་ཆེས་ད་ལན་ངས་དབང་གནང་སྐབས་སུ་ཁྲི་གདན་མཐོན་པོ་སྟེང་བཞུགས་པ་དེ་ཆོས་ཀྱི་ཆེ་བ་ཞིག་ཡིན་པས། ད་བར་དཔལ་ལྡན་ས་སྐྱ་པ་ལ་འདིའི་ལམ་ལུགས་ནི་མིག་དཔེ་ལྟ་འོས་པ་རེད། བླ་སློབ་ཀྱི་དམ་འབྲེལ་ཞིག་ཀྱང་རེད། དེང་སང་ལ་ལས་ཆོས་གནང་མཁན་དེ་འོག་ཏུ་བཞུགས་ནས་ཆོས་གནང་ས་དེ་སྟེང་དུ་བཞུགས་བསྡད་པ་དེ་འདྲ་ཡོད་འདུག་གསུངས་པ་སུ་ལ་གོ་དགོས་ན་ཡིན་ན་སྙམས།