—–སྐྱོ་བྲག་དགའ་དབང་།
དེང་སང་འཕྲུལ་ཆའི་དུས་རབས་སུ་བསླེབས་པས། ལས་ཀ་ཕལ་མོ་ཆེ་འཕྲུལ་ཆའི་ནང་དུ་བྱེད་ཀྱི་ཡོད་པ་བཞིན། ནང་ཆོས་ཀྱི་དཔེ་ཆ་འཆད་ཉན་དང་། ཞལ་འདོན་སོགས་ཀྱང་གློག་ཀླད་ཀྱི་རིགས་འདྲ་མིན་དུ་བྱེད་ཀྱིན་འདུག་པས། ངས་ཀྱང་དཔེ་ཚན་མི་ཉུང་བ་ཞིག་གློག་རྡུལ་འཕྲུལ་དེབ་བཟོ་བའི་རོགས་རམ་ནང་ཆེན་བཀྲ་ཤིས་ལ་ཞུས་པ་ཡིན། ཁོང་ནི་གློག་ཀླད་ཀྱི་ཤེས་ཡོན་དང་ཉམས་མྱོང་ཡོད་ཐོག་བོད་ཀྱི་རིག་གནས་ལ་ལྷག་བསམ་ཆེ་བས། ཆོས་བརྒྱུད་རིས་མེད་ཀྱི་གཞུང་རིག་ཕོན་ཆེའི་འཕྲུལ་དེབ་རིན་མེད་ཀྱིས་བཟོ་སྐྲུན་དང་དྲ་བར་གསོག་ཉར་བྱས་གདའ།
ང་དང་ཁོང་གི་བར་ལ་ངོ་ཤེས་འདྲིས་པ་ཅི་ཡང་མེད་ནའང་། ངའི་ངོ་སྤྲོད་བླ་མ་ཡེ་ཤེས་རབ་རྒྱས་ཀྱིས་ཁོང་ལ་བྱས་པའི་སྟབས་ཀྱིས་ངས་གང་ཞུས་ཐམས་ཅད་སྔ་ཕྱི་ཙམ་ལས་ཁོང་གིས་སྒྲུབ་ཡོང་གི་འདུག ད་ཐེངས་ཀྱང་འབའ་རོམ་བཀའ་བརྒྱུད་པའི་བླ་མ་འགྲོ་མགོན་ཏི་ཤྲི་རས་པའི་བླ་སྒྲུབ་ཀྱང་ངའི་རེ་བ་བཞིན་འཕྲུལ་དེབ་ཏུ་བཟོས་ནས་དྲ་བར་བཞག་གནང་གདའ་བ་དེས་དཔེ་དགའ་བོ་བྱུང་།
བླ་སྒྲུབ་འཕྲུལ་དེབ་ཏུ་བཟོས་ཏེ་དྲ་བར་བཞག་པ་འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་ཀྱི་ཡོད་མེད་གང་ལྟར་ཡང་། དུས་དང་སྟུན་པའི་ལས་ཀ་བྱ་འདོད་བྱུང་བ་ལེགས་གྲུབ་བྱུང་བ་རེད། སོ་སོའི་བསམ་དོན་གྲུབ་ན་སེམས་གཏིང་ནས་དགའ་བ་ནི་འགྲོ་བ་སྤྱིའི་རང་གཤིས་རེད།
རང་གི་འདོད་དོན་སྒྲུབ་པའི་རོགས་བྱེད་པ་པོ་ནི་དྲིན་ཆེན་ཡིན་ཕྱིར། ང་ལ་མཚོན་ན་ནང་ཆེན་བཀྲ་ཤིས་ནི་དངོས་གནས་དྲིན་ཆེན་ཡིན། ཡིན་ནའང་། ངས་ཁོང་ལ་རོགས་པ་ཅི་ཡང་བྱ་ཐུབ་མྱོང་མེད། ཕར་ལ་རོགས་ཕན་མེད་པར་ཚུར་ལ་རྟག་པར་རོགས་རམ་གནང་བ་འདིས་མཚམས་རེ་ཞེ་ཡང་འཚེར་ཡོང་གི་གདའ། གལ་ཏེ་ཁོང་ལ་རེ་སྐུལ་བྱ་མཁན་ཚང་མ་ང་བཞིན་ཕན་མེད་རྐྱང་ཡིན་ན། ཁོང་ནི་རིན་མེད་ཀྱི་ལས་ཀའི་ཁུར་པོ་ཆེ་ཤོས་ཁུར་མཁན་གྲས་ཡིན་ངེས་རེད།
གཞན་ཕན་ཟེར་ན་དེ་འདྲ་མ་རེད་དམ།
ང་ཚོས་ཕྱི་རོལ་པའི་ལྷ་དབང་ཕྱུག་དང་ཁྱབ་འཇུག་སོགས་སངས་རྒྱས་ཀྱི་གོ་འཕངས་ཐོབ་མེད། ལྷ་དེ་དག་སྒྲུབ་ན་ཚེ་འདིར་ཕན་པ་ལས་རྣམ་མཁྱེན་ཀྱི་རྒྱུར་མི་འགྲོ་ཟེར་ནས་དགག་པ་རྒྱག་བཞིན་ཡོད། འོན་ཀྱང་ང་ཚོར་བླ་སྒྲུབ་ཟེར་ནས་ཆོ་ག་མང་བོ་ཞིག་འདོན་རྒྱུ་ཡོད་པ་རེད། མངོན་ཤེས་ཐར་ཐོར་རེ་དང་གྲུབ་རྟགསཆལ་ལེ་ཆོལ་ལེ་རེ་ཟུང་བསྟན་སོང་ན་བླ་མ་སངས་རྒྱས་དངོས་ཟེར་ནས་དད་པ་བྱེད་བཞིན་ཡོད་པར་མ་ཟད། བླ་སྒྲུབ་ཀྱང་བརྩམས་ཡོད་པ་རེད། ཆོས་ལོགས་ཟེར་བ་དངོས་གནས་དེ་འདི་རེད་སྙམ། གངས་ཅན་བོད་ཀྱི་ལྷ་སྐལ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དང་སྒྲོལ་མ་སོགས་ལྷག་པའི་ལྷ་སྐྱོན་གྱིས་མ་གོས་པའི་ལྷ་དེ་འདྲ་མང་པོ་ཞིག་སྒྲུབ་རྒྱུ་བཞག་ནས་བླ་མ་གང་རུང་གི་བླ་སྒྲུབ་འདོན་རྒྱུ་འདི་ནོར་འཁྲུལ་ཚབས་ཆེན་ཞིག་མིན་ནམ་སྙམ་ཀི། རྗེ་ཙོང་ཁ་བས་ཤེས་རབ་ཀྱི་ལྷ་མཆོག་རྗེ་བཙུན་འཇམ་པའི་དབྱངས་ལ་རེད་འདའ་བས་བཞེད་པའི་ལྟ་བ་དེ་རྣམ་དག་ཡིན་མིན་ཞུས་བས། ཅིས་ཀྱང་མིན་གསུངས་པ་རེད། དེས་ན་མཁས་གྲུབ་གཉིས་ལྡན་དུ་གྲགས་པའི་རྗེ་བཙུན་རེད་འདའ་བ་ལྟ་བུས་རྟོགས་པའི་ལྟ་བ་དེ་ཡང་དག་མིན་ན་གཞན་དག་ལ་ལྟ་ཅི་སྨོས། སྤྱིར་དད་པ་ཡོད་ན་ཁྱི་སོ་ལའང་བརྟེན་ནས་སངས་རྒྱས་པའི་ལོ་རྒྱུས་ཡོད་མོད་ཀྱང་། བོད་གངས་ཅན་དུ་དར་ཁྱབ་ཆེ་བའི་སྐྱོན་བྲལ་གྱི་ལྷག་པའི་ལྷ་དེ་དག་སྒྲུབ་རྒྱུ་བཞག་ནས་ཕྱིས་སུ་དར་བའི་བླ་སྒྲུབ་ཀྱི་ཆོ་ག་ཉག་ཉོག་རེ་ལ་མི་ཚེ་སྐྱལ་ན་ཤིན་ཏུ་ཡིད་སྐྱོ་བའི་གནས་སོ། འདི་ནི་ངེད་ཀྱི་སྙིང་ནས་འདོམས་པའི་བསླབས་བྱ་ཡིན། །
རྒྱལ་དབང་ལྔ་བ་ལ་དག་སྣང་གསང་བ་རྒྱ་ཅན་དེ་འདྲ་ཁ་ཤས་ཤིག་ཡོད་ཚོད་རེད། དག་སྣང་གི་ཆོས་སྐོར་དེ་ཚོ་ཡི་དམ་གྱི་ལྷ་བརྟེན་དང་བརྟེན་པ་ཡོངས་རྫོགས་དངོས་སུ་ཞལ་གཟིགས་ནས་རྩོམ་པའི་ཁུལ་རེད། འོན་ཀྱང་རྒྱལ་དབང་ལྔ་བས་བོད་ཀྱི་མ་འོང་བའི་མདུན་ལམ་གཟིགས་མེད་པར་མ་ཟད། ཐ་ན་རང་གི་སྲས་ཀྱི་འཐུ་བོ་སྡེ་སྲིད་ཀྱི་མདུན་ལམ་ཀྱང་གཟིགས་མེད་ཚོད་རེད། རྒྱུ་མཚན་འདི་དག་ལ་བརྟེན་ནས་དག་སྣང་གི་ཆོས་སྐོར་འདི་ཚོ་ཡང་དག་ཨེ་ཡིན་ན་སྙམ་པའི་ལོག་རྟོག་ཅིག་ཤར་ཀྱིན་འདུག །