མཛད་རྣམ་རྩོམ་སྒྲིག་ལས་བྱེད་འབའ་པ་ཡེ་ཤེས་ཀྱིས་བསྒྱུར།
བསྒྱུར་བ་པོའི་མཆན།
གཤམ་གསལ་འདི་ནི་ལོ་རབས་བདུན་ཅུ་པའི་ནང་བོད་གནས་བསྐྱར་ཞིབ་རྩོམ་སྒྲིག་པ་མཁས་དབང་ཟླ་བ་ནོར་བུས་བོད་ཀྱི་གསར་ཤོག་ཐོག་མ་གསར་འགྱུར་མེ་ལོང་གི་རྩོམ་སྒྲིག་པ་ཁུ་ནུ་བ་མཐར་ཕྱིན་སྦ་པུ་ལ་ཉེ་རབས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་གལ་གནད་སྐོར་ལ་བཅར་འདྲི་ཞུས་པའི་ལེ་ཚན་ཞིག་ཡིན། ལེ་ཚན་འདི་༡༩༧༥ ལོའི་ཕྱི་ཟླ་༡༢ པའི་བོད་གནས་བསྐྱར་ཞིབ་འདོན་ཐེངས་ནང་གསལ་འཁོད་འདུག་ཅིང༌། འདིའི་ནང་བོད་རིགས་ཡི་ཤུ་བ་ཞིག་གིས་བོད་ཀྱི་སྐད་ཡིག་རིག་གཞུང་ལ་དུངས་ཞེན་ཇི་ལྟར་བྱེད་ཚུལ་དང༌། ལྷག་དོན་སྐབས་དེར་བོད་ཡིག་གསར་ཤོག་ཐོག་མ་ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་གི་གནས་བབ་རང་བཞིན་དང༌། གལ་གནད་རང་བཞིན། ཤུགས་རྐྱེན་རང་བཞིན་བཅས་ལ་གྲོས་མོལ་ལྷུག་པོར་གནང་འདུག་པ་མ་ཟད། བོད་མི་རིགས་ཀྱི་དཔའ་བོ་འབའ་པ་ཕུན་ཚོགས་དབང་རྒྱལ་མཆོག་གིས་རྒྱ་དམར་གུང་ཁྲན་གྱི་བཙན་འཛུལ་ཉེན་ཁ་ལས་བོད་གཞུང་སྲུང་སྐྱོབ་ཀྱི་ལས་འགུལ་ཇི་ལྟར་སྤེལ་མིན་སོགས་རང་རེའི་དེབ་ཐེར་ཁག་ནས་རྙེད་དུ་མེད་པའི་ལོ་རྒྱུས་ཟབ་གནད་ཅན་མི་ཉུང་བ་ཾཞིག་གསལ་འཁོད་འདུག་པ་མཐོང་བས་རང་གཞན་ཀུན་ལ་ཕན་རེ་སྙམ་སྟེ་ཕབ་བསྒྱུར་ཞུས་པ་ཡིན། ཅི་སྟེ་བསྒྱུར་ཡིག་ལ་འགལ་འཛོལ་གྱི་ཧེ་བག་བྱུང་ཡོད་ཚེ་མ་ཡིག་ལ་རྩ་འཛིན་གནང་དགོས།
བཅར་འདྲི་དངོས་གཞི།
གསར་གཏོད་པ་དང་རྒྱལ་གཅེས་པ་ཆེན་པོ་རྒན་མཐར་ཕྱིན།
ང་རང་ཀ་ལིམ་པོང་སློབ་གྲྭར་ཡོད་སྐབས་ཡང་ཡང་རྒན་མཐར་ཕྱིན་སར་བཅར་གྱི་ཡོད། ཁོང་གི་བཞུགས་མཚེར་ཏྲིར་པེ་(Tripai)ལ་ཡོད་ཅིང༌། ཌོག་ཌར་གྷ་ར་ཧམ་(Dr. Graham)གྱི་བཞུགས་ཁང་ནས་སྐར་མ་ཉི་ཤུ་ཙམ་ལས་འགྲོ་དགོས་མེད། སྐབས་དེར་ངའི་དཔེ་ཀློག་གི་དུས་ཚོད་མང་ཆེ་བ་བོད་དོན་དང་འབྲེལ་བ་ཤ་སྟག་ཡིན་ཞིང༌། ཁོང་སར་བཅར་བ་ནི་བོད་ཀྱི་འདས་དོན་གོ་རྟོགས་དང་བློ་བསྐྱེད་ཡོང་བར་ཕན་ཐོགས་ཡོང་གི་ཡོད། དེར་བརྟེན་ང་རང་ཁོང་ཡང་ཡང་མཇལ་རྒྱུར་དགའ་མོས་ཆེ་བ་མ་ཟད། ལོ་རབས་བདུན་ཅུའི་ཡར་སྔོན་གྱི་བོད་དང་བོད་མིའི་གནས་བབས་སྐོར་ལས་འཕྲོས་པའི་ཉམས་མྱོང་གི་དགོངས་ཚུལ་ཉན་རྒྱུ་དེ་བས་ཀྱང་དགའ་མོས་ཡོད།
ཁོང་གི་བཅོས་མིན་གྱི་དགོངས་ཡངས་དང་དཀྱེལ་ཆེ་བའི་བྱམས་བརྩེ་དག་ནི་ངས་བསམས་ན་ཁོང་ནི་བོད་མིའི་རིགས་རྒྱུད་འཁྲུལ་མེད་ཅིག་ཡིན་འདུག་སྙམ། ད་དུང་ཁོང་ནི་རྣམ་དག་ཆོས་ལུགས་ཀྱི་རྗེས་འཇུག་རྣལ་མ་ཞིག་ཀྱང་ཡིན་པ་ངེས་ཤེས་བྱུང༌། ཁོང་གིས་རྣམ་དག་ཆོས་ལུགས་ལ་བཅངས་པའི་དད་པ་དང་བོད་མི་རིགས་ལ་དུངས་བའི་དགའ་ཞེན་དབར་ངས་མི་མཐུན་པ་གང་ཡང་མ་མཐོང་བ་མ་ཟད། ཁོང་ལ་ཞི་འཇམ་བག་ཕེབས་ཅན་གྱི་བོད་པའི་བླ་མ་ངོ་ཤེས་གང་མང་ཡོད་མོད། རྣམ་དག་ཆོས་ལུགས་ལས་ཐོབ་པའི་རང་ཉིད་ཀྱི་སྤྱོད་ཚུལ་ལ་ཅི་ཡང་འགྱུར་བ་མ་ཐེབས་པར་དེ་མུར་གནས་འདུག
ཡོངས་གྲགས་ཐོག་ཁོང་ལ་བོད་མི་ཚོས་མཐར་ཕྱིན་སྦ་པུའམ་རྒན་མཐར་ཕྱིན་ཞེས་འབོད་ཀྱི་ཡོད། ཁོང་ནི་རི་བོ་ཧི་མ་ལའི་ནུབ་བྱང་མཚམས་སུ་ཡོད་པའི་ལཱ་ཧུལ་(Lahual)ཞེས་པའི་ལུང་པའི་ནང་སྐུ་འཁྲུངས་ཤིང༌། ས་ཁུལ་དེ་ནི་བོད་མི་རིགས་ཀྱི་རུས་རྐང་ཡོད་ས་ཞིག་ཀྱང་ཡིན། ཁོང་དགུང་ལོ་གསུམ་ལ་སོན་སྐབས་ཡི་ཤུ་རྣམ་དག་ཆོས་སྡེར་འཛུལ་ཞུགས་གནང་སྟེ། དེ་ནས་བཟུང་ཁོང་གི་མི་ཚེའི་མཐའ་མཇུག་བར་ཡི་ཤུ་རྣམ་དག་ཆོས་ལུགས་ལ་བཅངས་པའི་དད་པ་དམ་ཚིག་ལ་འགྱུར་བ་གང་ཡང་ཕྱིན་མེད། ཡིན་ནའང༌། ཁོང་བོད་ཀྱི་རིག་གཞུང་ལ་དུངས་ཞེན་ཆེ་ཚུལ་ནི་ཧ་ཅང་ཨུ་ཚུགས་ཅན་ཞིག་ཏུ་གྲུབ་འདུག་ལ། རང་ཉིད་ཀྱི་སྐུ་ཚེ་ཧྲིལ་པོའི་རིང་བོད་ཀྱི་ལེགས་བྱང་ལ་བརྩོན་པ་ཆེ་ཆེར་བྱས་པས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཐོག་ངེས་པ་དོན་གྱི་ཕུལ་བྱུང་མཁས་པ་ཞིག་ཏུ་གྱུར་ཡོད་པ་ནི་དོན་དངོས་རེད།
ངས་གོང་དུ་ཞུས་པ་དེ་ཙམ་གྱིས་ག་ལ་ཡིན་ཏེ། ད་དུང་ཁོང་ནི་བོད་མི་རིགས་ཀྱི་ཆེས་ཐོག་མའི་བོད་ཀྱི་གསར་ཤོག་གི་ཡབ་ཆེན་ཡིན་ལ། ཁོང་གིས་ཟླ་རེའི་གསར་ཤོག་༼ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང༽ ཨིན་ཡིག་ནང་(Tibetan Mirror)ཞེས་པ་དཔར་འགྲེམས་བྱས་ཡོད། གསར་ཤོག་དེ་ནི་ཕྱི་ལོ་༡༩༢༥ ལོའི་ཕྱི་ཟླ་༡༠ ནང་ཆེས་ཐོག་མར་འགོ་འཛུགས་དང་ཕྱི་ལོ་༡༩༦༢ ནང་སྐྱབས་བཅོལ་བོད་མིས་༼རང་དབང་༽ཞེས་པའི་བོད་ཡིག་གསར་ཤོག་ཅིག་བཏོན་ཡོང་བ་དང་མཉམ་དུ་ཁོང་གི་གསར་ཤོག་ལ་རྫོགས་ཚིག་གི་རི་མོ་འཐེན་སྟེ་འདོན་མཚམས་བཞག་པ་རེད། རང་དབང་ཞེས་པའི་ཚིག་དེ་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ནང་བྱུང་མ་ཐག་བོད་གྱི་གདོང་མཆོང་པ་ཁོང་གིས་མཐའ་མའི་གསར་ཤོག་གི་འདོན་ཐེངས་ནང་འདི་འདྲ་ཞིག་བྲིས་ཡོད།
གང་ལ་རང་དབང་ཡོད་དུས།།
དེ་ལ་རང་དབང་མེད།།
གང་ལ་རང་དབང་མེད་དུས།།
དེ་ལ་རང་དབང་ཡོད།།
ཅེས་པའི་ཚིགས་བཅད་ཤོ་ལོ་ཀ་འདི་བཀོད་འདུག ཉེ་ཆར་ཁོ་བོ་སླར་ཡང་ཁོང་གི་སྐུ་མདུན་དུ་བཅར་རྒྱུའི་གོ་སྐབས་ཐོབ་ཅིང༌། སྐབས་དེར་རྒན་ལགས་ཁོང་རང་ཉིད་ཀྱི་མལ་ཁྲིའི་ཐོག་ཧ་ཅང་ཞི་ལྷོད་ངང་སྐུ་ངལ་གསོ་བཞིན་བཞུགས་འདུག ང་རང་ཧ་ཅང་ཧང་སངས་དགོས་པ་ཞིག་ལ་ཁོང་གིས་ཕྱག་གཅིག་གི་ནང་ངས་གསར་དུ་པར་སྐྲུན་ཞུས་པའི་བོད་གནས་བསྐྱར་ཞིབ་དང་ཕྱག་གཅིག་ནང་ཚིག་མཛོད་ཅིག་བཟུང་བཞིན་པ་མཇལ་བྱུང༌། ཁོང་གིས་ང་ལ་འཚམས་འདྲི་དང་བཅས་ངའི་གསར་ཐོན་དུས་དེབ་གནམ་ལ་ཕྱར་ནས་“དཱ་རྒྱ་གར་འགྱོད་སེམས་སྐྱེ་ངེས་རེད།”ཅེས་གསུངས་བྱུང༌། ༼བོད་གནས་བསྐྱར་ཞིབ་ཕྱི་ལོ་༡༩༧༥།༩།༡༠ ཉིན་གྱི་འདོན་ཐེངས་གསར་པ་དེའི་ནང་བོད་ནང་དྲག་པའི་དམག་དཔུང་གིས་དཔུང་འཇོག་ཇི་བྱས་གནས་སྟངས་ཞིབ་ཆ་འཁོད་ཡོད་པས་ཡིན།༽
ད་ལྟ་ཁོང་དགུང་ལོ་༨༧ ཡིན་ལ་སྐུ་གཟུགས་ཀྱང་བདེ་ཐང་ཡིན། འོན་ཀྱང་ཁོང་གི་དྲན་ཤེས་ཀྱི་ནུས་པ་ཉམས་ཡོད་པ་དང་མུ་མཐུད་ཉམས་བཞིན་ཡོད་པའི་ཚོར་སྣང་བྱུང༌། ང་གཉིས་བར་གྱི་གླེང་མོལ་ནི་ཁོང་རྦད་དེ་ཐང་ཆད་ཆད་བར་ཞུ་རྒྱུ་བྱུང༌། གཤམ་དུ་ང་གཉིས་གླེང་མོལ་ཞུས་པའི་ནང་དོན་ལས་སྙིང་བསྡུས་ཤིག་འགོད་རྒྱུ་ཡིན།
ཟླ་བ་ནོར་བུ། སྐུ་ཉིད་བོད་ཐོག་ཐུགས་སྣང་བྱུང་སྟངས་ག་འདྲ་ཡིན་ནམ།
རྒན་མཐར་ཕྱིན། ང་རང་ལོ་ན་ཉེར་གཅིག་ཡིན་པའི་སྐབས་ཉིན་ཞིག་སི་ལི་གྷུ་རིར་(Siligure)ཕར་འགྲོ་ཚུར་འོང་བྱེད་མཁན་འགྲུལ་པ་རྣམས་ལ་ཡི་ཤུ་ཆོས་ལུགས་ཀྱི་འགྲེམས་ཡིག་དཔར་འགྲེམ་བྱས་ནས་བསྡད་ཡོད། སྐབས་དེར་བོད་པའི་ཚོང་འགྲུལ་པ་མང་པོ་ཞིག་ཀྱང་ཕར་འགྲོ་ཚུར་འོང་བྱེད་ཀྱི་འདུག གཞོན་སྐྱེས་བློ་ཤེད་ཤ་ཤེད་ཅན་དེ་ཚོས་དུས་ཚོད་མང་པོ་བག་མེད་ཆུད་ཟོས་གཏོང་བཞིན་པ་མཐོང་བ་དང༌། ཁོང་ཚོས་ངས་བོད་སྐད་མི་ཤེས་པ་རེད་འདུག་བསམ་ཡོད་ཚོད་ཡིན། སྐབས་དེ་ནས་བཟུང་ངས་བོད་དང་ཕྱི་ལོག་འཛམ་གླིང་དབར་གནས་ཚུལ་གོ་རྟོགས་སྤེལ་རྒྱུར་ཐག་གཅོད་བྱས་པ་ཡིན་ལ། ངས་བོད་སྐོར་སློབ་སྦྱོང་སྔར་ལས་མང་བ་བྱེད་དགོས་པར་བརྟེན་རང་བཞིན་གྱིས་སྔར་ལས་བོད་སྐོར་གོ་རྟོགས་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་འདུག ངས་ངའི་རྩ་དོན་ཞིག་རྙེད་རྙེད་བར་ངའི་འདོད་མོས་ཀྱི་ཁ་ཕྱོགས་ཇེ་ཆེར་དང་ཇེ་ཟབ་ཏུ་འགྲོ་བཞིན་པ་ཚོར་བྱུང༌།
ཟླ་བ་ནོར་བུ། སྐུ་ཉིད་བོད་ལ་གཟིགས་སྐོར་ཐོག་མ་ག་དུས་ཕེབས་པ་ཡིན།
རྒན་མཐར་ཕྱིན། ཕྱི་ལོ་༡༩༡༨ ནང་ང་རང་ཡ་ཏུང་(Yatuan)ལ་ཐེངས་དང་པོ་བསྐྱོད་པ་ཡིན། དེ་རྗེས་ལྷ་སར་ཐེངས་ལྔ་ཙམ་འགྲོ་རྒྱུ་བྱུང༌། དེ་ཚོ་ཕལ་ཆེར་བ་བོད་ཀྱི་རིག་གནས་སློབ་སྦྱོང་ཆེད་ཕྱིན་པ་ཡིན། ཕྱི་ལོ་༡༩༢༡ ལོར་རྒྱང་རྩེར་ནུབ་ཕྱོགས་པའི་ཤེས་ཡོན་ལམ་སྲོལ་དང་མཐུན་པའི་སྒེར་གཉེར་སློབ་གྲྭ་ཞིག་གསར་འཛུགས་བྱས་ཡོད།
ཟླ་བ་ནོར་བུ། སྐུ་ཉིད་ནས་གསར་གཏོད་གནང་བའི་གསར་ཤོག་ཐོག་མ་འགོ་འཛུགས་གནང་དུས་དཀའ་ངལ་འདྲ་འཕྲད་བྱུང་ངམ།
རྒན་མཐར་ཕྱིན། བྱུང༌། ཡིན་ནའང་ང་རང་དེ་ཚོ་ལ་དགའ་པོ་ཡོད། ངས་བོད་ཀྱི་གསར་ཤོག་འདོན་སྤེལ་བྱེད་རྒྱུ་ཐབས་ཤེས་བྱས་པའི་སྐབས་ངའི་ངོ་ཤེས་གྲོགས་པོ་བལ་པོ་བ་ཞིག་ཡོད་པ་དེས་ང་ལ་ཟུར་ཟ་གང་འཚམ་བྱས་བྱུང༌། རྗེས་སུ་ཁོང་གིས་ང་ལ་བརྗོད་དོན། མ་འོངས་པའི་ཕུགས་རེ་ཅི་ཡང་མེད་པས་ཁྱེད་ཀྱིས་ག་རེ་བྱས་ནས་སྒོར་མོ་མང་པོ་ཆུད་ཟོས་གཏོང་གི་ཡོད་ཟེར། ཕྱི་ལོ་༡༩༢༥ ལོའི་ཕྱི་ཟླ་༡༠ ནང་ངས་གསར་ཤོག་ཐོག་མར་འདོན་སྤེལ་བྱས་པ་དང༌། དེའི་སྐབས་ངས་ཚགས་གྲངས་ལྔ་བཅུ་ཐམ་པ་དཔར་འགྲེམས་ཞུས་ཏེ་མང་ཆེ་བ་ལྷ་སར་ཡོད་པའི་ངའི་གྲོགས་པོ་ཚོར་བསྐུར་གྱི་ཡོད། ངའི་གསར་ཤོག་བསྐུར་སའི་ཁྲོད་ནས་ྋགོང་ས་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ཀྱང་ཡོད་པས། ཁོང་གིས་ཕྱིས་སུ་ང་ལ་ཕྱག་བྲིས་ཤིག་དང་མཉམ་དུ་འཚམས་འདྲིའི་ཕྱག་རྟགས་ཤིག་ཀྱང་བསྐུར་གནང་སྟེ་གསར་ཤོག་དཔར་འགྲེམས་རྒྱུན་འཁྱོངས་དགོས་པའི་བསྐུལ་ལྕག་ལམ་སྟོན་དང་སེམས་ཤུགས་སྐུལ་འདེད་གནང་བྱུང༌།
ཟླ་བ་ནོར་བུ། སྐུ་ཉིད་ཀྱི་གསར་ཤོག་བརྒྱུད་ནས་བོད་ཀྱི་གནས་བབ་སྐོར་ྋགོང་ས་སྐུ་འཕྲེང་བཅུ་ གསུམ་པ་ཆེན་པོ་མཆོག་དང་མཉམ་དུ་འབྲེལ་ལམ་གནང་རྒྱུའི་དགའ་མོས་ཡོད་པ་རེད། སྐུ་ཉིད་ནས་ཁོང་གི་ཐོག་ལ་གཟིགས་ཚུལ་གང་ཡོད་མིན་དང༌། སྐུ་ཉིད་ཀྱི་ངོས་ནས་ཁོང་གི་མཛད་རྗེས་གཙོ་ཁག་ལ་དགོངས་ཚུལ་གང་ཡོད་དམ།
རྒན་མཐར་ཕྱིན། ཁོང་ནི་འགྱུར་ལྡོག་མེད་པའི་མི་བརླིང་པོ་ཞིག་ཡིན། གལ་ཏེ་ཁྱེད་རང་བོད་རིགས་མ་ཡིན་པའི་དབང་དུ་བཏང་ནའང་ཁྱེད་ཀྱིས་ཁོང་ལ་ཁ་ཐུག་བལྟས་ནས་ཐག་གཅོད་བྱེད་མི་ཐུབ། ཨིན་ཇིའི་སྲིད་གཞུང་གིས་ཀྱང་ཚོར་སྣང་དེ་རང་འཛིན་གྱི་ཡོད་པ་རེད། ཁོང་ནི་དབུ་མཁྲེགས་པོ་དང་དབུ་འཕང་མཐོན་པོ་ཡོད་མཁན་ཡིན་པས་མཐོང་སྣང་ལ་ཐད་ཀར་བཀའ་བཀྱོན་ཕེབས་མི་ཡོང་བ་བསམ་པ་འདྲ་ཞིག་ཡོད། ད་དུང་ཁོང་ནི་སྤྱང་གྲུང་འཛོམས་པའི་མི་མཛངས་པ་ཅན་ཞིག་ཡིན། ཁོང་གི་མཛད་རྗེས་གཙོ་ཁག་ནི་ཁོང་ཉིད་ཀྱི་དགོངས་པར་ཡོད་པ་བཞིན་བོད་དེ་ངེས་པར་བསྒྱུར་བཅོས་གཏོང་དགོས་པ་དེ་ཡིན། ཁོང་གིས་སྐུ་ཚེ་རིང་པོའི་རིང་སྐུ་ལས་བསྐྱོན་ས་ཡང་བོད་དེ་དེང་རབས་ཅན་ཞིག་ཏུ་བསྒྱུར་བཅོས་དང༌། བོད་དེ་རྒྱ་ནག་ལས་ལོགས་སུ་རང་དབང་རང་བཙན་བྱས་ནས་གནས་རྒྱུ་དེ་ཡིན། ཁོང་གི་ངོས་ནས་བོད་རྒྱ་ནག་དང་མཉམ་དུ་གྲོགས་པོ་བྱས་ནས་སྡོད་དགོས་པ་ཡིན་ཡང་རྒྱ་ནག་འོག་སྡོད་རྒྱུའི་ཐུགས་འདོད་ཡེ་ནས་གནང་གི་མེད། ད་ལྟའི་ྋགོང་ས་མཆོག་༼སྐུ་ཕྲེང་ ༡༤༽གིས་ཀྱང་ཁོང་གི་སྐུ་བརྒྱུད་སྔ་མའི་ཤུལ་ལམ་དེ་རང་རྗེས་འཛིན་གནང་ནས་ཕེབས་བཞིན་པ་རེད།
ཟླ་བ་ནོར་བུ། ད་ཆ་སྐུ་ཉིད་ཀྱང་ྋགོང་ས་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་འབྲེལ་ལམ་ཟབ་མོ་ཡོད་པ་མ་རེད་དམ།
རྒན་མཐར་ཕྱིན། རེད། ཕྱི་ལོ་༡༩༥༩ ནང་ད་ལྟའི་ཏཱ་ལའི་བླ་མ་མཆོག་སྐྱབས་བཅོལ་དུ་ཕེབས་ཏེ་ཡུན་རིང་མ་སོང་བར་ངས་མ་སུ་རིར་ཐེངས་དང་པོར་ཞལ་མཇལ་བྱུང༌། དེ་ནས་ཁོང་དང་འདྲིས་གཤིབ་བྱུང་བའི་བརྒྱུད་རིམ་གྱི་ཁྲོད་ནས་ཁོང་ཐུགས་རྒྱ་ཆེ་བ་དང་རྣམ་རིག་བཀྲ་བའི་བློ་གྲོས་ཀྱི་ནུས་མཐུ་ཡོད་མཁན་ཞིག་ཡིན་པ་མཐོང་སྣང་བྱུང༌། ཏཱ་ལའི་བླ་མ་མཆོག་གིས་བརྗོད་དོན། སྲིད་དོན་ཚན་རིག་ནི་རྙོག་འཛིང་ཅན་ཞིག་རེད། དེ་ལས་ངོས་གཉིས་ཆོས་ཕྱོགས་སྐོར་བཀའ་མོལ་གནང་ན་ཞེས་གསུང་བྱུང་བས། ང་གཉིས་ཕན་ཚུལ་ཡི་ཤུ་དང་ནང་ཆོས་ལས་འཕྲོས་པའི་བཀའ་མོལ་མང་དག་ཅིག་ཞུ་རྒྱུ་བྱུང༌། ཏཱ་ལའི་བླ་མ་མཆོག་གིས། ངས་ཡི་ཤུའི་ཆོས་ལུགས་ཀྱིས་འདོད་པའི་ཡབ་དང༌། སྲས། དམ་པའི་ཐུགས་བཅས་གསུམ་འདུས་ཀྱི་ངོ་བོ་(Christian trinity) དེ་གང་ཡིན་མིན་ཤེས་ཀྱི་ཡོད་ཀྱང་དམ་པའི་ཐུགས་(Holy Ghost)ཞེས་པ་གང་རེད་ཅེས་བཀའ་འདྲི་གནང་སོང༌། སྐབས་དེར་ང་ནི་འཐོམ་ཡོར་ཡོར་ཆགས་སོང་བ་མ་ཟད། ངས་ངའི་མི་ཚེའི་ནང་ཡི་ཤུའི་ཆོས་ལུགས་ནང་དམ་པའི་ཐུགས་(Holy Ghost)སྐོར་གང་བཤད་ཡོད་མེད་བསམ་བློ་གང་ཡང་འཁོར་མྱོང་མེད། དེ་སྐབས་ངས་ཕྱི་ལོ་༡༩༥༠ ནང་སྐུ་གཞོན་ནུ་ཅན་གྱི་ཏཱ་ལའི་བླ་མ་མཆོག་ཡ་ཏུང་(Yatuang)ལ་བྲོས་བྱོལ་དུ་ཕེབས་དགོས་བྱུང་སྐབས་ཁོང་གིས་བོད་མི་ཞིག་གི་བརྒྱུད་ནས་ང་ལ་ཡི་ཤུའི་གསུང་རབ་དཔེ་དེབ་བཱ་ཡི་བཱལ་(Bible)ཞེས་པ་བོད་བསྒྱུར་དགོས་པའི་བཀའ་མངགས་གནང་བ་དྲན་སོས་ཀྱི་འདུག ཕལ་ཆེར་ཁོང་གིས་དེ་ཀློག་གནང་ཡོད་པ་འདྲ།
ཟླ་བ་ནོར་བུ། སྐུ་ཉིད་ཀྱི་གསར་ཤོག་སྐོར་བསྐྱར་དུ་གླེང་ན། དུས་སྐབས་དེར་སྐུ་ཉིད་ཀྱིས་འདོན་སྤེལ་གནང་བའི་གསར་ཤོག་དེས་བོད་མི་རྣམས་ལ་ ཤུགས་རྐྱེན་སྤྲད་ཐུབ་ཡོད་པར་ངོས་འཛིན་གནང་གི་ཡོད་དམ།
རྒན་མཐར་ཕྱིན། སྐབས་དེར་ལྷ་ས་ཁུལ་གྱི་བོད་མི་རྣམས་ཀྱིས་འཛམ་གླིང་ཕྱི་ཕྱོགས་སུ་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་ནང་རྒྱ་ནག་གི་གསར་བརྗེའི་ཡར་ལངས་དང༌། འཛམ་གླིང་དམག་ཆེན་གཉིས་པ། རྒྱ་གར་རང་བཙན་གྱི་འཐབ་རྩོད་སོགས་འགྱུར་ལྡོག་འགྲོ་བཞིན་པའི་དུས་དཀྱིལ་དུ་ཏག་ཏག་འཁེལ་ཡོད་པའི་ཆ་ནས་གསར་ཤོག་གིས་ཤུགས་རྐྱེན་གང་འཚམས་ཐེབས་ཡོད་པ་རེད། དཔེར་ན། ཕྱི་ལོ་༡༩༤༡ ནང་ཁམས་ཕྱོགས་ནས་ཡོང་བའི་མི་གཉིས་ང་ལ་ཐུག་འཕྲད་བྱུང༌། ཁོང་གཉིས་ནི་འབའ་པ་ཕུན་ཚོགས་དབང་རྒྱལ་དང༌། ཁོང་གི་གྲོགས་པོ་ཞིག་རེད། ཁོང་གཉིས་ཀྱིས་ལྷ་སའི་ནང་ངའི་སྐོར་གནས་ཚུལ་མང་པོ་གོ་མྱོང་བ་དང༌། ད་ལན་ལ་ལུང་མང་པོ་བརྒལ་ནས་ཡོང་དོན་གཅིག་ནི་བོད་ཀྱི་གསར་འགྱུར་མེ་ལོང་འདྲ་བཤུས་ཆེད་ཡོང་ཡིན་ཟེར། གནད་དོན་དེའི་ཕྱིར་དུ་ཁོང་གཉིས་ང་ཐུག་ཏུ་ཡོང་འདུག ཁོང་གཉིས་ཀ་ནི་དུས་སྐབས་དེའི་ནང་དུ་རྒྱ་ནག་ནང་ཤེས་ཡོན་ཅན་ཞིག་དང༌། དེང་རབས་བསམ་བློ་ཅན་གྱི་བོད་མི་གཉིས་རེད། ཁོང་གཉིས་ཀྱིས་ང་ལ་སྐད་ཆ་མང་པོ་བཤད་མ་བྱུང་ཡང་། གང་བཤད་པའི་སྐད་ཆའི་བརྒྱུད་རིམ་གྱི་ནང་དུ་ངའི་ཆོས་ལུགས་བག་ཆགས་སྐོར་ལས་འཕྲོས་པའི་སྐད་ཆ་གང་ཡང་བྱུང་མེད་ལ། ཁོང་གཉིས་ཀྱི་བསམ་བློ་ནི་གུང་ཁྲན་རིང་ལུགས་ཡིན་པ་རེད།
ཟླ་བ་ནོར་བུ། ཁོང་ཚོ་དོན་དག་ངོ་མ་གང་གི་ཆེད་དུ་ཡོང་བ་རེད་དམ།
རྒན་མཐར་ཕྱིན། ཁོང་ཚོ་ཡོང་དོན་ནི་ཅི་སྟེ་བོད་ནང་བསྒྱུར་བཅོས་ཤིག་མ་བཏང་ཚེ་རྒྱ་ནག་ནང་མི་སེར་ནང་འཁྲུག་གི་རྗེས་སུ་བོད་དེ་རྒྱ་ནག་བཙན་འཛུལ་རིང་ལུགས་པའི་འོག་ནས་འཆི་རྒྱུ་ཡིན་པ་བོད་གཞུང་ལ་ཉེན་བརྡ་གཏོང་ཆེད་ཡོང་བ་རེད་འདུག ཁོང་ཚོས་རྒྱ་ནག་ནང་འཁྲུག་གི་ནང་དུ་དམར་ཕྱོགས་ལ་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་སྔོན་དཔག་བྱེད་ཀྱི་འདུག་པ་མ་ཟད། བོད་བཅིངས་གྲོལ་གཏོང་རྒྱུའི་གྲ་སྒྲིག་ཡོངས་སུ་ཟིན་ཡོད་སྐོར་བརྗོད་ཀྱི་འདུག དེ་སྐབས་ཁོང་ཚོས་མཐོང་བའི་ཐབས་ལམ་ཉག་གཅིག་ཡོད་པ་དེ་ནི་ཨིན་དམག་གི་རོགས་རམ་འཚོལ་རྒྱུ་དང༌། སྲུང་སྐྱོབ་ལ་གྲ་སྒྲིག་བྱེད་རྒྱུ་དེ་ཡིན་པ་རེད། ཡིན་ནའང༌། ལྷ་སའི་ནང་ཁོང་ཚོ་ལ་དོ་སྣང་བྱེད་མཁན་སུ་ཡང་བྱུང་མི་འདུག དེའི་རྒྱུ་མཚན་ནི་ཁོང་ཚོ་ནི་ཅི་ཡང་མིན་ལ། ཁོང་ཚོ་ལ་མིང་དང་གོ་གནས་གང་ཡང་མེད་པས་ཡིན། དེར་བརྟེན། ཁོང་ཚོ་རེ་བ་ཞིག་དང་མཉམ་དུ་ཀ་ལིམ་པོང་ལ་ཡོང་སྟེ་རྒྱ་གར་ཨིན་གཞུང་ལ་ཐད་ཀར་འབྲེལ་བ་ཞུ་ཐུབ་རྒྱུའི་རེ་བ་བཟུང་འདུག
ཟླ་བ་ནོར་བུ། ཁོང་ཚོས་གཞུང་གི་ཆེས་མཐོའི་ལས་བྱེད་དང་འབྲེལ་བ་གནང་ཐུབ་པ་བྱུང་འདུག་གམ།
རྒན་མཐར་ཕྱིན། ངས་ཁོང་གཉིས་སྒང་ཏོག་ལ་ཁྲིད་དེ་མཐོ་རིམ་ཆབ་སྲིད་མི་སྣ་འགའ་ཐུག་འཕྲད་བྱེད་བཅུག་རྗེས་སྐུ་ཞབས་སྦ་སིལ་གྷོ་རེ་(Sir Basil Gore)དང༌། ཕུན་ཚོགས་དབང་རྒྱལ། ཁོང་གི་ལམ་གྲོགས་གྲོགས་པོ་བཅས་གསུམ་གྱིས་རྒྱ་ཡིག་ཐོག་ཡོད་པའི་ཤོག་ངོས་བཅུ་གཉིས་ཅན་གྱི་ཞུ་སྐུལ་ཡིག་ཆའམ་སྙན་ཞུ་(Memorandum)ཞིག་སྒྲིག་བཟོ་བྱས་འདུག ཡིག་ཆ་དེའི་ནང་དོན་ཚན་བཞི་ཞིག་འཁོད་ཡོད་པ་སྟེ། ཀ༽ རྒྱ་ནག་གིས་བོད་ལ་ཚབས་ཆེ་བའི་འཇིགས་སྐུལ་བྱེད་པ་དེ་ལྡོག་ཏུ་མེད་པའི་རྒྱ་གར་གྱི་སྲུང་སྐྱོབ་ཐད་ལ་འཇིགས་སྐུལ་བྱེད་རྒྱུ་ཡིན་སྐོར་དམིགས་འདོན་བྱས་པ་དང༌།
ཁ༽ གལ་ཏེ་བོད་དེ་འཚོ་གནས་བྱེད་དགོས་ན་མིག་སྔར་མཐོང་བའི་བསྒྱུར་བཅོས་ཀྱི་འཆར་གཞི་འགའ་ཞིག་ཇི་ལྟར་ལག་བསྟར་བྱེད་དགོས་མིན་རོབ་བསྡུས་བྱས་ནས་བཀོད་ཡོད་པ།
ག༽རྒྱ་དམར་གྱི་བཙན་འཛུལ་ལས་བོད་སྲུང་སྐྱོབ་ཆེད་ཨིན་གཞུང་གི་གོ་མཚོན་རོགས་རམ་ཡོང་བའི་རེ་སྐུལ་དང༌། བསྒྱུར་བཅོས་ཀྱི་བྱ་བཞག་ལ་ཨིན་གཞུང་གིས་རྒྱབ་སྐྱོར་ཐོབ་ཐབས་དགོས་སྐོར་འཁོད་ཡོད། སྐུ་ཞབས་སྦ་སིལ་གྱིས་ཁོང་ཚོ་ལ་ཞུ་སྐུལ་སྙན་ཞུ་དེ་ཐད་ཀར་ལོན་ཌོན་(London)སྲིད་གཞུང་ལ་གཏོང་རྒྱུ་ཁས་ལེན་གནང་སོང༌། དེ་བཞིན་ཞུ་སྐུལ་སྙན་ཞུ་བོད་ཡིག་ཐོག་ཕབ་བསྒྱུར་ཞུས་ཏེ་ལྷ་སར་ཡོད་པའི་བོད་གཞུང་ལའང་བཏང་ཡོད་པ་རེད། སྐབས་དེར་བོད་བསྒྱུར་ཞུ་མཁན་ང་རང་ཡིན་ལ། སྦྲག་བརྒྱུད་ནས་སྙན་ཞུ་གཏོང་རོགས་ཀྱང་ཞུས་པ་ཡིན། ཕྱིས་སུ་ཕྱི་ལོ་༡༩༥༩ ནང་སྐབས་དེར་བོད་གཞུང་གི་ཕྱི་འབྲེལ་བཀའ་བློན་ཡིན་པ་སྐུ་ངོ་ཟུར་ཁང་ལ་གོང་གསལ་ཞུ་སྐུལ་སྙན་ཞུ་དེ་བོད་གཞུང་ལ་ཕྱག་འབྱོར་བྱུང་ཡོད་མེད་བཀའ་དྲི་ཞུས་སྐབས། ཁོང་གིས་ང་ཚོ་ལ་ཡི་གེ་དེ་འབྱོར་བྱུང་ཡང་དོ་སྣང་སྤྲད་ཐབས་མ་བྱུང་བས་དགོངས་སེལ་ཞུ་རྒྱུ་ཡིན་ཞེས་གསུངས་བྱུང༌།
ཕུན་དབང་དང་ཁོང་རང་གི་གྲོགས་པོ་གཉིས་བློ་ཕམ་ཆེན་པོས་ཕྱིར་ལྷ་ས་ལ་ལོག་དགོས་བྱུང་བ་རེད། འོན་ཀྱང༌། ཁོང་ཚོ་ད་དུང་ཡང་སེམས་ཤུགས་མ་ཆགས་པར་ནུས་ཤུགས་ཡོད་པའི་སྐུ་དྲག་བརྒྱུད་ནས་གྲུབ་འབྲས་ཤིག་ཡོང་རྒྱུའི་རེ་བ་བྱས་ཀྱི་འདུག ཕུན་དབང་ཕྱིར་ལོག་མ་བྱས་གོང་ཁོང་གི་སྐད་ཆ་མཐའ་མ་དེ་ངས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིན། ཁོང་གིས་གད་མོའི་ངང་བརྗོད་གསལ། གལ་སྲིད་བོད་གཞུང་གིས་ང་ཚོའི་ཞུ་སྐུལ་སྙན་ཞུ་དེར་བརྩི་འཇོག་མ་གནང་ཚེ་ངས་བོད་ནང་རྒྱ་དམར་གྱི་དམག་དཔུང་ཁྲིད་ཡོང་གི་ཡིན། དེ་ནས་ངས་ཁྱེད་ལ་འཕྲིན་ཡིག་བསྐུར་ཆོག་ཅེས་བརྗོད་བྱུང༌། ཕྱི་ལོ་༡༩༥༡ ལོར་ངོས་རང་ལ་ཕུན་དབང་གིས་“བདེ་གནས་ཐོག་ལྷ་སར་འབྱོར་ཡོད། ཕུན་ཚོགས་དབང་རྒྱལ་ནས”ཞེས་པའི་ཏར་འཕྲིན་ཞིག་འབྱོར་བྱུང༌།
ཟླ་བ་ནོར་བུ། རྒྱ་དམར་གྱིས་བོད་བཙན་འཛུལ་བྱས་རྗེས་སྐུ་ཉིད་ནས་འདོན་སྤེལ་གནང་བའི་གསར་ཤོག་ གི་སྲིད་ཇུས་འཛིན་ཕྱོགས་ལ་འགྱུར་བ་བཏང་ཡོད་དམ།
རྒན་མཐར་ཕྱིན། འགྱུར་བ་བཏང་བ་ཡིན། ཐེངས་ཅིག་ཨ་རིའི་གསར་ཤོག་གཅིག་གིས་ངའི་བྱེད་ཕྱོགས་ལ་“མི་གཅིག་ལག་གཅིག་གིས་མོའོ་དང་དམག་འཐབ”ཅེས་ཆེད་བསྟོད་བྱས་འདུག ངའི་རྩོམ་ཡིག་མང་པོའི་ནང་ངས་ཡང་ཡང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་འབྲི་འགོད་བྱས་པ་དང༌། དམིགས་བསལ་བོད་རང་བཙན་ཡིན་པའི་ཁུངས་དཔང་ཆོས་རྒྱལ་ཚོའི་ལོ་རྒྱུས་བཀོད་བྲིས་བྱེད་ཀྱི་ཡོད། རྒྱ་མིས་ག་དུས་ཡིན་ནའང་བོད་དེ་ཆེས་རྗེས་ལུས་ཡིན་སྐོར་འཁྱོག་བཤད་བྱེད་ཀྱི་ཡོད་པར་བོད་དེ་རྗེས་ལུས་མིན་པའི་སྒྲུབ་བྱེད་རྒྱུ་མཚན་མང་པོ་བཀོད་དེ་བོད་མི་རིགས་དེ་སྔོན་ཐོན་གྱི་མི་རིགས་ཤིག་ཆགས་ཡོད་སྐོར་བཤད་ཀྱི་ཡོད། ད་དུང་ངས་ལྷ་སར་ཡོད་པའི་སྐུ་དྲག་རྣམ་པར་འབྲེལ་བ་བཙུགས་ཏེ་རྒྱ་མིའི་སྐད་ཆ་སྙན་པོ་ལ་དབུ་འཁོར་མི་ཉན་སྐོར་བཤད་ཀྱི་ཡོད་ཀྱང༌། ཁོང་ཚོས་ཉན་འཇོག་རྩ་བ་ནས་གནང་མ་སོང༌། ཕར་ཕྱོགས་ནས་རྒྱ་དམར་གུང་ཁྲན་དེ་ཚོ་གྲུང་པོ་ཞེ་དྲག་རེད། ཕྱི་ལོ་༡༩༥༠ ནང་ཀ་ལིམ་པོང་དུ་ཚོང་འབྲེལ་ཆེད་ཡོང་མཁན་རྒྱ་མི་མང་པོ་ཡོད་པ་དང༌། ཁོང་ཚོས་ང་བློ་མགུ་ཐབས་ལ་ཐབས་ཤེས་ལན་མང་བྱས་པ་རེད། ཉིན་ཞིག་བོད་མི་སྐུ་དྲག་གཅིག་གིས་ཀྱང་ལག་རྟགས་ཤིག་དང་མཉམ་དུ་ང་སར་ཡོང་སྟེ་རྒྱུན་ལྡན་སྐུ་དྲག་ཚོའི་བྱེད་སྟངས་ལྟར་ང་ལ་གསར་ཤོག་ནང་རྒྱ་མིར་གནོད་པའི་རྩོམ་ཡིག་འདོན་སྤེལ་བྱས་ན་མི་ལེགས་པ་དང༌། དེ་ལས་ལྡོག་སྟེ་རྒྱ་མིས་བོད་ནང་ཡར་རྒྱས་གཏོང་རབས་འགོད་བྲིས་བྱེད་དགོས་བཤད་བྱུང༌། གལ་སྲིད་ངས་ཁོང་ཚོས་གང་བརྗོད་ལྟར་བྱས་ཚེ་ངའི་གསར་འགྱུར་མེ་ལོང་འདོན་ཐེངས་རེ་རེའི་ཚགས་གྲངས་༥༠༠ ཐམ་པ་ཁོང་ཚོས་ལོ་མཐུད་མངགས་ཉོ་བྱེད་རྒྱུ་མ་ཟད། ནམ་ཡང་གྱོང་གུན་མི་ཐེབས་པའི་ཁས་ལེན་བྱེད་ཀྱི་འདུག འོན་ཀྱང་ངས་ནམ་ཡང་ངོས་ལེན་བྱས་མེད།
ཟླ་བ་ནོར་བུ། དུས་སྐབས་དེར་སྐུ་ཉིད་ནས་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ཐད་ལ་ཚོར་སྣང་གང་ཡོད་དམ།
རྒན་མཐར་ཕྱིན། རྒྱ་གར་གྱིས་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་སྐབས་ང་རང་གིས་ནུས་ཤུགས་ཆེན་པོས་ངོ་རྒོལ་བྱས་ཏེ་བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་བྱས་ནས་བསྡད་མྱོང་མེད་སྐོར་མང་དག་ཅིག་བྲིས་པ་ཡིན། ངས་“བླུན་པོས་ནོར་ན་མཐོ་གང་དང༌། མཁས་པས་ནོར་ན་འདོམ་གང་”ཟེར་བ་ལྟར་མི་ཆེན་པོ་ནེ་ཧ་རུ་ལྟ་བུས་ནོར་འཁྲུལ་བཟོས་ན་ནོར་འཁྲུལ་ཆེན་པོ་ ཡིན་རབས་བཤད་པ་ཡིན། དུས་དེང་སང་རྒྱ་གར་གྱི་དབུ་ཁྲིད་མང་ཆེ་བས་རྒྱ་གར་གྱིས་བོད་རྒྱ་ནག་གི་ཆ་ཤས་ ལ་ངོས་འཛིན་བྱས་པ་དེ་ནོར་འཁྲུལ་ཆེན་པོ་བཟོས་པ་ཡིན་ཚུལ་བཤད་ཀྱི་ཡོད། ནེ་ཧ་རུ་རང་ཉིད་ཀྱིས་ཀྱང་ཕྱིས་སུ་ནོར་འཁྲུལ་ཤོར་བ་ངོས་ལེན་གནང་འདུག འོན་ཀྱང་ལོ་རྒྱུས་ཀྱི་ནོར་འཁྲུལ་ཕྱིར་ལོག་རྒྱག་རྒྱུ་ནི་ཧ་ཅང་ཁག་པོ་ཡིན། ང་རང་གི་ངོས་ནས་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་རིམ་པས་འགྱུར་བ་གཏོང་རྒྱུའི་རེ་བ་ཡོད། ངས་ངོ་ཤེས་ཡོད་པའི་སྐུ་ཞབས་ཅར་ལེསེ་སྦེལ་(Sir Charles Bell)གྱིས་རྩོམ་སྒྲིག་བྱས་པའི་དེབ་ནང་གལ་སྲིད་རྒྱ་ནག་གིས་བོད་དབང་བསྒྱུར་བྱས་ན་དེའི་རྗེས་འབྲས་ཅི་ཞིག་ཡོང་མིན་འགྲེལ་བརྗོད་གསལ་པོ་གནང་འདུག བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་པ་དེ་ནི་རོགས་རམ་ཙམ་གྱི་མ་ཡིན་པར་རྒྱ་གར་རང་ཉིད་ཀྱི་ཁེ་ཕན་ལའང་འབྲེལ་བ་ཡོད་པ་རེད།
ཟླ་བ་ནོར་བུ། སྐུ་ཉིད་ཀྱི་སྐུ་ཚེ་མང་ཆེ་བ་བོད་ཀྱི་སྐད་ཡིག་ཐོག་བཏང་བ་རེད། དེར་བརྟེན། བོད་ཀྱི་སྐད་ཡིག་ལ་དུས་ལྟར་འཚམས་པའི་བསྒྱུར་བཅོས་བྱེད་དགོས་པ་གཟིགས་ཀྱི་ཡོད་དམ།
རྒན་མཐར་ཕྱིན། རེད། དུས་ཡུན་རིང་པོ་ཞིག་གི་རིང་ལ་བོད་ཡིག་ལ་བསྒྱུར་བཅོས་ཕྱིན་མེད་པ་རེད། ཉིན་རེའི་འཚོ་བའི་ནང་མིང་ཚིག་གསར་པ་མང་པོ་ཡོང་གི་ཡོད། འོན་ཀྱང་ངས་བསམས་ན་བོད་མི་ཚོས་བོད་ཀྱི་སྐད་ཡིག་ལ་འགྱུར་བ་གཏོང་དགོས་པ་མཐོང་གི་མེད། དོན་གྱི་གོ་བ་ཏག་ཏག་ཅིག་སྤྲོད་ཐུབ་པ་ཡིན་ན་འགྲིག་པ་རེད།
ལོ་ཁ་ཤས་ཀྱི་གོང་དུ་འབྲུག་གི་སྲིད་བློན་འདས་པོ་འཇིགས་མེད་རྡོ་རྗེས་སྐད་ཡིག་ལ་བསྒྱུར་བཅོས་ཆེན་པོ་ཞིག་གཏོང་འདོད་ཀྱིས་ཐབས་ཤེས་བྱས་ཏེ། བོད་ཀྱི་སུམ་རྟགས་དག་གསུམ་དང་ཡེ་ནས་མི་མཐུན་པའི་ཡི་གེ་ཚང་མ་སྒྲ་གདངས་གཙོ་བཞག་བྱས་ནས་བྲིས་སྲོལ་ཞིག་འགོ་བཙུགས་པ་རེད། ཁོང་གིས་འབྲུག་རྒྱལ་འདས་པོའི་བཀའ་འཁྲོལ་མེད་པར་འབྲུག་གི་སློབ་གྲྭའི་ནང་གི་སྔོན་འགྲོའི་བོད་ཡིག་སློབ་ཚན་གྱི་དེབ་ལ་འགྱུར་བ་གཏོང་དགོས་པ་བཀའ་མངགས་བྱས་ཡོད། སྐུ་ཞབས་རྡོ་རྗེ་ལགས་ཁོང་གིས་བོད་ཀྱི་སྐད་ཡིག་གཏོར་བཤིགས་ཚབས་ཆེན་བྱས་པ་དེར་ངས་སེམས་མི་བཟོད་པ་ཤེས་ཡོད་ལ། ང་ལ་དེ་དག་དཔར་སྐྲུན་བྱེད་རྒྱུ་མངགས་རྒྱུ་ལའང་ཞེད་སྣང་བྱེད་ཀྱི་མེད། དེར་བརྟེན་བོད་ཡིག་གི་སློབ་དེབ་གསར་པ་དེ་མཎི་དཔར་ཁང་དུ་དཔར་སྐྲུན་བྱས་པ་རེད། འོན་ཀྱང༌། སློབ་དེབ་གསར་པ་དེའི་དཔར་ཕུད་འབྲུག་རྒྱལ་འདས་པོའི་ཕྱག་ཏུ་ཕུལ་སྐབས་རྒྱལ་པོ་སྐུ་རླུང་ཆེན་པོ་བཞེངས་པ་མ་ཟད། དགེ་འདུན་པ་རྣམས་དེ་བས་ཀྱང་ཁོང་ཁྲོ་ལངས་པ་རེད། རྒྱལ་པོས་དེ་མ་ཐག་སློབ་དེབ་གསར་པ་དེ་ཉིད་མེད་པ་བཟོ་དགོས་པའི་བཀའ་རྒྱ་ཕེབས་པར་བརྟེན། སློབ་དེབ་ཆིག་སྟོང་ཙམ་དཔར་ཁང་རང་ནས་མེར་བསྲེགས་བཏང་ཡོད། འདི་འདྲའི་ཉེན་འཚབ་ཆེ་བའི་སྐད་ཡིག་གཏོར་བཤིག་གི་བསྒྱུར་བཅོས་ནི་འདས་པའི་ལོ་རྒྱུས་དང་རིག་གཞུང་གི་ཁྱད་ནོར་གང་ཐད་ནས་སོ་སོ་རང་ཉིད་རྩ་མེད་ཤུལ་མེད་དུ་བཏང་བའི་མགྱོགས་ལམ་གཅིག་ཡིན་པ་རེད།
ཟླ་བ་ནོར་བུ། མཐའ་མ་དེར། སྐུ་ཉིད་ཀྱི་སྐུ་སྒེར་སྐོར་བཀའ་དྲི་ཞིག་ཞུ་འདོད་བྱུང༌། ངས་གསལ་པོ་ར་འཕྲོད་བྱུང་བ་ལྟར་ན་རྒྱུན་ལྡན་བོད་མི་ཞིག་ཡི་ཤུའི་ཆོས་པ་ཆགས་ རྗེས་ཁོང་རང་བོད་པའི་སྤྱི་ཚོགས་དང་བོད་མི་སྤྱི་བྱིངས་ནས་བུད་འགྲོ་ཡི་ཡོད། འོན་ཀྱང་སྐུ་ཉིད་ལ་བོད་པའི་སྤྱི་ཚོགས་ནང་མི་ཚང་མས་གུས་བཀུར་ཆེན་པོ་གནང་གི་འདུག དངོས་བདེན་བྱས་ན་ཡི་ཤུ་བ་ཞིག་བོད་མི་དང་འབྲེལ་ལམ་ཡོང་ཐབས་མེད་པ་ཞིག་རེད། དེ་ག་འདྲ་ཡིན་པ་རེད་དམ།
རྒན་མཐར་ཕྱིན། ངའི་མི་ཚེ་ཧྲིལ་པོའི་རིང་ལ་ངས་ཇེ་སེ་སེ་ཀེ་ར་སེའི་(Jesus Christ)བསླབ་བྱ་ཉམས་ལེན་བྱེད་ཀྱི་ཡོད། ངས་ཐ་མག་དང་ཆང་རག་འཐུང་གི་མེད་ལ། གཞན་ལ་རྫུན་བཤད་པ་དང༌། མགོ་སྐོར་གཏོང་གི་མེད། ངས་རྒྱུན་དུ་གཞན་ལ་ཕན་ཐོགས་བྱེད་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད། ལོ་མང་པོའི་ཡར་སྔོན་གྱི་བོད་མི་རྣམས་ཀྱིས་ཀྱང་ང་རང་ཡི་ཤུ་བྱེད་དགོས་པའི་རྒྱུ་མཚན་ཕལ་ཆེར་ཤེས་ཀྱི་མེད། འོན་ཀྱང༌། ཁོང་ཚོས་ང་མི་ཅི་ཞིག་ཡིན་པ་ངོས་ལེན་བྱེད་ཀྱི་ཡོད་པ་མ་ཟད། ལྷག་དོན་ཁོང་ཚོས་ངའི་གཟུགས་པོ་ཀ་ལིམ་སྤོང་ལ་ཡོད་ཀྱང་སེམས་པ་བོད་མི་རིགས་ལ་བཅངས་ཡོད་པ་གསལ་པོ་ཤེས་ཡོད།།
་་་་་་་་ ན་དབང་ཕྱིར་ལོག་མ་བྱས་གོང་ཁོང་གི་སྐད་ཆ་མཐའ་མ་དེ་ངས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིན། ཁོང་གིས་གད་མོའི་ངང་བརྗོད་གསལ། གལ་སྲིད་བོད་གཞུང་གིས་ང་ཚོའི་ཞུ་སྐུལ་སྙན་ཞུ་དེར་བརྩི་འཇོག་མ་གནང་ཚེ་ངས་བོད་ནང་རྒྱ་དམར་གྱི་དམག་དཔུང་ཁྲིད་ཡོང་གི་ཡིན།
དེ་ནས་ངས་ཁྱེད་ལ་འཕྲིན་ཡིག་བསྐུར་ཆོག ཅེས་བརྗོད་བྱུང༌། ཕྱི་ལོ་ ༡༩༥༡ ལོར་ངོས་རང་ལ་ཕུན་དབང་གིས་ “བདེ་གནས་ཐོག་ལྷ་སར་འབྱོར་ཡོད། ཕུན་ཚོགས་དབང་རྒྱལ་ནས” ཞེས་པའི་ཏར་འཕྲིན་ཞིག་འབྱོར་བྱུང༌། ་་་་་་་་་་
་་་་་་་
རྒན་མཐར་ཕྱིན། རྒྱ་གར་གྱིས་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་སྐབས་ང་རང་གིས་ནུས་ཤུགས་ཆེན་པོས་ངོ་རྒོལ་བྱས་ཏེ་བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་བྱས་ནས་བསྡད་མྱོང་མེད་སྐོར་མང་དག་ཅིག་བྲིས་པ་ཡིན། ངས་ “བླུན་པོས་ནོར་ན་མཐོ་གང་དང༌། མཁས་པས་ནོར་ན་འདོམ་གང་” ཟེར་བ་ལྟར་མི་ཆེན་པོ་ནེ་ཧ་རུ་ལྟ་བུས་ནོར་འཁྲུལ་བཟོས་ན་ནོར་འཁྲུལ་ཆེན་པོ་ ཡིན་རབས་བཤད་པ་ཡིན། ་་་་་་་་
་་་་་་་ ནེ་ཧ་རུ་རང་ཉིད་ཀྱིས་ཀྱང་ཕྱིས་སུ་ནོར་འཁྲུལ་ཤོར་བ་ངོས་ལེན་གནང་འདུག འོན་ཀྱང་ལོ་རྒྱུས་ཀྱི་ནོར་འཁྲུལ་ཕྱིར་ལོག་རྒྱག་རྒྱུ་ནི་ཧ་ཅང་ཁག་པོ་ཡིན། ་་་་་་་
་་་་་་ གལ་སྲིད་རྒྱ་ནག་གིས་བོད་དབང་བསྒྱུར་ བྱས་ན་དེའི་རྗེས་འབྲས་ཅི་ཞིག་ཡོང་མིན་འགྲེལ་བརྗོད་གསལ་པོ་གནང་འདུག བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་པ་དེ་ནི་རོགས་རམ་ཙམ་གྱི་མ་ཡིན་པར་རྒྱ་གར་རང་ཉིད་ཀྱི་ཁེ་ཕན་ལའང་འབྲེལ་བ་ཡོད་པ་རེད། ་་་་་་་
ཟླ་བ་ནོར་བུ། སྐུ་ཉིད་ཀྱི་སྐུ་ཚེ་མང་ཆེ་བ་བོད་ཀྱི་སྐད་ཡིག་ཐོག་བཏང་བ་རེད། དེར་བརྟེན། བོད་ཀྱི་སྐད་ཡིག་ལ་དུས་ལྟར་འཚམས་པའི་བསྒྱུར་བཅོས་བྱེད་དགོས་པ་གཟིགས་ཀྱི་ཡོད་དམ།
རྒན་མཐར་ཕྱིན། རེད། དུས་ཡུན་རིང་པོ་ཞིག་གི་རིང་ལ་བོད་ཡིག་ལ་བསྒྱུར་བཅོས་ཕྱིན་མེད་པ་རེད། ཉིན་རེའི་འཚོ་བའི་ནང་མིང་ཚིག་གསར་པ་མང་པོ་ཡོང་གི་ཡོད། འོན་ཀྱང་ངས་བསམས་ན་བོད་མི་ཚོས་བོད་ཀྱི་སྐད་ཡིག་ལ་འགྱུར་བ་གཏོང་དགོས་པ་མཐོང་གི་མེད། དོན་གྱི་གོ་བ་ཏག་ཏག་ཅིག་སྤྲོད་ཐུབ་པ་ཡིན་ན་འགྲིག་པ་རེད། ་་་་་
གསེར་ཡིག་ཐོག་ལ་བཀོད་འོས་པའི་ལོ་རྒྱུས་ཅིག་ཡིན་ན་ཡང་་་་་་་་
ཁུ་ནུ་རིན་པོ་ཆེའི་དགེ་ཕྲུག ལྷ་ཡུལ་ལམ། ལ་ཧུལ་གར་ཞ་པ་མཁས་དབང་གྲུབ་དང་། མཁས་དབང་བཀྲ་ཤིས་དཔལ་འབྱོར་གཉིས་དང་མཉམ་དུ་བགློ་གླེང་ཚོགས་འདུ་ལན་གཉིས་ཙམ་འཚོགས་མྱོང་ལ། མཁས་དབང་ཐར་ཕྱིན་སྦ་པུ་ཡང་གར་ཞ་ནས་ཡིན་པ་ནི། གར་ཞ་མཁའ་འགྲོའི་གླིང་ཞེས་པའི་གོ་དོན་ཅིག་འདི་འདྲ་ལ་ཐུག་པ་ཡང་མིན་ནམ་སྙམ་ལགས།
ཚིག་དོན་གང་གི་ཆ་ནས་བལྟས་ཀྱང་མཁས་མཆོག་དམ་པ་སློབ་དཔོན་ཟླ་བ་ནོར་བུ་དང་ཁུ་ནུ་བྷ་བུ་མཐར་ཕྱིན་གཉིས་དབར་རིན་ཐང་ཆེ་བའི་བཀའ་མོལ་སྙིང་བསྡུས་གང་བྱུང་བ་བོད་ཡིག་ཐོག་གོ་བདེར་བསྒྱུར་གནང་འདུག་པར་བཀྲིན་བླ་མེད་ཆེ། ད་དུང་དེ་རིགས་མང་ཙམ་བསྒྱུར་ཐུབ་ན་ངེད་ཅག་བོད་ཡིག་ཀློག་མཁན་ཚོར་ཕན་པ་དེ་བས་ཆེ་བ་ཡོང་ངེས།
བསྒྱུར་བ་བཟང་གི
འདི་ནི་ཕལ་ཆེར་ཕུན་དབང་གིས་རྒྱ་དམག་བོད་ལ་དྲངས་པའི་རྒྱབ་ལྗོངས་ཀྱི་ཚུལ་དུ་བསྒྱུར་བ་འདྲ། རྒྱལ་དབང་བཅུ་གསུམ་པས་བོད་ལ་གསར་བརྗེ་བྱ་འདོད་དང་། ཕུན་དབང་གིས་བོད་ལ་གསར་བརྗེ་བྱ་འདོད་ཡོད་པ་གཉིས་ཐ་དད་རེད། བོད་གཞུང་ནས་ཀྱང་ཕུན་དབང་གི་འདོད་པ་བཞིན་དམར་བསྒྱུར་བྱ་འདོད་མེད། གལ་ཏེ་དེ་དུས་ཕུན་དབང་གི་ཐུགས་འདོད་བཞིན་བོད་དེ་དམར་ཤོག་རང་བཙན་དུ་བསྒྱུར་ཡོད་ན་དེང་སྐབས་བྱང་ཀོ་རི་ཡ་ལྟ་བུ་རྒྱ་དམར་གྱི་ལག་ཆ་ཞིག་ཏུ་གྱུར་ཡོད་ཀྱི་རེད།
རྒྱལ་བ་བཅུ་གསུམ་པས་བོད་ལ་བསྒྱུར་བཅོས་བྱེད་འདོད་ཡོད་ཟེར་བ་དེ་ལ་ང་ནི་དེང་སང་དོག་པ་ཟ་བཞིན་ཡོད། རྒྱལ་བ་རང་ཉིད་ཀྱི་ཆབ་སྲིད་གོ་གནས་ལ་ཆག་འཇིག་བྱུང་གྲབས་ཀྱི་སྐབས་སུ་ཐབས་བརྒྱ་ཇུས་སྟོང་གིས་རང་ཉིད་ཀྱི་དབང་ཆ་སྲུང་སྐྱོབ་བྱས་ཡོད། ཡིན་ན་ཡང་། རང་ཉིད་ཀྱི་གོ་གནས་བརྟན་པོ་བྱུང་བའི་རྗེས་སུ་འགུལ་སྐྱོད་གང་ཡང་བརྒྱབ་མེད།
རྒྱལ་བ་བཅུ་གསུམ་པ་ཁོང་རང་ཉིད་ལ་ཆིབས་འཁོར་ཁ་ཤས་ཉོས་སོགས་དེང་རབས་ཀྱི་རྒྱས་སྤྲོས་ལ་ལོངས་སྤྱོད་ཐུབ་པ་བཟོས་ཡོད་མོད་བོད་མི་མང་ལ་དེང་རབས་ཅན་གྱི་དཔལ་ཡོན་ཅི་ཡང་ཁྱེར་ཡོང་མི་འདུག ཐ་ན་ལྷ་སའི་གྲོང་ལ་འགྲུད་སྐྱེལ་རླངས་འཁོར་ཞིག་ཀྱང་འཛུགས་པའི་ཐབས་ཤེས་བྱས་རབས་མི་འདུག ཆུ་སྤྲེལ་ཞལ་གདམས་ནང་ལ་རླབས་ཆེན་ཞག་བཤད་ཡོད་ཟེར་ནས་འུད་སྒྲོག་མཁན་མང་ན་ཡང་དོན་དུ་གུང་ཁྲན་དམར་ལུགས་བོད་དུ་སླེབས་ན་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་མཐོ་རིམ་དབང་འཛིན་པ་ཚོའི་མགོ་ལ་གནམ་རྡིབས་ཡོང་གི་རེད་ནས་སྐད་ཤོར་བ་ཙམ་རེད། ང་ཚོས་རང་མགོ་རང་སྐོར་གྱི་རྨོངས་དད་སྤེལ་ན་ཕན་ཐོགས་མི་འདུག ལོ་རྒྱུས་ངོ་མ་ལ་གཞི་བཅོལ་ནས་སྐད་ཆ་གླེང་དགོས་ཀྱིན་འདུག
རྩོམ་ཡིག་འདི་འདྲ་བོད་ཡིག་ཐོག་བསྒྱུར་བ་ནི་བོད་ཡིག་ཁོ་ན་ལས་མི་ཤེས་མཁན་ཚོར་མཚོན་ན་ཤིན་ཏུ་རྩ་ཆེན་དང་གོ་སྐབས་ཤིག་རེད། ཟུར་དུ་ཞུ་རྒྱུ། ཡི་གེ་འབྲི་སྟངས་འདི“རྣམ་དག་ཆོས་ལུགས་”ཅུང་ནོར་བ་འདྲ། ཡོངས་གྲགས་སུ་“གནམ་བདག་ཆོས་ལུགས་”ཟེར་བ་རེད། དེ་ཡང་རྒྱ་ཡིག་ལས་བོད་ཡིག་ཏུ་ཐད་སྒྱུར་བྱས་པ་སྟེ་རྒྱ་སྐད་དུ་“天主教”ཟེར་བ་དེ་རེད། འོན་ཀྱང་ཡིག་ནོར་འདིས་འགྱུར་ཡིག་གི་སྤྱི་ཁོག་ལ་གནོད་པ་ཐེབས་མི་འདུག་སྙམ། བཀའ་དྲིན་ཆེ། རྩོམ་ཡིག་འདི་ལྟ་བུ་མང་དུ་བསྒྱུར་རོགས་ཞུ།
བོད་ལ་རྒྱ་མི་དང་དམར་ཤོགས་དང་པོ་ཁྲེད་ཡོང་མཁན་མི་དེར་དཔའ་བོ་ཞེས་འབོད་པ་ནི་ ལམ་ཕྱོགས་དང་ ལྟ་བ་ དམིགས་ཡུལ་
ཕུགས་བསམ་སོགས་རྩ་བ་ནས་གསལ་པོ་མིད་པ་ཞིག་རེད་
སྤོགས་པ་མཐའ་ཡས་ལགས་ རྒྱ་བ་བཅུ་གསུམ་པ་ཆེན་པོས་བོད་ལ་སློབ་གྲ་དང་ གསོ་རིགས་སྨན་ཁང་ གློག་ཁང་ སྦྲག་ཁང་
དངུལ་སྒོར་མོ་ མཚོན་ཆ་བཟོ་གྲྭ་ དམག་གར་དང་དམག་སྦྱོང་ ཕྱི་འབྲེལ་ལས་ཁུངས་ལ་སོགས་པ་གསར་འཛུགས་ རྫོང་གཞིས་ཁག་དང་སྤྱི་རྫོང་ཁག་ལེགསབཅོད་སོགས་སྔར་བོད་ལ་མེད་པ་གྲངས་གི་མི་ལོང་པ་གསར་འཛུགས་གནང་བ་སོགས་ལ་ཁྱེད་ཀྱི་འགྲེལ་བཤད་གང་རྒྱབ་རྩིས་ཡོད་དམ་
སྤོབས་མཐའ་སོགས་ཀྱིས་མདའ་ཁ་ནང་ལ་གཏད་གཏད་དུ་ཡོད། ངོ་མ་སུན་བྱུང་། མི་འདི་ཚོའི་ཁ་ན་བཀྲ་ཤིས་བ་གཅིག་ཀྱང་མེད།་དོན་རྩ་རྡོག་རྡོག་དེ་བཤད་ན་མིང་ཙམ་དོན་དུ་ཉེར་བའི་རིགས་དེ་རེད། ངས་ཁྱོད་ལ་གནའ་གཏམ་ཞིག་བཤད་གཅིག་ཐེངས་ན་ཁྱོད་ལ་ཕན་སྲིད། གནའ་ཞིག་ལ་རྩ་མི་ཚང་བའི་མི་ཞིག་གིས་འདི་སྐད་དུ། “ད་རེག་བར་དུ་སྐད་གྲགས་ཤིག་འཇོག་ཆེད་འབད་པ་རབ་དང་རིམ་པ་བྱེད་ཀྱང་འབྲས་བུ་མ་བྱུང་། མཐར་ཨ་མ་ལ་ཅིག་འཛག་རྗེས་སྐད་གྲགས་གླིང་ལ་ཆོད་སོང་།”
སྤོབས་མཐའ་ལ་སོགས་པའི་མི་བུ་འགའ་ད་དུང་ཁ་བརྡ་ནང་ན་ཡོད། ཁག་གཅིག་གཞུང་གི་ལས་སྣ་ག་གེ་མོ་ལ་མི་དགའ་བས་རྒྱུ་མཚན་གྱིས་བོད་མི་ཡོད་ཚད་ལ་ཐལ་བ་གཏོར། ཁག་གཅིག་༧རྒྱལ་བ་རིན་པོ་ཆེ་ལ་མི་དགའ་མི་དད་པའི་རྒྱུ་མཚན་གྱིས་དད་ལྡན་མང་ཚོགས་ཀྱི་སེམས་ཁ་དཀྲུག།
མྱི་འདི་ཚོའི་རིགས་ནི། རུམ་གྱི་བྲོ་འབོར་བཞིན་པ་མི་ཚོར་བར། ཐང་ནས་རྡོ་སྒུམ་མདོག་སྟོན་མཁན་ཚོ་རེད། མྱི་གཞི་རྩ་ནས་མེད་པ་འདི་ཚོའི་སྐད་ཆ་ལ་ཉན་ས་ཞིག་དང་ཆ་འཇོག་ས་ཞིག་ཡོད་པ་མ་རེད། གསར་བུ་ཚོ།
བཅར་འདྲི་འདྲ་ཞིག་འདུག་ཅེས་གོ་མྱོང་བ་ལས་མཐོང་ཐེངས་དང་པོ་ཡིན། དོན་དག་གཅིག་གསལ་བོ་ཆགས་ཀྱི་འདུག དེ་ནི་ཕུན་དབང་གི་རྩ་བའི་དམིགས་ཡུལ་དང་ལག་ལེན་ཐད་བསྐྱར་དུ་ཞིབ་འཇུག་བྱེད་དགོས་པ་དེ་རེད། མ་གཞི་ཕུན་དབང་མ་གྲོངས་པའི་ཡར་སྔོན་ཁམས་དང་ཨ་མདོ་ནས་ཡིན་པའི་གཞོན་སྐྱེས་ཁ་ཤས་ཐེངས་འགར་ཁོང་ལ་ཐུག་འཕྲད་བྱེད་མྱོང་འདུག་ལ། ཕུན་དབང་ལགས་ཀྱིས་ཁོང་ཚོར་གསུངས་པ་ནི་༼ང་རང་གིས་སྔར་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་སྡེ་བ་གཞུང་ལ་བོད་དམག་ཁག་ཅིག་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་དམག་དཔུང་ནང་གཏོང་འོས་པ་དང་། དེ་ལྟར་བོད་ལ་འཛམ་གླིང་སྟེང་ངོས་ལེན་ཡོང་གི་ཡོད་པས། མ་འོངས་པར་གཞན་འོག་ཏུ་ལྷུང་གི་མ་རེད་ཅེས་ཞུས་པ་ཡིན་ཏེ། བོད་དེ་བཞིན་ཆོས་ལྡན་རྒྱལ་ཁབ་ཡིན་ཚུལ་དང་བར་གནས་བྱེད་འོས་ཚུལ་ལབ་ནས་ཉན་མ་སོང་། མཐའ་འབྲས་དེང་སྐབས་ཀྱི་གནས་སྟངས་འདི་རེད། ༽
སྐབས་དེའི་མཐུན་ཕྱོགས་རྒྱལ་ཁབ་སུ་དང་སུ་རེད། སྐབས་དེར་མཐུན་ཕྱོགས་རྒྱལ་ཁབ་ཞིག་ཡོད་ན། བོད་འདིའི་གནས་ཚུལ་ག་ལ་གང་འཚམས་ཤིག་ཁོང་ཚོས་ཤེས་དགོས་བ་ཡིན་པས། ཅིག་ཕྲིས་དང་། ལྷ་སྡེ་བ།
ཤེས་འདོད་ཡོད་པ་ཡག་པོ་རེད། རབ་བྱུང་ན་འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་ཀློག་རོགས། དེ་ནས་མཐུན་ཕྱོགས་རྒྱལ་ཁབ་གང་དག་ཡིན་པ་ཤེས་ངེས་ཡིན།
ཡར་ཐ་གྲོས་ཚོགས་དང་ཐེ་རན་གྲོས་ཚོགས་ཀྱིས་བོད་དང་གོ་མིང་ཏང་གི་རྒྱ་ནག་གི་ཁེ་ཕན་སྐབས་དེའི་ར་ཞི་ཡ་སུའོ་ལེན་མནའ་འབྲེལ་རྒྱལ་ཁབ་ལ་ལྐོག་བཙོང་བྱས་ཚར་བས་ཕུན་དབང་གི་བསམ་འཆར་གྱི་རེ་སྟོང་ཙམ་ཡིན་པས་ཟད་དོ། དེ་ནི་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ལ་རྨོངས་བའི་སྐད་ཆ་ཙམ་ཡིན། དེ་མིན་གོང་གི་མཐུན་ཕྱོགས་རྒྱལ་ཁབ་ཟེར་བ་དེ་སྐབས་དེའི་འཇར་མན་དང་འཇར་པན། ཡུ་ཐ་ལེ་བཅས་རྒྱལ་ཁབ་གསུམ་ལ་དམག་གིས་ཁ་གཏད་བྱེད་པའི་རྒྱལ་ཁབ་༥༧ལ་གོ་དགོས།
གོང་དུ་ངས་རྒྱལ་བ་བཅུ་གསུམ་པའི་སྐོར་ལ་བསམ་ཚུལ་ཞིག་བཤད་པ་ལ་ཁ་ཤས་ཀྱིས་དོ་སྣང་བྱས་འདུག རྒྱལ་བ་བཅུ་གསུམ་པའི་དུས་སུ་འཛམ་གླིང་འཁྲུགས་ཆེན་དང་པོ་དང་། ར་ཤ་ཡའི་གསར་བརྗེ་སོགས་གནམ་ས་འགུལ་བའི་དུས་སྐབས་ཤིག་རེད། རྒྱལ་བ་བཅུ་གསུམ་པས་ཀྱང་དེ་ཚོ་ཚང་མ་ལག་མཐིལ་ན་ཡོད་པ་བཞིན་མཐོང་གི་ཡོད་རེད། ཁོང་རང་སྐུ་སྒེར་གྱི་གོ་གནས་སྲུང་སྐྱོབ་ཐད་ལ་ཧ་ཅང་འཇོན་པོ་དང་དཔའ་བོ་རེད། ཡིན་ན་ཡང་། བོད་མི་མང་ལ་བསམ་བློ་གཏོང་ཤེས་མཁན་ཞིག་མ་རེད། ཨ་རུ་ན་ཅལ་ཡར་སྤྲད་པ་རེད། འབྲི་ཆུའི་ཤར་རྒྱུད་ཚང་མ་མར་སྤྲད་པ་རེད། རྒྱལ་བ་བཅུ་གསུམ་པའི་དུས་སུ་ཁམས་པ་ཚང་མས་བོད་སྡེ་པ་གཞུང་ཟེར་དུས་འདར་ནས་སྐྱག་པ་སྒྱིད་ཁུག་ལ་ཟག་དགོས་པ་ཞིག་བཟོས་པ་རེད། པན་ཆེན་ཚང་དང་འགལ་བ་དྭངས་རྒྱུ་མེད་པ་དེ་བཟོས་པ་རེད། མདོར་ན་བླ་རྒན་ཚོས་ཆབ་སྲིད་ཀྱི་དབང་ཆ་འཛིན་པ་འདིར་ང་ནི་ཞེན་པ་ལོག་ནས་བསྡད་ཡོད། རྒྱལ་བ་ཡིན་མིན་ཅང་མེད། ངའི་ལག་ན་ཡང་རྒྱལ་རབས་ལོ་རྒྱུས་ཡིག་ཆ་ཁ་ཤས་རེ་ཡང་ཡོད། དེ་ཚོ་ཁུངས་སུ་དྲངས་ནས་བཤད་རེས་བྱེད།
ང་ཚོ་བོད་མི་འདི་ཚོ་བླ་མ་བསྟོད་པ་ལ་དགའ་པོ་རེད། བླ་མའི་སྣབ་ལ་ཡང་ཚྭ་དྲི་བྲོ། གཅིན་ལ་སྤོས་དྲི་བྲོ་ཟེར་ནས་སྙན་ངག་རྩོམ་མཁན་གྱི་མི་རིགས་ཤིག་རེད། བོད་ཀྱི་བླ་མ་ཚོར་ཆོས་ཕྱོགས་ཀྱི་མཛད་རྗེས་ཅན་མང་པོ་ཡོད་པས་དེ་ཚོ་གནས་ཚུལ་ལོགས་ཁ་རེད། ཡིན་ན་ཡང་། ཆབ་སྲིད་ཀྱི་ཐད་ནས་མང་ཆེ་བ་ཧ་ཅང་ཐབས་སྐྱོ་པོ་རེད། རྒྱལ་བ་བཅུ་གསུམ་པ་ཡང་དེའི་ནང་གི་གཅིག་རེད།
རྒྱལ་བ་བཅུ་གསུམ་པའི་ཆུ་སྤྲེལ་ཞལ་གདམས་དེ་མ་འོངས་ལུང་བསྟན་ཡིན་མདོག་གི་འུད་བསྟོད་བྱེད་མཁན་མང་པོ་རེད། དོན་དུ་དེ་ཅི་ཡང་མ་རེད། འཛམ་གླིང་ལ་འགྱུར་བ་འགྲོ་བཞིན་ཡོད་པ་དེ་ཁོང་རང་ཚོས་མཐོང་གི་ཡོད་རེད། ཡིན་ན་ཡང་། ཁོ་རང་ཚོའི་ཟ་སྒོ་འགག་འགྲོ་བར་ཞེད་ནས་བོད་མི་མང་ལ་འགུལ་སྐྱོད་རྒྱག་འཇུག་འདོད་མེད་པ་རེད། མ་འོངས་པར་ཆོས་ལུགས་ཚོགས་སྡེའི་ཟ་སྒོ་འགག་སྲིད་པ་དང་། སྐུ་དྲགས་ཁྱིམ་རྒྱུད་ཚོའི་ཁེ་དབང་འཆོར་སྲིད་པའི་སྡར་སྐད་ཤོར་བ་ཙམ་རེད། ཡིན་ན་ཡང་། སྡར་སྐད་ཤོར་བའི་ཚོད་ཀྱི་གྲ་སྒྲིག་བྱེད་པའི་སྙིང་སྟོབས་མེད་པ་རེད།
ཨ་རོགས་སྤོབས་མཐའ། ལྟོ་བ་རི་རབ་ཙམ་ལ་མགྲིན་པ་ཁབ་མིག་ཙམ་གྱི་སྐད་ཆ་མ་བཤད། ཁྱེད་ཀྱི་ཤེས་བྱ་ཉི་ཚེ་བ་དེས་རང་ཉིད་ཕོངས་བར་བྱེད་པའི་གཞི་ཡིན། སྐྱ་སེར་བར་དབྱེན་སྦྱོར་བྱེད་ཐབས་འདི་རྒྱ་ནག་གིས་ད་ལྟ་བར་དུ་བོད་སྟོངས་བར་བྱེད་པར་བེད་སྤྱོད་བྱེད་པའི་སྲིད་བྱུས་ཡིན་ལ། ཁྱེད་དང་འདྲ་བའི་སྐྱེས་བུ་ཀླད་མེད་སོགས་ཀྱིས་དེར་རློམས་ནས་བོད་ནས་རིག་གནས་གསར་བརྗེ་དང་གོད་ཆད་ད་ལྟ་བར་དུ་འབྱུང་གིན་ཡོད་པ་དེ་རེད། གཉན་འཕྲང་གི་དུས་འདིར་རང་གི་མི་རིགས་མཐུན་སྒྲིལ་ལ་འབད་བརྩོན་བྱེད་དགོས་པ་དང་༧གོང་ས་མཆོག་དང་བཀའ་ཤག་ལ་རོགས་རམ་ཅི་ནུས་བྱས་ན་མི་ལེགས་སམ། རྭ་མགོར་བརྒྱབ་ན་ར་གཏིང་ལ་གནོད། ༧གོང་ས་མཆོག་གི་མཚན་སྙན་ལ་རང་གི་མིག་ལྟར་གཅེས་སྐྱོང་བྱོས། ཁ་དཔེ་རང་ཁ་གསེར་གྱི་སྒོ་མོ་རང་སྲོག་གཅོད་པའི་སྟ་རེ་ཟེར་དོན་དེར་བསམ་མནོ་ཐོངས།
ཅོག་མྱི་ལགས། ཁྱེད་ཀྱི་ཐུགས་སེམས་བཟང་པོའི་བཀའ་བཀྱོན་གནང་བ་བཀའ་དྲིན་ཆེ། ང་ཚོ་བོད་མི་མང་གིས་བླ་མ་ཟེར་བའི་ཆོས་སྲིད་ཟུང་འབྲེལ་གྱི་དབང་འཛིན་མི་སྣ་བླ་དྲགས་སྲུང་སྐྱོབ་ཀྱི་ལས་ཀ་བྱས་བསྡད་ནས་ང་ཚོ་གནས་སྟངས་འདི་ལ་ལྷུང་བ་རེད། བླ་དྲགས་ཚོས་ང་ཚོ་མི་སྐྱོབ་པ་ཤེས་དགོས་ལ་ང་ཚོས་བླ་དྲགས་སྐྱོབ་པའི་འབད་པ་དེ་ཡང་འདོར་ཐུབ་དགོས་གི འདས་མ་འོངས་ད་ལྟ་དུས་གསུམ་གྱི་བླ་དྲགས་ཚོའི་རྐང་རྗེས་ནག་པོ་དེ་ཚོ་ངོ་འཕྲོད་དགོས་གི བོད་རྒྱ་འོག་ཏུ་གྲོ་བའི་རྒྱུ་རྐྱེན་གཙོ་བོ་གཅིག་བླ་དྲགས་འདི་ཚོའི་བྱ་སྤྱོད་ལ་ཐུག་ཡོད་པ་རེད། རྒྱལ་བ་བཅུ་གསུམ་པ་དང་པན་ཆེན་གཉིས་ཀ་འཁྲུགས་ནས་པན་ཆེན་གྱི་རྒྱ་ནག་ལ་མགོ་བཏགས་པ་རེད། དེ་གཅིག་པོ་ལ་བསམ་བློ་ཞིག་ཐོངས་དང་། སྟག་བྲག་དང་རྭ་སྒྲེང་གཉིས་ཀ་འཁྲུག་ནས་རྭ་སྒྲེང་ཕྱོགས་ཀྱི་གནད་ཡོད་མི་སྣས་རྒྱ་ནག་ལ་མགོ་བཏགས་འདུག དེ་ལ་བསམ་བློ་ཞིཧག་ཐོངས་དང་། བླ་རྒན་དབང་འཛིན་པ་འདི་ཚོས་ཁོ་རང་ཚོའི་དབང་ཆ་ལ་ཐུག་དུས་བོད་མི་མང་དང་བོད་རྒྱལ་ཁབ་ཀྱི་ལ་རྒྱ་མདུན་ལམ་ལ་བསམ་བློ་གཏོང་མཁན་ཞིག་ཨེ་འདུག སྤྱི་ཚོགས་ཕལ་མོ་ཆེ་མི་མང་གིས་མི་མང་སྐྱོང་བའི་ལམ་ལུགས་ལ་གདོང་ཕྱོགས་ནས་འགྲོ་བཞིན་འདུག བོད་མི་ཚོ། བླ་དྲགས་ཚོའི་གཟན་ཐུའི་འོག་ཏུ་གཉིད་མ་འདུག
སྤོབས་མཐའ་འདིས་ཡང་ཨ་རག་ཏོག་ཙམ་འཐུང་ཡོད་པ་འདྲ། གང་ལྟར་བོད་སིལ་བུར་འཐོར་བ་ནས་བཟུང་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཕུད། བོོད་ཀྱི་དབུ་ཁྲིད་ཚོའི་ཁྲོད་ན་བསྒྱུར་བཅོས་ཀྱི་དགོངས་པ་ཏིང་ཟབ་ཤོས་བཞེས་མཁན་ནི་གོང་ས་བཅུ་གསུམ་པ་ལས་ལྷག་པ་སུ་ཡང་བྱུང་མི་འདུག ཁོང་གིས་བུ་ཕྲུག་མང་པོ་དབྱིན་འཇིར་སློབ་གྲྭ་བཏང་བ་དང་། གྲ་ཕྱི་གློག་འཕྲུལ་ཁང་བཙུགས་པ་སོགས་བསྒྱུར་བཅོས་ཀྱི་འཆར་གཞི་མང་པོ་བཟོས་ཡོད་ཀྱང་དེ་དག་ཚང་མ་ལམ་ལ་འགྲོ་མི་བཅུག་མཁན་ནི་གྲྭ་སའི་བླ་རྒན་མགོ་མཁྲེགས་དེ་ཚོ་རེད། དཔེ་མཚོན་ཞིག་ཞུས་ན་ཞྭ་སྒབ་པ་སོགས་གསེར་ཉོ་བའི་མིང་ཐོག་ནས་ཨ་རིར་གཏོང་རྩིས་བྱས་སྐབས་གདན་ས་གསུམ་ནས་ཕྱི་རྒྱལ་ལ་འབྲེལ་བ་བྱས་ན་ཆོས་ལ་གནོད་ཀྱི་རེད་ཅེས་དགག་པ་ཤུགས་ཆེར་སླེབས་པས། གདན་སའི་མཆོད་རྒྱུན་ཁག་བོད་གཞུང་གི་ལོར་ལ་རག་ལས་ཤིང་། གལ་ཏེ་གསེར་ཉོ་རུ་མ་བཏང་ན་ལོར་གྱི་མཛའ་ཐང་ཆག་སྟེ་གདན་སའི་མཆོད་རྒྱུན་ལ་གནོད་བྱེད་ཀྱི་རེད་ལབ་པས། ཨོ་་་ངེས་པར་དུ་གཏོང་དགོས་ཀྱི་འདུག་འཕྲལ་དུ་གཏོང་རོགས་གནང་ཞེས་བཤད་པའི་ལོ་རྒྱུས་ཞྭ་སྒབ་པས་སྲིད་དོན་རྒྱལ་རབ་འགྲེལ་བཤད་ཀྱི་ནང་དུ་གསུངས་ཡོད་པ་ལྟ་བུ་རེད།
ལུང་རྟོགས་ལགས། ཨ་རག་ཏོག་ཙམ་བཏུང་བས་ག་ལ་ཚད། ཁོས་སྨྱོ་ཆུ་ཡང་དགའ་ཆེན་བཏུང་ཡོད་པ་རེད། ད་ཅི་བྱེད། ལས་མ་དག་པ་རང་རེད།
ཡག་པོ་འདུག བཀླགས་ཚར་ཡིན།
བླ་མའི་དམག་དཔོན་དང་གྲྭ་བའི་དམག་དཔུང་བཤད་དགོས་ན་རྒྱལ་དབང་ལྔ་བ་དང་སེར་འབྲས་དགའ་གསུམ་སོགས་གཙོ་བོར་བཟུས་ནས་བཤད་དགོས་རྒྱུ་རེད། འོན་ཀྱང་དེ་ཚོ་ཞིབ་ཕྲ་བྱས་ནས་བཤད་བསྡད་ན་སྐབས་རེར་སྲོག་ལའང་ཉེན་ཁ་འདུག ད་ཡིན་ན་དུས་ཚོད་ཅིག་ལ་རེ་སྒུག་བྱེད་རྒྱུ་ལས་མ་འདས།
འཛམ་གླིང་གི་ཡུལ་གྲུ་དང་སྤྱི་ཚོགས་ཀྱི་ཁ་ཕྱོགས་བཅས་སུ་ཚུད་ཚ་དུས་སྤྱི་ཚོགས་དེའི་འགྱུར་འགྲོས་ལ་ལྟོས་ནས་འགྲོ་དགོས་རྒྱུ་ནི་མིའི་རང་བཞིན་གྱི་སྤྱོད་ཚུལ་ཡིན་པ་ལས་བོད་ཀྱི་བླ་དཔོན་སུ་གཅིག་གིས་རང་དོན་མིན་པས་ཁ་ཁོག་མཚུངས་པའི་འབངས་མིར་གུ་ཡང་དང་བཟང་ཕྱོགས་ཀྱི་སྒྱུར་བཅོས་ཞིག་བཏང་མྱོང་མེད། ད་དུང་སྒྱུར་བཅོས་དང་རང་དབང་། འདྲ་མཉམ་དང་དྲང་བདེན་བཅས་ག་ཚོད་བཤད་པ་དེ་དག་ནི་མ་བརྟག་མ་དཔྱད་ན་བདེན་བདེན་འདྲ་སྣང་ཡང་དོན་དུ་ཞིབ་མོས་བསམ་ན་རང་གི་ཁེར་གྲགས་གཙོར་གཉེར་གྱི་བྱ་སྤྱོད་ཙམ་ལས་མེད།
སྤོབས་པ་མཐའ་ཡས་ཀྱིས་བཤད་པར་རྒྱུ་མཚན་འདུག བླ་སྤྲུལ་ཞིག་དང་། སེར་མོ་བ་ཞིག་སྲིད་དོན་གྱ྄ི་གྲལ་མགོར་བསྡད་པ་ཡིན་ན་སྐྱོན་ཞིག་འདུག གང་ལྟར་ཞབས་ཕྱི་དང་རྗེས་འབྲངས་དད་ལྡན་པས་་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ལ་རྒྱ་ལས་བླ་མ་དང་དེའི་རྗེས་འབྲངས་བའི་ཁེ་ཕན་གལ་ཆེ་བར་བརྩི་བཞིན་པ་དོན་དངོས་རེད། བོད་ཀྱི་རྒྱལ་པོ་ར་སྟག་གཉིས་དང་། དེ་མོ། པཎ་ཆེན་ཚང་། ཞ་མར། བཙན བྱོལ་ནང་དུའང་ཚོགས ཁག་བཅུ་གསུམ་དང་། དོལ་རྒྱལ། དེ་ཚོའི་བྱས་ཉེས་བགྲངས དགོས བྱུང་ན་པུ་ཏི་ལོངས་བ་ཡོད། སྐྱག་ཚང་བསྔོགས་ནས་གང་ཡོང་། ད་དུང་ཀརྨ་ཞ་དམར་ནག་གི་ལོ་རྒྱུས་ལ་ལྟོས། དངོས་གནས་སྐྱོ་པོ་རེད། བྱང་ཆུབ་སེམས་པའི་མཛད་པ་ཡིན་ན་མ་གཏོགས་མིས་བྱ་ཡས་ཀྱི་ལས་ཀ་མ་རེད།
སྐུ་ཞབས་སྦ་སྦ་མཐར་ཕྱིན་ཁོང་ནི་མི་རིགས་ཀྱི་ལ་རྒྱ་དང་ཞེན་འཁོག་ཡོད་མཁན་ཞིག་ཡིན་པས་མི་ཚད། ཡི་ཤུ་གནམ་བདག་ཆོས་ལུགས་ཀྱི་ཕྱོགས་ཞེན་གང་འཚམས་ཡོད་མཁན་ཞིག་དང་། དེ་དར་སྤེལ་གཏོང་འདོད་ཀྱི་འཆར་གཞི་ཡོད་མཁན་ཞིག་ཡིན་པ་གསལ་བོ་རེད། ཁོང་ནི་ཆུང་དུས་ཡི་ཤུའི་སློབ་གྲྭའི་བསྐྱེད་བསྲིངས་འོག་འཚར་ལོངས་བྱུང་བ་དང་། རྗེས་སུ་བོད་ཀྱི་ས་མཚམས་ཁག་ཏུ་འགྲུལ་བ་ཕར་འགྲོ་ཚུར་འོང་བྱེད་མཁན་རྣམས་ལ་ཡི་ཤུ་ཆོས་ལུགས་ཀྱི་བསྒྲགས་ཡིག་འགྲེམ་སྤེལ་བྱེད་མཁན་ཞིག་ནས། རིམ་གྱིས་བོད་མི་ལ་དོ་སྣང་ཡོད་མཁན་ཞིག་ཏུ་གྱུར་བའི་བརྒྱུད་རིམ་འདིས་ཀྱང་ཁོང་གི་ཁ་ཕྱོགས་ལ་སྡོམ་ཚིག་ཆུང་ཆུང་ཞིག་བཀོད་ཡོད། དོན་དམ་པར་བོད་མི་རིགས་ལ་ཁ་ཞེ་གཉིས་མེད་ཀྱི་སྲིད་ཞུ་སྒྲུབ་མཁན་ཞིག་ཕྱིན་ཆོས་ལུགས་གྲུབ་མཐའི་ཞེ་འདོད་ཕྱོགས་རིས་པ་དང་མ་འདྲེས་པ་ཞིག་བྱེད་རྒྱུ་གནད་ཀྱི་དོན་པོ་ཡིན་མོད། འོན་ཀྱང་། ཁོང་གིས་ཡི་ཤུའི་ཆོས་ལུགས་སྤེལ་བའི་ལམ་སྲོལ་ལག་བསྟར་གྱིས་བོད་ནང་ལ་ནུབ་ལུགས་ཀྱི་སློབ་གྲྭ་འཛུགས་པ་དང་། རོགས་སྐྱོར་ཆུང་ངུ་རེ་བྱེད་པའི་ཕྱོགས་ལའང་གོམ་པ་སྤོ་མགོ་བཙུགས་ཡོད། ད་དུང་བོད་དེང་རབས་ཅན་ལ་བསྒྱུར་བའི་ལས་གཞི་དང་འབྲེལ་བ་མེད་པའི་ཡི་ཤུའི་ཆོས་དཔེ་ཁག་ཅིག་ཀྱང་བོད་ཡིག་ཏུ་ཕབ་བསྒྱུར་གནང་བ་འདིས་ཁོང་གིས་ཞེ་འདོད་གང་ཡིན་ལྷང་ལ་བུད་ཡོད་པ་གསལ་བོ་རེད།
གང་ལྟར་ངས་བཤད་འདོད་པ་ནི་ཁོང་གིས་བོད་ནང་ཡི་ཤུ་ཆོས་ལུགས་ཁྱབ་སྤེལ་བྱེད་འདོད་པ་དེ་མ་འགྲིག་པ་དང་ནོར་འཕྱུགས་ཅིག་རེད་ཅེས་ལབ་ཀྱི་མེད་མོད། དོན་དངོས་སུ་ཁོང་གིས་བོད་ལ་བཞག་པའི་བྱས་རྗེས་ནི་ཡི་ཤུའི་ཆོས་ལུགས་ཁྱབ་སྤེལ་གྱི་ལས་གཞི་དང་བསྡུར་ན་ཧ་ཅང་མངོན་ཆུང་ཞིག་དང་། དེ་དང་བསྡུར་རན་མེད་པ་ཞིག་རེད་ཅེས་པ་དེའོ།
སྔར་བོད་པའི་ནང་དུ་དབྱིན་ཇིའི་སྐད་རྒྱག་མཁན་ཚང་མ་ཡི་ཤུའི་ཆོས་ལུགས་ལ་མ་བརྟེན་པ་གཅིག་ཀྱང་མེད་ལ། ཐ་ན་བཙན་བྱོལ་ནང་གི་ལོ་ན་ལྔ་བཅུའི་ཡན་འདབས་ཁྲོད་དུའང་ཡི་ཤུའི་ཆོས་པ་ཚོར་མ་བརྟེན་མཁན་གཅིག་ཀྱང་མེད། མདོར་བསྡུས་ན་བོད་ཀྱི་གནད་དོན་ལ་རྒྱལ་སྤྱིའི་དོ་སྣང་སླེབས་དོན་ཡང་ཡི་ཤུའི་ཆོས་པ་ཚོ་དུས་རབས་མང་པོར་བོད་ནང་སྔ་རྗེས་སུ་སླེབས་ནས་བོད་འདི་ཕྱི་ཕྱོགས་སུ་ངོ་སྤྲོད་གནང་བའི་ཐུགས་རྗེ་ཡིན།
ཡི་ཤུའི་ཆོས་ལུགས་པ་ཁ་ཤས་བོད་ལ་སྔ་རྗེས་སུ་བསླེབས་ནས་དེ་དག་གིས་བོད་ཀྱི་གནས་བབས་དང་། ཁོར་ཡུག གནམ་གཤིས། མིའི་ཀུན་སྤྱོད། ཤེས་རིག་དང་། ཆབ་སྲིད་བཅས་ལ་རྒྱུས་ལོན་གཏིང་ཟབ་མོ་བྱས་། མ་ཟད། དེ་དག་ཞིབ་ཚགས་ཀྱིས་ཟིན་ཐོར་བཀོད་དེ་ཕྱིར་དབྱིན་ཡུལ་ལུང་བར་ཁྱེར་བ་རེད། དབྱིན་ཇི་བཙན་རྒྱལ་དམགདཔུང་གིས་དེ་དག་དམག་འཁྲུག་གི་ཐབས་བྱུས་ལ་བེད་སྤྱོད་བཏང་ནས་བོད་ཟ་འདོད་ཀྱི་འདོད་རྔམ་ཇེ་ཆེར་སོང་བ་རེད། དེར་བརྟེན་དེའི་ཕྱིས་སུ་བོད་ལ་དབྱིན་ཇིའི་དམག་གིས་བཙན་འཛུལ་བྱས་པ་རེད།
དང་ཐོག་ཆོས་པ་དང་ཚོང་བ། སྨན་པ་སོགས་ཀྱི་མིང་ཐོག་ནས་་འོང་ཞིང་ཉམ་ཆུང་ཆུང་ངང་བསྡད། དེ་ནས་སྤྱི་ཚོགས་ནང་གནས་ཚུལ་ཡོངས་རྫོགས་ལ་རྒྱུས་ལོན་གཏིང་ཟབ་བྱས་མཐར། རྗེས་ནས་དམག་དཔུང་ཁྲིད་ནས་འོང་གི་རེད། འདི་དབྱིན་ཇི་བཙན་རྒྱལ་དམག་གི་གཡོ་ཐབས་རེད། རྒྱ་གར་ཡང་འདི་ལྟར་དབྱིན་ཇིའི་འོག་ལ་ཤོར་བ་རེད་ལ་བོད་ཀྱང་འདི་ལྟར་དབྱིན་འོག་ལ་འཆོར་གྲབས་བྱས་པ་རེད། ཡིན་ནའང་། སྡུག་ས་ནས་བཤད་ན། བོད་རྒྱ་དམར་འོག་ལ་ཤོར་བ་ལས་དབྱིན་ཇིའི་འོག་ཤོར་ན་བཟང་། གལ་སྲིད་བོད་དབྱིན་ཇིའིབཙན་་འོག་ཤོར་ཡོད་པའི་དབང་དུ་བཏང་ན་ད་སྐབས་རང་དབང་སླར་གསོ་རག་ཡོད་མེད་ལ་དོགས་མེད།
ཚང་མས་བསམ་ཚུལ་བཤད་ས་ཡོད་པ་དེ་ཡག་པོ་རེད་
༧རྒྱལ་དབང་བཅུ་གསུམ་པའི་དུས་སྐབས་ཡོལ་ཟིན་པ་མི་ཚད། ༧བཅུ་བཞི་པའང་དགུང་ན་བགྲེས་པོར་ལྷགས་ཡོད་པ་རེད། ད་ནི་ཁ་ཚ་དགོས་གཏུགས་དང་སྐབས་སུ་བབ་པའི་གནད་དོན་རིགས་གླེང་ན་རིན་ཐང་ཆེ་བ་དང་འཕྲིན་ལས་མྱུར་བར་མཐོང་།
བལ་ཡུལ་སྲོང་བཙན་སློབ་གྲྭའི་ཆུ་ལོག་ཆད་མི་ཆད་ཙམ་ཞིག་ལ། སླར་ཡང་ས་ཆ་གཞན་དུ་ས་ཡོམ་རྒྱག་གྲབ་ཡོད་པའི་སྐོར་ཞིག་འདུག ཨ་ཨ། བོད་པ་ཚང་འདི། ལས་མ་དག་པ་རང་རེད། མགོ་གཡོག་ཚང་མ་རང་གིས་བཟོས། ད་དུང་གཞན་ལ་ངན་ཁག་དཀྲི་རྒྱུར་བག་མི་ཚ་བ་ཅི་རེད།