(བཀའ་བློན་ཁྲི་ཟུར་སློབ་དཔོན་ཆེན་པོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་ཁྲིའི་ལས་ཁུར་མཐར་ཕྱིན་པ་དང་བོད་མི་རིགས་དང་རིག་གཞུང་གི་ཆེད་དུ་བླ་མེད་ཀྱི་མཛད་རྗེས་བསྐྲུན་པར་རྗེས་དྲན་དང་འཚམས་འདྲིར་དང་པ་ཆེན་པོས་ཕུལ།)
སེར་ཤུལ་རིན་ཆེན་དོན་གྲུབ།
མཛེས་སྡུག་གོ་ལའི་ཁྱོན་གྱི་རྣམ་པར་དཔྱོད་པའི་གོ་ཆ་ཡོད་ཚད་ཀྱི་སྙིང་བཅུད་དེ།
ཁྱེད་ཀྱི་འགུལ་རྒྱན་དུ་བབས་པ་ཡིན་ནམ།
འཛམ་གླིང་ས་ཡི་གོ་ལའི་ཁྱོན་གྱི་ཤེས་སྤོབས་བློ་གྲོས་ཀྱི་དྭངས་མ་ཡོད་ཚད།
ཁྱེད་ཀྱི་མཛེས་རྒྱན་དུ་གྲུབ་ཡིན་ནམ།
ཁྱེད་རང་འོད་ལམ་ལམ་གྱིས་འཚེར་བའི་སྔ་གཞུག་ཏུ།
ཁྱེད་དང་ཁྱེད་ཀྱི་མཛེས་སྡུག་ལ་དད་མོས་ཀྱི་མར་མེ་འདེགས་མཁན་ཚོ།
དགོད་བཞིན། དགྱེས་བཞིན། ཁྱེད་ཀྱི་ཡང་དག་པའི་མཛད་སྤྱོད་ཀྱི་དགེ་མཚན་རེ་རེར་ངང་སྒུག་བྱས།
ཁྱེད་ཀྱི་མཚུངས་མེད་ཀྱི་སྤོབས་པ་རེ་རེ། ཁྱེད་ཀྱི་ཤེས་ཡོན་གྱི་ལྗིད་ཚད་རེ་རེ།
ཁྱེད་ཀྱི་ལྷག་བསམ་གྱི་བབ་ཁ་རེ་རེ། འདི་དག་ཡོད་ཚད་ཀྱི་ཚད་གཞི་མཐོ་དྲགས་པས།
ཁྱེད་ཀྱི་འོད་སྣང་། ཁྱེད་ཀྱི་གཟི་བརྗིད། ཁྱེད་ཀྱི་སྙན་གྲགས། ཁྱེད་ཀྱི་རིན་ཐང་།
ཡོད་ཚད་ཀྱི་ཡོད་ཚད་སྤྱི་ཚོགས་འདི་དང་བསམ་བློ་འདི་ལས་བརྒལ་ཏེ་འཛམ་གླིང་གི་རྒྱལ་མཚམས་སུ་མཆེད།
དྲག་ཏུ་མཆེད། ཤུགས་ཀྱིས་མཆེད།
འགྲོ་བའི་སེམས་ཁམས་ལ་གཡོ་འགུལ་ཐེབས་པའི་གནས་ལུགས་སྟོང་ཕྲག་གིས་སྤྱི་ཚོགས་འདི་འོད་ཀྱིས་སྦར། འོད་ཀྱིས་དཀྲུས། འོད་ཀྱིས་བསྒྱུར།
ཁྱེད་ཀྱི་སྤྱི་སེམས་ཀྱི་འཕྱོ་དྲག་པའི་ངར་ཤུགས་དེས།
སྒེར་སེམས་ཁོ་ནས་བཟི་བའི་སྐྱེ་བོ་སྐོར་ཞིག་གི་ཚུལ་མིན་གྱི་འཚོ་གནས་ལ་རྒོལ་རྡུང་བྱས།
ཁྱེད་ཀྱི་༸གོང་ས་ཆེན་པོར་བླ་ན་མེད་པའི་ཡིད་ཆེས་དང་དད་སྟོབས་ཀྱི་འདུ་ཤེས་དེས།
རྒྱང་རིང་མི་མཐོང་བའི་ཉི་ཚེ་བའི་བསམ་བློ་སྐོར་ཞིག་ལ་ཕོག་ཐུག་བཏང་།
ཁྱེད་ཀྱི་རང་གི་མི་རིགས་དང་རིག་གཞུང་གི་མ་འོངས་པའི་གཟིགས་རྒྱང་དེས།
གནས་སྐབས་ཀྱི་ངོ་གདོང་ཁོ་ནར་ལྟ་བའི་བསམ་བློ་ཅན་སྐོར་ཞིག་གི་སྐེད་ནས་བཙིར་ཞིང་ཟུར་ནས་མནན།
ཁྱེད་ཀྱི་བླ་ན་མེད་པའི་ཆབ་སྲིད་ཀྱི་བསམ་བློ་དང་། གོང་ན་མེད་པའི་རིག་གཞུང་གི་རྒྱབ་རྟེན་དེས། ཆེས་མཐོ་རིམ་གྱི་མི་རྗེ་དག་ལ་དབང་བཀུར་གྱི་བྱིན་རླབས་བསྩལ།
ཁྱེད་ཀྱི་གངས་ཅན་པའི་གཟི་བརྗིད་ཀྱི་ཆེད་དུ་ཅི་ཡང་བྱེད་ཕོད་པའི་མཆོག་གྱུར་གྱི་སྤོབས་པ་དེས།
ལྷ་འདྲེ་ལ་སྐྱབས་བཅོལ་བའི་གཤེད་མའི་དཔུང་ཚོགས་ཀྱང་འདར་བར་བྱས།
ཁྱེད་ཀྱིས་གངས་ཅན་པའི་ཆེད་དུ་བཞག་པའི་དཔྲལ་གཉེར་རེ་རེ།
ཁྱེད་ཀྱིས་མི་རིགས་འདིའི་ཆེད་དུ་བསྒྱུར་བའི་སྐྲ་དཀར་རེ་རེ།
ཁྱེད་ཀྱིས་བཙན་བྱོལ་སྤྱི་ཚོགས་འདིར་བསྐྲུན་པའི་དགེ་མཚན་རེ་རེ།
ཁྱེད་ཀྱིས་འཛམ་གླིང་གི་ལྡིངས་ཆར་སྐྱེལ་བའི་ང་ཚོའི་རིག་གཞུང་། ང་ཚོའི་བཟང་སྤྱོད། ང་ཚོའི་ཆེ་མཐོང་། འདི་དག་ནི་བརྗོད་ཀྱི་མི་ལངས། བགྲང་གིས་མི་ལངས། རྡུལ་སྙེད་བཞིན། རྩི་ཤིང་བཞིན།
ཁྱེད་ཀྱིས་ཨུ་ཚུགས་ཀྱིས་བསྐྲུན་པའི་ཤེས་ཡོན་སྲིད་ཇུས།
ཁྱེད་ཀྱིས་སྲ་བརྟན་དུ་བཞེངས་པའི་དཔལ་འབྱོར་རང་སྐྱོང་།
ཁྱེད་ཀྱིས་བདེན་སྟོབས་ཀྱིས་བསུས་པའི་རྒྱ་བོད་འབྲེལ་ལམ།
ཁྱེད་ཀྱིས་རྣམ་དཔྱོད་ཀྱིས་བསྐྱེད་པའི་ཤེས་ལྡན་མི་སྣ།
འདི་ཐམས་ཅད་ལྟོས་འཇོག་གིས་བཤད་ན་ཚད་ཐུབ་ཁོ་ན། ལེགས་གྲུབ་ཁོ་ན། བདེ་ལེགས་ཁོ་ན།
ཁྱེད་ཀྱི་ཚན་རིག་ལ་ལྟ་བའི་ལྡོག་སྒྲུབ་རིགས་ལམ། ཁྱེད་ཀྱི་ལས་དབང་ལ་བཅོལ་བའི་རི་རྒྱལ་ཆགས་རིམ། ཁྱེད་ཀྱི་དེང་རབས་ལ་བཟུང་བའི་བསམ་བློའི་འཁྱུག་རྩལ།
ཁྱེད་ཀྱི་སྐད་ཡིག་གི་རིན་ཐང་འགྲེལ་བའི་བསམ་བློའི་ཟབ་ཚད། འདི་དག་ལ།
སུ་ཡིས་འགྲན་པར་ནུས། སུ་ཡིས་རྒོལ་བར་ནུས། སུ་ཡིས་དགག་པར་ནུས། བླ་མེད་ཀྱི་མཁྱེན་ཡོན་དེ། གོང་ན་མེད། བླ་ན་མེད། མཆོག་ཏུ་གྱུར། བླ་རུ་འཕགས།
རིན་པོ་ཆེ། སློབ་དཔོན་ཆེན་པོ། མཁས་དབང་ཟམ་གདོང་རིན་པོ་ཆེ་ལགས།
བོད་མི་རིགས་ཀྱི་དགེ་མཚན་སྟོང་གི་དབུས་ན་ཁྱེད་ཀྱི་བླ་མེད་ཀྱི་བྱས་རྗེས་གསལ་ཡོད།
གསེར་ཡིག་གི་བྲིས་པའི་རྒྱ་རབས་ཀྱི་གླེགས་བམ་དག་ཏུ་ཁྱེད་ཀྱི་ལེགས་མཛད་ཀྱི་བྱུང་བ་བཀོད་ཡོད།
གངས་ཅན་པའི་བསམ་བློའི་སློབ་དཔོན་ཆེན་པོ་མཆོག། ཁྱེད་ཉིད་མངོན་པར་བསྟོད་དོ།།
ཁྱེད་ཉིད་མཆོག་ཏུ་བཀུར་རོ།། ཁྱེད་ཉིད་དང་བས་བསྔགས་སོ།།
༢༠༡༡/༨/༡༥ལ་བྲིས།
ཟམ་གདོང་རིན་པོ་ཆེས། རང་གི་ལུས་ངག་ཡིད་གསུམ་དེ། གོང་ས་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་སུ་གྲོགས་མཛད་པ་ནི་ཤིན་དུ་ཡི་རངས་བྱེད་དགོས་པ་རེད། ཁོང་སྒེར་གྱི་བསམ་ཚུལ་དང་ལྟ་བ་དོར་ནས། རྣམ་པ་ཀུན་དུ་རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་དགོས་པ་མངོན་འགྱུར་ཆེད་དུ་ཕྱག་ལས་ལོ་མང་པོ་གནང་བ་འདི་སྙིང་རྗེ་པོ་མཐོང་སོང་། བཀའ་བཞིན་གྲུབ་པའི་མཆོད་པས་མཉེས་པར་བྱེད་ཟེར་བ་འདི་ཁ་ཡོད་ལག་ཡོད་ལ་འགྱུར་སོང་། དེ་ལ་བརྟེན་ནས། ཁོང་གི་བཀའ་ཁྲིའི་མཛད་པ་ཡང་ལམ་ལོངས་བྱུང་སོང་སྙམས།
སྔོན་མ་རྡ་སའི་དབང་འཛིན་པ་རྙིང་པ་འགས། ཟམ་གདོང་རིན་པོ་ཆེས་རྒྱལ་བ་རིན་པོ་ཆེ་ལ་འགྲན་རྩོད་བྱེད་ཀྱི་འདུག་ཅེས་བཤད་ནས་ཁོང་ལ་རྙོག་འདྲ་བསྐོན་པའི་སྐབས། རྒྱལ་བ་རིན་པོ་ཆེས། རིནཔོ་ཆེ་རྡ་སར་ཡོང་འདོད་རྩ་བ་ནས་མིན་འདུག ངས་བཀའ་བཏང་ནས་ཡར་བསྐོངས་པ་ཡིན། ད་ལྟ་ཧུར་ཐག་རྦད་ཐག་བྱས་ནས་བསྡད་ཡོད། དམ་ཚིགས་ཧ་ལས་པའི་གཙང་མ་འདི་འདྲས་ཡིན་ཞེས་བཀའ་གསལ་ཐག་ཆོད་གནང་སོང་།
འདི་དག་བདེན་པ་ཡིན། ད་ཡིན་ནའང་། རིན་པོ་ཆེ་མཁས་དབང་རེད་ཟེར་བ་འདི་རིན་པོ་ཆེ་ལ་བསྟོད་མ་ཤེས་པས་བསྟོད་ནས་སྨད་པ་གཏོང་བར་འགྲོ་ཉེན་འདུག མཁས་དབང་ཟེར་ན་གོ་རྒྱུ་ཅི་མིན་འདུག ག་རེ་མཁས་པ་རས་ཟེར་ན། སུ་ཞིག་ལ་གནད་ཐིག་པའི་ལན་བརྒྱབ་རྒྱུ་མིན་འདུག ལ་ལས་རིན་པོ་ཆེ་སྙན་ངག་ལ་མཁས་པ་རེད་ཟེར། དེ་ཧ་ལས་ཡས་མིན་འདུག ངེད་ཚོའི་ནང་ལ་སྙན་ངག་མཁས་པ་ཤིན་དུ་མང་། ལེགས་སྦྱར་སྐད་ལ་མཁས་པ་རེད་ཟེར་ན། ཁོང་ལས་མཁས་པ་མང་པོ་ཝ་ར་ན་སིར་བཞུགས་འདུག ནང་ཆོས་ལ་མཁས་པ་གདན་ས་གསུམ་ལ་ཤིན་དུ་མང་། ཆབ་སྲིད་ལ་མཁས་པ་རྱྒལ་སྤྱིའི་སློབ་གྲྭ་ཆེན་མོ་མང་པོ་ནས་འཐོན་ཡོང་གི་འདུག
ད་མཁས་དབང་ཟེར་བ་འདི་གང་ལ་གོ་དགོས་སམ།
ངས་བལྟས་ན་རིན་པོ་ཆེ་ལ། ལྷག་བསམ་དཀར་བའི་སྤྱི་ཚོགས་ཞབས་ཞུ་བ་ཆེན་མོ་ཟེར་ན་གོ་རྒྱུ་ཅུང་འདུག
ཆོས་རྗེ་ས་པཎ་གྱིས།
སྟོད་པས་དགའ་བར་མི་འགྱུར་ལ།
སྨད་པས་མི་དགའ་མི་འགྱུར་བ།
རང་གི་ཡོན་ཏན་ལེགས་གནས་པ།
སྐྱེ་བོ་དམ་པའི་མཚན་ཉིད་ཡིན།
ཞེས་གསུང་པ་ལྟར་བཙུན་པ་ཟམ་གདོང་རིན་པོ་ཆེ་སྐྱེ་བོ་དམ་པ་དངོས་ཡིན་ན་སྟོད་སྨད་ལ་དགའ་སྡུག་གི་འཚོར་བ་ཅང་ཡོད་རྒྱུ་མ་རེད། མ་གཞི་བཙུན་པ་ཟམ་གདོང་ཚང་ལ་དད་པ་རྣམ་ཚོས་སྟོད་མི་ཚར་བ་དང་། མི་དད་པ་རྣམ་ཚོས་སྨད་མི་ཚར་བ་འདྲ་ཞིག་རེད། གང་ལྟར་བདེན་ཁ་སུ་ལ་ཡོད་མེད་མི་ཤེས།
སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཁས་དབང་ཡིན་ད་ཡིན། གནའ་རབས་དང་དེང་རབས། ཁྲིམས་ལུགས་དང་ཆབ་སྲིད། ནང་ཆོས་དང་མི་ཆོས་གང་ལ་ཡིན་ཡང་རིན་པོ་ཆེས་ཐུགས་ཡོད་པ་མ་ཟད་ཁྱད་དུ་འཕགས་པའི་རྣམ་དཔྱོད་ཡོད་པ་འདི་གཟུར་གནས་ཤིག་ཡིན་ན་མཐོང་ཚོད་ཡིན། འཇིག་རྟེན་ཡོངས་སུ་མི་ཤེས་གང་།། དེ་ནི་ཐུབ་པའི་ལྟ་བུར་མངོན།། ཞེས་པ་ལྟར་ཁྱེད་ཀྱིས་དེ་ལྟར་མཐོང་ཆོག་པ་ཞིག་རེད། དེ་ལ་བསམ་ཆ་གང་ཡང་མེད།
གང་ལྟར་འདས་པའི་ལོ་ངོ་མང་པོའི་རིང་ ཁྲི་ཟུར་མཁས་དབང་ཟབ་གདོང་རེན་པོ་ཆེས་སྐུ་ངལ་འཛེམ་མེད་ཀྱིས་ སྐུ་ཚེ་མང་ཆེ་བ་༧གོང་ས་མཆོགས་གི་བཀའ་དགོང་གཞིན་བཙན་བྱོལ་གཞུང་དང་བོད་མི་རིགས་ཀྱིབདེ་རྩ་འི་ཆེད་གཏོང་གནང་འཛད་པར་བཀའ་དྲིན་རྗེས་དྲན་བཞུ་བཞིན་ཡོད་ ཁོང་སྐུ་ཁམ་བདེ་བཞིན་སྐུ་ཚེ་ཡུན་རིངས་གཏན་ནས ༧གོང་སམཆོགས་དང་ལྷན་དུ་བོད་གངས་ཅན་ལ་གང་མགྱོགས་ཕེབ་ཐུབ་པའི་སྨོན་འདུན་ཞུ་ བཀྲིས་བདེ་ལེགས།
ཟོམ་སྟོང་རིན་པོ་ཆེ་འདི་རིས་མེད་བརླབས་ཆེན་གྱི་མི་རེད། རྒྱ་བོད་ཀྱི་དོན་དང་རང་དོན་གཉིས་ཀ་མ་ཤོར་པའི་མི་རེད། ཏྰ་ལའི་བླ་མའི་བཤད་པ་བཞིན་བོད་དོན་ཡང་གང་འཚམས་སྒྲུབ་ཡོད་ལ། རྩ་བའི་བླ་མ་ཁྱི་སྤྱང་རྡོ་རྗེ་འཆང་གི་དོལ་རྒྱལ་ཚོགས་པ་ཡང་ངོས་ལེན་ཡག་ཐག་ཆོད་རོགས་དན་བྱས་ཡོད། །
དེ་སྔོན་ཟམ་གདོང་རིན་པོ་ཆེས། བོད་མི་རྒྱ་ཆ༩༩ལ་བྱང་ཆུབ་སེམས་ཐོབ་ན། དེའི་ཉིན་མོ་ནས་རྩིས་བའི་ཉིན་གྲང་བདུན་གྱི་ནང་ཚུད། བོད་རང་བཙན་ཐོབ་ཀྱི་རེད་ཅེས་གསུང་འདུག བྱང་ཆུབ་སེམས་དང་། བོད་རང་བཙན་གཉིས་ཅིག་ལ་ཅིག་བརྟེན་རེད་དང་། འོན་ན། བྱང་ཆུབ་སེམས་གལ་ཆེ་བ་རས། བོད་རང་བཙན་གལ་ཆེ་བ་རས། དྲ་གྲོགས་རྣམ་པའི་དགོངས་ཚུལ་ཞིག་གསུང་གནང་ཡོད་པ་ཞུ།།
སེར་ཤུལ་རིན་ཆེནདོན་འགྲུབ་ལགས། མ་གཞི་ནས་སྐུ་ཉིད་ཀྱི་བསམ་ཕྱོགས་རང་ལ་མཆུ་ཏོ་བྱེད་ཀྱིན་མེད་སྟེ། བློ་གྲོས་ཀྱི་གཏེར་མཛོད་ཆེན་པོ་དེའི་ནང་ནས་བོད་སྤྱི་དོན་ལ་བེད་སྤྱོད་བྱས་མ་མྱོང་བ་རེ་ཡོད་ཚེ། ད་དུང་ཡིན་རུང་བོད་མི་རིགས་ལ་མཁོ་མཁོ་བ་རེད། ཕྲན་གྱིས་བསམ་ཕྱོགས་ལ་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་སྟེང་ན་ལྷག་བསྡད་པའི་རེ་བ་གཅིག་རྐྱང་ནི། རིན་པོ་ཆེ་ཁོང་གི་མི་ཚེ་གང་བོ་གལ་ཆེན་དོན་ཆེ་ལ་བརྩི་བའི་ལྟ་གྲུབ། བདེན་པའི་ཨུ་ཚུགས་ལམ་ལྷོངས་འབྱུང་བར་སྨོན་གྱིན་ཡོད། སློབ་དཔོན་ཁོང་གི་དགུང་ལོ་དང་བབས་ལ་བསྟུན་པའི་དམིགས་ཡུལ་ཉག་གཅིག་ཡང་། ཀུན་གླེང་གསར་ཁང་གི་དྲིས་ལན་ལྟར་དགེ་རྒན་ཞིག་བྱེད་རྒྱུ་རེད། དེའི་ཕྱིར་ཕྲན་ཐེ་བའི་མང་མང་གི་རེ་བ་ལ་བདེན་པའི་ཨུ་ཚུགས་དེ་དམར་ཁྲིད་ཞིག་བྱེད་རོགས། ང་ཚོ་ལ་བཞག་བའི་ལག་སྐྱེས་དེ་ཡང་བདེན་པ་ཡིན་ལ་ཨུ་ཚུགས་བྱས་མ་མྱོང་ཀྱང་འགྲུབ་དགོས་བའི་བདེན་པ་དེ་རེད། བློ་གྲོས་ཀྱི་གཏེར་མཛོད་ཆེན་པོ་དེའི་ནང་གི་་་་་་་་་་