ཆབ་མདོ་ངག་ཕུན།
སྔོན་དུ་འགྲོ་བའི་གཏམ།
སྔོན་བྱོན་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་ངལ་བ་བརྒྱ་ཕྲག་གིས་ཆོས་དང་རིག་གཞུང་འཕེལ་རྒྱས་མཛད་ཅིང་། ང་ཚོའི་ལོངས་སུ་སྤྱོད་ཆོག་པའི་ཤེས་རིག་གི་འོད་སྣང་འདི་ཉིད་སྐྲུན་གནང་མཛད་ཡོད་པས། རིག་གཞུང་འདི་ཉིད་ལ་ང་ཚོའི་མི་རབས་གསར་པ་བདག་གཅེས་ཀྱི་མི་ཉམས་གོང་འཕེལ་བྱེད་དགོས་ལ། མི་རིགས་ཤིག་ཡུན་རིང་གནས་མིན་དང་། འཕེལ་རྒྱས་འགྲོ་མིན་ནི་ཤེས་རིག་ལ་ཐུག་ཡོད་ཅིང་། ཤེས་རིག་འཕེལ་རྒྱས་མ་ཕྱིན་ཚེ་མི་རིགས་དེ་ཉིད་དུས་ནམ་ཡང་འཕེལ་རྒྱས་འགྲོ་མི་ཐུབ་པ་དེ་རེད།
ང་ཚོ་བོད་མི་རིགས་འདི་ཉིད་འཕེལ་རྒྱས་ཕྱིན་དགོས་ན་རང་རེའི་མ་འོངས་པའི་སོན་རྩ་ན་གཞོན་རྣམས་ལ་སློབ་གསོའི་འཐུས་སྒོ་ཇི་བཟང་དུ་གཏོང་ལ། མི་རབས་གསར་པ་ཚོས་ཀྱང་གནས་སྐབས་ཀྱི་དཔལ་འབྱོར་ལ་མགོ་མ་འཁོར་ནས་རིག་གནས་ལ་བརྩོན་དགོས། ཕ་མ་ཚོས་ཀྱང་རང་ཉིད་ཀྱི་བུ་ཕྲུག་ལ་ཤེས་ཡོན་ཚད་ལྡན་ཞིག་ཡོང་བའི་འབད་བརྩོན་གནང་དགོས། ཕ་མས་རྟག་ཏུ་ཤེས་ཡོན་ལ་འབད་བརྩོན་བྱེད་དགོས་པའི་བློ་གསོ་སྤྲོད་དགོས་པ་ཞིག་ལས་སོ་སོའི་བུ་ཕྲུག་གི་ག་རེ་བྱས་ན་འགྲིགས་འགྲོ་གི་རེད་སྙམ་པ་འགྱེད་ལུགས་པའི་བསམ་བློ་དེ་ཁྱོན་ནས་གཏོང་མི་ཉེས་སོ། རང་རེའི་སྨྱུག་ཐོག་པ་རྣམས་ཀྱི་ཕྲུ་གུའི་སེམས་ཁམས་དང་མཐུན་པའི་བྱིས་སྒྲུང་གང་མང་འདོན་སྤེལ་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་གནོད་དོན་ཞིག་རེད་འདུག་སྙམ།
དེ་བཞིན་གཞུང་མང་གཉིས་ཀྱི་ལས་དོན་དེ་འདྲའི་ཐོག་ལ་དཔལ་འབྱོར་གྱི་མཐུན་འགྱུར་གནང་དགོས་པ་ནི་ཧ་ཅང་གལ་ཆེ་ཞིག་ཏུ་མཐོང་ཞིང་། དེར་བརྟེན་ནས་རང་ཉིད་ལ་མཚོན་ན་ཤེས་ཡོན་གནས་ཚད་ཤིན་ཏུ་ཞན་ནའང་ལས་དབང་མགོ་ཐོག་ཏུ་ཁུར་ནས། ཁ་ལ་དཔོག་ཚད་ཀྱི་སོ་དང་། ལུས་ལ་རན་ཚད་ཀྱི་གོས་དཔེ་ལྟར། ཉག་ཕྲ་བའི་མི་རིགས་འདི་ལ་ཆུང་ཟད་གཅིག་ཕན་ཐོགས་འདྲ་ཡོང་ན་སྙམ་ནས་ཞོགས་སྔར་ལངས་དང་དགོང་ཕྱི་ཉལ་གྱིས་བརྩམས་སྒྲུང་འདི་ཉིད་བྲིས་པ་ཞིག་ཡིན་ལ། མི་རབས་གསར་པ་ལས་དང་པོ་བ་རྣམས་ལ་རྩོམ་འབྲིའི་ཤེས་བྱ་ཐོག་ལ་ཕན་རེར་དམིགས་པ་ཞིག་ཀྱང་ཡིན། ང་ལས་ཤེས་ཚད་ལེགས་པ་ང་ཚོའི་སྤྱི་ཚོགས་ནང་དུ་མ་ཞིག་ཡོད་ཀྱང་ཁོང་རྣམས་ནི་དུས་ཚོད་ཀྱི་འདང་མིན་སོགས་ཀྱི་སྒྲུང་རྩོམ་འབྲི་རྒྱུ་ལ་དོ་སྣང་དེ་ཙམ་ཞིག་མེད་པ་མངོན་ཞིང་། ང་ཚོའི་མི་རིགས་འདི་ཉིད་ཀྱི་མ་འོངས་པ་སོན་རྩ་རྣམས་ལ་ཤེས་བྱ་ཡོན་ཏན་ཚད་ལོང་བ་ཞིག་སྐྲུན་དགོས་ན། དང་ཐོག་གཞི་རྩའི་རྨང་གཞི་ཡག་པོ་ཞིག་སྐྲུན་དགོས་པ་ཡིན་ཞིང་། གཞི་རྩའི་རྨང་གཞི་ཡག་པོ་ཡོང་བ་ལ་ན་གཞོན་རྣམས་ལ་འབྲི་ཀློག་ལ་གོམས་པ་ཞིག་བཟོ་དགོས་པ་དེ་རེད།
ན་གཞོན་རྣམས་འབྲེལ་ཡོད་ཚོས་དུས་ཚོད་ནམ་ཁོམ་སྒྲུང་གཏམ་ཀློག་ནས་སློབ་ཕྲུག་ལ་འགྲེལ་བཤད་སྐྱོན་གནང་མཛད་ན་ཕྲུ་གུ་རྣམས་སྒྲུང་ཀློག་རྒྱུར་དོ་སྣང་ཡོང་གི་རེད་ལ། སྒྲུང་གཏམ་གཙོས་པའི་དེབ་མང་པོ་ཞིག་ཀློག་རྒྱུའི་གོམས་གཤིས་བཟང་པོ་ཞིག་འཇག་ན་སོ་སོའི་སེམས་ནང་ལྟ་རྒྱ་དང་མཐོང་རྒྱ་ཆེ་རུ་འགྲོ་བ་མངོན་ཞིང་། ད་ལྟ་ང་ཚོ་སློབ་གྲྭ་འགའ་ཤས་ནང་དུ་བོད་ཡིག་ཡག་པོ་འདུག་ཅེས་ལབ་སའི་སློབ་གྲྭ་དེ་དག་ནང་དུ་སློབ་ཕྲུག་རྣམས་ལ་དམིགས་བསལ་དེབ་རིགས་མང་པོ་ཀློག་བཅུག་གི་ཡོད་པས་དབང་གིས་ཁོ་ཚོ་བོད་ཡིག་གཙོས་པའི་ཤེས་བྱའི་གནས་ཚད་ཡག་པོ་ཡོད་པ་དེ་ཡིན་ཞིང་། དེ་མིན་སློབ་གྲྭ་གཞན་ལ་ཡོད་པ་ནང་བཞིན་དགེ་རྒན་དང་སློབ་ཁྲིད་བྱེད་སྟངས་ཕྲན་བུ་མི་འདྲ་མ་གཏོགས་གཞན་ཚང་མ་གཅིག་འགྱུར་ཡིན་པ་རེད།
རྒྱུ་མཚན་དེ་དག་ལ་བརྟེན་ནས་ངེས་པར་ན་གཞོན་རྣམས་ལ་དེབ་ཀློག་ལ་གོམས་པའི་ཐབས་ཤེས་བྱེད་དགོས་ལ། ན་གཞོན་ཚོས་ཀྱང་རྩོམ་རིག་གི་ཤེས་བྱ་དུ་མ་ཀློག་ཐབས་ལ་བརྩོན་དགོས་པ་སེམས། དེ་གནང་ན་རིམ་པའི་དེབ་ཀློག་རྒྱུར་སྙོབ་སྣང་ཁྱོན་ནས་མེད་པ་འགྱུར་བ་དང་། དེབ་དང་ཁ་བྲལ་མི་ཐུབ་པའི་རང་ཉིད་ཀྱི་སེམས་རྒྱུད་ལ་གོམས་གཤིས་བཟང་པོ་ཞིག་འཇགས་པ་གྱུར་གྱི་རེད་སྙམ།
སྨྲས་པ།
འགྲོ་ཀུན་ཉེ་རིང་མེད་པར་བརྩེ་བས་གཟིགས།།
བཀའ་དྲིན་བླ་མེད་མཐོང་བ་དོན་ལྡན་ལ།།
བདག་བློ་སྒོ་གསུམ་གུས་པའི་ཕྱག་འཚལ་ནས།།
བདག་སོགས་བརྩེ་བའི་རྗེས་སུ་འཛིན་པར་ཤོག།།
མ་རིག་རྨོངས་གཉིད་གྲོལ་མཛད་འཇམ་དཔལ་དབྱངས།།
བྱམས་དང་བརྩེ་བའི་བདག་ཉིད་སྤྱན་རས་གཟིགས།།
བར་ཆད་ཀུན་ཞི་འཕྲིན་ལས་གློག་མྱུར་ཏ་རེ་མ།།
འགྲོ་ཀུན་རྨོངས་པ་གཉིད་ལས་གྲོལ་བར་ཤོག།
ངལ་བ་ལྷོད་མེད་བྱེད་ཁུལ་བཅོས་སྒྲུང་འདི།།
མཁས་པ་དགྱེས་པའི་ཚིག་སྦྱོར་མི་ལེགས་ཀྱང་།།
རང་དང་བློ་གྲོས་མཉམ་པའི་ན་གཞོན་ལ།།
ཆུང་ཟད་ཕན་ན་སྙམ་ནས་འདི་ཉིད་བརྩམས།།
གངས་རི་ལྗོངས་ལ་མཁས་པ་མང་མོད་ཀྱང་།།
མཁས་ཚུལ་འཛིན་ཞིང་བརྩམས་སྒྲུང་འབྲི་མཁན་ཉུང་།།
དེང་རབས་མཐུན་པའི་བརྩམས་སྒྲུང་དུ་མ་ཞིག།
དབྱར་གྱི་མཚོ་ལྟར་རྒྱས་པའི་སྔོན་བརྡ་ཡིན།།
ཚེ་སྟོད་སྡུག་གི་མུན་ནག་ནང་དུ་ལྷུང་།།
བར་མ་མི་ཡུལ་ལུང་ལ་སྤྲང་ལ་འཁྱམས།།
ཤེས་ཚད་སྐྱོ་བས་ནོར་བ་གང་མཆིས་པ།།
གཟུར་གནས་མདུན་དུ་བཟོད་གསོལ་སྙིང་ནས་ཞུ།།
གཞན་ལ་ཕན་ཐོགས་ཡོང་རེ་བསམ་པ་ལས།།
མིང་དང་སྙན་གྲགས་བྱུང་ན་བསམ་པ་མེད།།
ཀུན་གྱིས་དེ་དོན་ཡོངས་སུ་རྟོགས་འགྱུར་ནས།།
རང་རིགས་ན་གཞོན་བློ་གྲོས་འཕེལ་གྱུར་ཅིག།
བློ་གྲོས་དང་འདོ་བ་རྐྱང་སྐྱིད་གཡུ་ལོ།
སྔོན་བདེ་མདོའི་ལུང་པ་ཞེས་བྱ་བ་ཞིག་ཡོད་ཅིང་། དེར་རི་བོ་རྩེ་མོ་གངས་ཀྱི་དབྱར་དགུན་སྟོན་དཔྱིད་མེད་པ་གཡོག་པ་དང་། རི་སྐེད་ཤིང་ནགས་ཀྱིས་ཁེངས་ཤིང་དེ་ནང་བྱ་རིགས་སྣ་ཚོགས་ཤིག་འཚོ་སྡོད་བྱེད་ཀྱི་ཡོད། རི་གཤམས་དེར་མཚོ་དང་མཚེའུ་དུ་མའི་ཡོན་ཆབ་འབུལ་བ་ནང་བཞིན་ཡིད་དུ་འོང་བ་དང་། སྤང་ཐང་སྟེང་ལ་དུད་འགྲོ་རྣམས་རང་དབང་གི་རྩ་ཆུ་འཚོལ་ཞིག་གནས། རི་འདབས་དེར་གྲོང་ཁྱེར་ཆུང་ཆུང་ཞིག་ཀྱང་ཡོད། དེར་དུད་ཁྱིམ་ཚང་མ་སྟོབས་འབྱོར་མི་སྨོན་རང་སྐྱིད་ཡོད་ཅིང་། ཁྱིམ་ཚང་དེ་ཚོའི་ནང་ནས་ཕྲན་བུ་དཔལ་འབྱོར་བཟང་ཤོས་གྲས་མདོ་ལོ་ཚང་ཡིན་ཞིང་། ཁྱོ་ག་མིང་ལ་བློ་གྲོས་དང་བཟའ་ཟླའི་མིང་ལ་བཀྲ་མཚོ་ཞེས་ཟེར། བློ་གྲོས་ནི་ལུང་པ་དེ་ནས་ཚོང་ལ་འཇོན་ཤོས་ཅན་ལ་བརྩི། བློ་གྲོས་ནི་རྟ་ལ་ཧ་ཅང་དགའ་བོ་ཡོད་པས་ཁོ་ཚོ་ནང་གི་རྟ་རྒོད་མར་རྟེའུ་ཞིག་སྐྱེས། བློ་གྲོས་ཧ་ཅང་དགའ་ཞིང་རྟེའུ་དེར་བྱམས་སྐྱོང་གི་ངང་ནས་གསོ་སྐྱོང་གནང་ཞིང་། རིམ་གྱིས་རྟེའུ་ན་གསོན་རྗེས་ཟླ་དུས་ཚེས་གྲངས་བཟང་བའི་ཉིན་མོ་ཞིག་ལ་བློ་གྲོས་ཀྱིས་རྟ་སྒ་བསྟད་ནས་བཞོན།
རྟ་དེའི་མིང་ལ་“འདོ་བ་རྐྱང་སྐྱིད་གཡུ་ལོ་”ཞེས་མིང་བཏགས་པ་དང་། རིམ་གྱིས་ན་ཚོད་ལོན་རྗེས་ལུང་པ་དེ་ནས་འདོ་བ ་རྐྱང་སྐྱིད་གཡུ་ལོ་ནི་འགྲོས་གོམ་པར་ཀུན་གྱིས་ཡིད་སྨོན་བྱེད་ཀྱི་ཡོད་ཅིང་། ལུང་པ་དེ་ནས་ལོ་ལྟར་དབྱར་གཞུང་ཟླ་དྲུག་པའི་ཚེས་པ་བཅོ་ལྔའི་ཉིན་མོར་རི་བོ་སྤོ་ནེ་ཞེས་པའི་རི་བསྟོད་ལ་རྫོང་དེའི་མི་ཀུན་དེ་ཉིན་རི་མགོ་དེར་འཛོམས་ནས་རི་བསྟོད་བྱེད་ཅིང་། རྟ་རྒྱུག་དང་། མེ་མདའ། ཐག་ཤུགས་ཚད་པ་སོགས་བྱེད་སྲོལ་ཡོད་པ་ལྟར་ལོ་དེར་བློ་གྲོས་ཀྱི་འདོ་བ་རྐྱང་སྐྱིད་གཡུ་ལོར་རྟ་སྒ་ཉི་མ་རང་ཤར་བསྟད་ནས་གཡུ་འབྲུག་སྔོན་པོ་མཚོ་ནས་ཐོན་པ་ལྟར་བཞོན་ནས་རི་བོ་སྟོད་ལ་ཕྱིན།
རི་བོ་དེའི་ལ་ཉག་སྤང་སྟེང་ལ་སླེབས་པ་དང་། དེེར་རྒྱ་ཆེ་ཞིང་མེ་ཏོག་སེར་ཅན་གྱིས་ཁེངས་ཤིང་མི་ཚོགས་གནས་དེར་འཛོམས་ཤིང་། རྟ་འདོ་བ་རྒྱུགས་འདོད་ཀྱིས་གོམ་སྒྲ་ཤིག་ཤིག །བུ་རྒོད་པོ་རྒྱུགས་འདོད་ཀྱིས་ཁ་སྐོར་གྱིལ་ལེ་སོགས་ཀྱིས་ལུང་པ་དེ་འུར་སྒྲ་ལྷང་ལྷང་དུ་གནས། འགའ་ཤས་ཀྱིས་ཤུག་པ་འཐུས་ཤིང་སྤུངས་ནས་མེ་ཁ་ཕྱེས། གྲྭ་པ་རྣམས་བཞུགས་གྲལ་འཁོད་ཅིང་། ལྷ་བསངས་འདོན་མགོ་བཙུགས། དེ་ཚར་བ་དང་མི་རྣམས་ཀྱི་ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་ཞེས་འབྲུག་ལྟར་སྒྲོག་པ་དང་། བསང་རྩམ་ཁ་བ་འབབ་པ་ནང་བཞིན་གནམ་ལ་མཆོད་ཅིང་། དེ་དག་ཚར་རྗེས་རྟ་འདོ་བ་རྣམས་བམ་སྒྲིག་ཅིང་། ལྟ་རྟོག་པ་དེས་མེ་མདའ་གནམ་ལ་འཕང་ཐེངས་གཅིག་ལ་རྟ་རྣམས་འུར་གྱིས་རྒྱུགས་ཤིང་། འདོ་བ་རྐྱང་སྐྱིད་གཡུ་ལོ་གོམ་འགྲོས་ཀྱིས་བྱ་འཕུར་བ་ནང་བཞིན་རྒྱུགས་པས། གཡས་གཡོན་གྱི་མི་ཚོགས་ཀྱིས་རྟ་དེའི་གོམ་འགྲོས་མཐོང་མ་ཐག་ཧོན་ཐོར་ནས་ལུས། ལྟེ་མོ་བ་ཁ་ཤས་ཀྱིས་“རྟ་འདི་གཡང་གི་སྲུང་བར་ཤོག་”ཅེས་ཡིད་སྨོན་བྱེད་ཅིང་གནས།
ལོ་དེར་རྟ་རྒྱུགས་ཀྱི་ཨང་དང་པོ་འདོ་བ་རྐྱང་སྐྱིད་གཡུ་ལོར་ཐོབ་ཅིང་། འགའ་ཤས་ཀྱིས་རྟ་ལ་ཁ་བཏགས་གཡོག་པ་དང་། འགའ་ཤས་ཀྱིས་ལག་པས་རྟ་མཐུར་ནས་བཟུང་སྟེ་བྱིལ་བྱིལ་བྱེད་པ་སོགས་ཡིད་སྨོན་ཤོར་བས་རྣམ་འགྱུར་བསྟན། བློ་གྲོས་ཀྱིས་རྟ་དེ་བཞོན་ནས་ལོ་ལྟར་ཚོང་ལ་སྐྱོད་ཀྱི་ཡོད་ལ། སྐབས་རེ་འདོ་བ་རྐྱང་སྐྱིད་གཡུ་ལོ་ལ་ཤིང་རྟ་འཁོར་ལོ་བཏགས་བཅུག་ནས་འབྲུ་ཚོང་ལ་བསྐྱོད་ཀྱི་ཡོད། མི་མང་པོས་རྟ་དེ་ཚོང་ཞེས་ལབ་མཁན་དུ་མ་ཞིག་བྱུང་ནའང་བློ་གྲོས་ཀྱིས་ཁྱོན་ནས་མ་ཚོང་། ཉིན་གཅིག་བློ་གྲོས་ཐག་རིང་ཚོང་ལ་སོང་བ་དང་། ལུང་པ་དེར་ཚོང་པ་འདྲ་མིན་འདུས་སྡོད་བྱེད་ཀྱི་ཡོད་ཅིང་། ལོ་དེར་ལ་ཐག་རིང་ནས་རྒྱ་ཁ་ཆེ་ཚོང་པ་གསར་པ་དེ་འདྲ་ཁ་ཤས་སླེབས་ཤིང་། རྒྱ་ཁ་ཆེའི་ཚོང་པ་དེ་དག་བོད་སྐད་ཆུ་རྒྱུག་རྒྱུག་ཤེས་ཀྱི་ཡོད་པ་དང་། བློ་གྲོས་དང་ཐུག་ནས་“ཨ་ཕོ་ང་ཚོའི་ལུང་པ་ནང་ལ་ཛ་དྲག་གི་འགྲོ་དགོས་བྱུང་སོང་བས་གླ་རྩི་ཁེ་པོ་ཞེ་དྲག་ཐོག་ནས་ཚོང་གི་ཡོད་པས་ཁྱོད་ཀྱི་ཨེ་ཉོ་”ཟེར། བློ་གྲོས་ཀྱིས་ཁེ་པོ་ཟེར་བས་སྒྲ་དེ་གོ་མ་ཐག་“ག་ཚོད་ཡིན་ནམ་ཞེས་”དྲིས།
དེ་ནས་ཁོ་ཚོ་ཚོང་གཏམ་ནས་མཐར་འགྲིགས་པ་དང་། བློ་གྲོས་དངུལ་གྱི་མ་འདང་ནས་ཚོང་གྲོགས་ཤིག་གི་ས་ནས་དངུལ་གཡར་ནས་ཚང་མ་ཉོས་ནས་དེ་རིང་གླ་རྩི་ཁེ་པོ་ཞེ་དྲག་རག་སོང་བསམ་ནས་ཡོང་། ཕྱིན་ཉིན་རྟ་འདོ་བ་རྐྱང་སྐྱིད་གཡུ་ལོ་ལ་སྒ་སྟན་བསྟད་ནས་བློ་གྲོས་ཀྱིས་བཞོན་ནས་གླ་རྩི་འཁྱེར་ནས་གྲོང་ཁྱེར་ལ་ཚོང་ལ་སོང་། གྲོང་ཁྱེར་ནང་ངོ་ཤེས་ཚོང་པ་ཞིག་ཡོད་པས་དེའི་སར་ཕྱིན་ནས་སྐད་ཤུགས་དམའ་པའི་ཐོག་ནས་“གླ་རྩི་ཉོ་གི་ཡིན་ནམ་”ཞེས་དྲིས་པ་དང་། ཚོང་པ་དེས་“ཁྱོད་ལ་གླ་རྩི་དེ་འདྲ་གང་ནས་རགས་སོང་ངམ་”ཞེས་དྲིས།
བློ་གྲོས་ཀྱིས་གནས་ལུགས་ཚང་མ་བཤད་པས། ངོ་ཤེས་ཚོང་པས་“དེ་འདྲ་ཡིན་ན་གླ་རྩི་ངོ་མ་ཞིག་ཡིན་ཁག་”ཟེར་བ་དང་། བློ་གྲོས་སེམས་འཚབ་སྐྱེས་བཞིན་རྟ་སྒྲོ་ཁ་ཕྱེས་ནས་བསྟན་པ་དང་། ངོ་ཤེས་དེས་ལག་ཏུ་བླངས་ནས་བཀྱག་ཙམ་གནང་ནས་”ངས་ལབ་ཡིན་པ་འདི་འདྲ་ཚོང་པ་མང་པོ་ཉོས་ནས་ཧ་ལོག་ཏུ་གྱུར་བ་རེད་”ཟེར། བློ་གྲོས་སེམས་ཁམས་གྲང་མོ་ལྟ་བུ་གྱུར་ནས་མགོ་བོ་སྨད་ནས་བསྡད་ཅིང་། ངོ་ཤེས་ཚོང་པ་དེས་“ད་འདྲ་བྱས་ན་ཅི་ཡང་ཕན་ཐོགས་མེད་”ཟེར། དེ་ནས་བློ་གྲོས་ཀྱིས་རྒྱབ་ཏུ་རྟ་སྒྲོ་དེ་འཁུར་ནས་ཚོང་པ་གཞན་པ་ཞིག་ལ་སྟོན་པས། དེ་ཡང་གོང་མཚུངས་བརྗོད་པས་གཞི་ནས་བློ་གྲོས་ཀྱིས་གླ་རྩི་རྫུན་མ་ཡིན་པ་རྟོགས་ནས་ཕྱིར་གྲོང་གསེབ་ལ་ལོག །ཚོང་རྒྱབ་སའི་དངུལ་རྟོག་ཙམ་ཡོད་པ་དེ་ཉིད་གླ་རྩིའི་རིན་འབབ་ལ་ཤོར།
གང་ལྟར་བློ་གྲོས་སྤྲང་པ་ལྟར་གྱུར་ཞིང་། གྲོང་གསེབ་ནང་ཡོད་མཁན་ཚོང་པ་ལུང་རིག་སླེབས་ནས་“ད་ལྟ་རང་དངུལ་གཡར་བ་དེ་སྤྱིན་པོ་དགོས་”ཞེས་ཚ་འདེད་བཏང་། བློ་གྲོས་ལུང་པ་དེ་ནས་མི་འགའ་ཤས་ཤིག་གི་སར་ཕྱིན་ནས་དངུལ་གཡར་ཐབས་བྱས་ཀྱང་ཁྱོན་ནས་གཡར་རྒྱུ་མ་རྙེད། ལུང་རིག་གིས་ཉིན་ལྟར་བུན་ལོན་ལེན་ཁ་ཡོང་བ་དང་། མཐར་བློ་གྲོས་བྱ་ཐབས་གང་ཡང་མ་རྙེད་ནས་འདོ་བ་རྐྱང་སྐྱིད་གཡུ་ལོ་བུན་ཚབ་ལ་སྤྲད་རྒྱུར་བྱས་ཤིང་། བློ་གྲོས་ཀྱིས་རྟ་ཕོ་རྐྱང་སྐྱིད་གཡུ་ལོར་ཐོད་པ་གཏུགས་ནས་“ངའི་སྙིང་གི་ནོར་བུ་ཁྱོད་རང་ཡིན་ནའང་ད་ནི་ཐབས་ཟད་ཀྱིས་བུན་ཚབ་ལ་སྤྲད་དགོས་འགྱུར་སོང་བས། དེ་འདྲ་ཐབས་སྡུག་པ་ལ་ཨང་”ཞེས་རྗོད་བཞིན་དབུགས་རིང་ཞིག་ཀྱང་བཏང་། བློ་གྲོས་ཀྱིས་འདོ་བ་རྐྱང་སྐྱིད་གཡུ་ལོའི་མཐུར་མདའ་ལུང་རིག་གི་ལག་ཏུ་བཞག་ནས་“ཁྱོད་ཀྱི་རྟ་འདི་ལ་བྱམས་སྐྱོང་བྱེད་རོགས་”ཞེས་རེ་སྐུལ་ཞུ་རྒྱུ་ཙམ་ལས་མ་འདས། ལུང་རིག་མགོ་གཡུག་ཙམ་ཞིག་བྱས་ནས་རྟ་ཁྲིད་ནས་ཕྱིན།
འདོ་བ་རྐྱང་སྐྱིད་གཡུ་ལོ་ལམ་ནས་ཁ་ཕྱིར་ལོག་བཞིན་མཆིས་ཤིང་། རིག་ལུང་གིས་ཨུ་ཚུགས་བརྒྱབ་ནས་ཁྲིད་ཕྱིན། ལུང་རིག་གིས་ལོ་དེར་རྟ་རྒྱུག་འགྲན་བསྡུར་ནང་དུ་ཞུགས་ནས་ཨང་དང་པོའི་རྒྱལ་ཁ་བླངས། འདོ་བ་རྐྱང་སྐྱིད་གཡུ་ལོ་སྔར་ལས་སྐད་གྲགས་ཆེ་རུ་ཕྱིན་པ་དང་། ཚོང་པ་དུ་མ་ཞིག་གིས་ང་ལ་ཚོང་རོགས་ཁོ་ལ་ཚོང་རོགས་ཞེས་མང་པོ་བྱུང་བས། ལུང་རིག་གི་ཁྱོན་ནས་མ་ཚོང་ནས་སྟོན་དུས་བམ་པོ་འགེལ་བ་དང་། དགུན་དུས་ལུང་པ་གཞན་ལ་ཚོང་ལ་འགྲོ་དུས་རྟ་སྒྲོ་འགེལ་དེའི་སྒང་ལ་ཉལ་འགེལ་ཞིང་།
དེ་ནས་ཁོ་རང་གི་བཞོན་ནས་ལ་ལུང་མོ་བརྒལ་ནས་འགྲོ་གིན་ཡོད་ཅིང་། འདོ་བ་རྐྱང་སྐྱིད་གཡུ་ལོ་གཟུགས་པོ་ཡོངས་རྫོགས་རྔུལ་ནག་འགྱུར་གྱི་ཡོད་ནའང་ད་དུང་རང་དབང་མེད་པར་ཡོབ་རྡུང་བྱེད་ཅིང་བཞོན་གྱི་ཡོད། འདོ་བ་རྐྱང་སྐྱིད་གཡུ་ལོ་ནི་དེ་སྔོན་གྱི་ལུང་པར་གང་འདོད་ཀྱིས་འདུ་རྒྱུགས་བྱེད་ཅིང་། རང་དབང་གི་རྩ་ཆུ་འཚོལ་བཞིན་གནས་ཡོད་པ་སོགས་སེམས་ནང་དུ་འཁོར་དུས་རྟ་བ་རྐྱང་སྐྱིད་གཡུ་ལོ་དབུགས་རིང་ཞིག་དང་འགྲེལ་ནས་མིག་ཆུ་བཏང་། ལུང་རིག་རྟ་རྒྱུགས་འགྲན་བསྡུར་ནང་ཐེངས་འགའ་བཞུགས་ཀྱང་ཨང་དང་པོ་ཁྱོན་ནས་མ་ལོན་པས། དེ་ནས་བཟུང་སྟེ་ལུང་རིག་གིས་ཆ་ལག་འདྲ་མིན་འགེལ་ནས་ལས་ཀ་བཀོལ།
དེ་ནས་ཉིན་གཅིག་ལུང་རིག་ལ་ནད་གཞི་དྲག་པོ་ཞིག་འཕོག་ནས་ཕྱི་མའི་ལམ་དུ་གཤེགས། ལུང་རིག་བཟའ་ཟླ་ཆོས་སྐྱིད་གཅིག་པུ་ནང་ལ་ལྷག །ཆོས་སྐྱིད་ཀྱིས་རྟ་དེ་གླག་འཁེལ་གྱི་མ་རེད་སྙམ་ནས་ཚོང་པ་ཞིག་ལ་ཚོང་། མི་དེའི་མིང་ལ་ཆོས་ལྡན་ཟེར་ཞིང་། ཁོ་པ་ནི་གྲོང་གསེབ་ལ་ཚོང་ཙ་ཙིག་བརྒྱབ་ནས་སྡོད་ཀྱི་ཡོད་ཅིང་། རིམ་གྱིས་ཆོས་ལྡན་གྱིས་རྟ་དེ་གྲོང་ཁྱེར་ལ་ཁྲིད་ནས་ཤིང་རྟ་འཁོར་ལོ་འཐེན་བཅུག །གྲོང་ཁྱེར་གྱི་མཐའ་ལ་ལམ་ཟུར་ཞིག་ལ་ཤིང་རྟ་འཁོར་ལོ་གཏོང་མཁན་དུ་མ་ཞིག་ཡོད་པས་ཁོ་ཚོ་མཉམ་དུ་བསྡད་ཅིང་། གྲོང་ཁྱེར་ལ་ཕར་འགྲོ་ཚུར་འོང་གི་འགྲུལ་པ་རྣམས་འཁུར་ནས་འགྲོ་གིན་ཡོད། གལ་སྲིད་འགྲུལ་པ་འཁུར་རྒྱུ་མ་རག་ཚེ་གཞུང་ལམ་ཟུར་ལ་ལངས་ནས་ཁྱགས་གྲང་ཚེགས་གསུམ་གྱིས་འོག་སྡོད་དགོས་ཐུག་གི་ཡོད། ཆོས་ལྡན་གྱིས་འགྲུལ་པ་རྣམས་ལ་ཤིང་རྟ་འཁོར་ལོ་ནང་བཞུགས་དང་སྐྱིད་པོ་ཡོད་ཚུལ་གྱིས་ཨུ་ཚུགས་བྱེད།
དེ་འདྲའི་དཀའ་སྡུག་འོག་ལ་དེ་སྔོན་གྱི་འདོ་བ་རྐྱང་སྐྱིད་གཡུ་ལོ་རེད་ལབ་ནས་ཡིད་མི་ཆེས་པ་སྐྱོ་པོ་ཆགས། སྐབས་རེ་གྱེན་ལ་ཤིང་རྟ་འཁོར་ལོ་འཐེན་མ་ཐུབ་པའི་དཀའ་ངལ་གྱུར་སྐབས་ཆོས་ལྡན་གྱིས་ཁོང་ཁྲོས་ལྕགས་ཚན་བཞུ་ཐེངས་རེར་ཤ་དམར་པོ་སྐོག་སོང་སྙམ་པའི་ན་ཚ་གཏོང་གི་ཡོད་ལ། ནུས་ཤུགས་ཡོད་ཚད་སྟོན་ནས་འཐེན་དགོས་ཐུག་གི་ཡོད་ཅིང་། ལམ་ཟུར་གྱི་སྔོ་ལྗང་གི་ལོ་མ་དེ་དག་མཐོང་དུས་ཟ་སྙིང་འདོད་ནས་ཁ་ལ་ཆུ་འཁོལ་ནའང་ཟ་རྒྱུ་ག་ལ་རག །དེ་སྔོན་བློ་གྲོས་ཀྱིས་བྱམས་སྐྱོང་གནང་བ་རྣམས་དྲིན་དུས་གཞི་ནས་དེ་སྐབས་སྐྱིད་པོ་ཡིན་པ་ཚོར། དཔེ་ལ་སྡུག་པོ་མ་མྱོང་ན་སྐྱིད་པོ་མི་ཚོར་ཞེས་པ་དེ་བདེན་པ་ཡིན་པ་གཞི་ནས་རྟོགས་པར་གྱུར། དཀའ་སྡུག་གང་འདྲ་ཞིག་མྱོང་ནའང་ལས་དབང་གིས་ཤིང་རྟ་འཁོར་ལོ་མི་འཐེན་ཀ་མེད་རེད།
ཆོས་ལྡན་ནི་ཉིན་མོའི་ཤིང་རྟ་འཁོར་ལོའི་རིན་པ་རགས་པ་རྣམས་དགོང་དག་ཆང་ཁང་ནང་ལ་འགྲོ་ནས་ཆང་རག་འཐུང་ནས་མི་རྟ་གཉིས་ཀར་ཁ་ལག་མེད་པ་ཉལ་དགོས་གྱུར་ནའང་ད་དུང་ཕྱི་ཉིན་ཞོགས་པ་སྔ་པོ་འདོ་བ་རྐྱང་སྐྱིད་གཡུ་ལོར་ཤིང་རྟ་འཁོར་ལ་བཏགས་ནས་འཐེན་བཅུག །རྟ་གྲོད་ཁོག་ལྟོག་ནས་ཁོག་ནས་མེ་འབར་བ་ནང་བཞིན་གྱུར་ནའང་ད་དུང་ལྕགས་ཚན་བཞུ་ནས་འཐེན་བཅུག་གི་ཡོད། ཉིན་གཅིག་སྤྲོ་འཁྱམས་འགའ་ཤས་ཤིག་གིས་ཤིང་རྟ་འཁོར་ནང་བསྡད་ནས་གནའ་བོ་ཁལ་ཤུལ་ལ་གནས་གཟིགས་ལ་ཕྱིན།
དེ་ཉིན་སྤྲོ་འཁྱམས་པ་དེ་དག་གིས་ཤིང་རྟ་འཁོར་ལོ་བཞོན་པའི་རིན་འབབ་དང་། རྔན་པ་གང་འཚམས་རག་པས་དེ་ནུབ་རྟ་ར་ནང་འདོ་བ་རྐྱང་སྐྱིད་གཡུ་ལོ་བཏགས་ནས་ཆོས་ལྡན་ཆང་ཁང་ནང་ཕྱིན་ནས་ཆང་རག་འཐུང་། དེ་ནུབ་དེར་དུས་རྒྱུན་ཆང་འཐུང་མཁན་མ་ཡིན་པས་མི་གཞན་ཁ་ཤས་ཤིག་སླེབས་ཡོད་པས། དང་ཐོག་ཁོ་ཚོ་དང་སྤྱིར་བཏང་གི་སྐད་ཆ་འདྲ་བཤད་ནས་བསྡད་པ་དང་། ཆང་འཐུང་ནས་དུས་ཡུན་གང་འཚམས་ཕྱིན་རྗེས་ཆང་འཐུང་མཁན་མི་གསར་པ་དེ་དག་ར་བཟི་ནས་ཆང་མའི་བུ་མོ་དེ་ལག་པ་བཟུང་ནས་འོ་བྱེད་རྩིས་བྱས་པས། བུ་མོས་སྐད་བརྒྱབ་རྗེས་ཨ་མ་ཡོང་ནས་མི་དེར་འགྲམ་ལྕག་ཚ་ཐག་ཆོད་གཅིག་བཞུས་པ་འབྲེལ་ཆང་འཐུང་མཁན་ཚང་མ་ཧོན་ཐོན་ནས་ཨ་མ་དེའི་ངོ་གདོང་ལ་བལྟས་ནས་བསྡད། མི་དེ་ངོ་ཚ་བ་དང་ཁོང་ཁྲོ་ཡང་ལངས་ནས་བཟོད་སྒོམ་མ་ཐུབ་སྟེ་ཆང་མ་དེར་མུ་རྫོག་བཞུས་ཐེངས་གཅིག་ལ་ཆང་མ་དེ་ཐང་འགྱེལ། ད་དུང་རྡོག་འཇག་བཞུ་རྩིས་བྱེད་སྐབས་ཆོས་ལྡན་གྱིས་མཐོང་ནས་སེམས་ཀྱི་མ་བཟོད་ནས་“ཨ་ཕོ་དེ་འདྲ་མ་གནང་”ཞེས་མི་དེས་ཚུར་འཐེན་པ་དང་། མི་དེས་“ཁྱོད་ལ་ཇུས་རྟོགས་གང་ཞིག་འདུག་གམ་”ཞེས་ཆོས་ལྡན་ལ་མུར་རྫོག་བཞུས་པ་དང་ཆོས་ལྡན་གྱིས་“ངོ་ཚ་རྒྱུ་མེད་པ་བུད་མེད་ལ་ལག་པ་བཀྱག་མཁན་མི་ཐབས་སྡུག་ཁྱོད་”ཅེས་མུ་རྫོག་བཞུས་རེས་བཏང་ནས་འཛིང་མོ་འཐབ། དེ་ཡོད་ཚང་མ་སྐད་བརྒྱབ་པས། མི་དེ་དག་འཇིགས་ནས་བྲོས་ཕྱིན།
དེ་ནས་ཆོས་ལྡན་རོགས་པ་ཚོ་མཉམ་དུ་ཆང་འཐུང་ནས་བསྡད། ཆོས་ལྡན་གྱིས་ད་ནང་ལ་ལོག་འགྲོ་དགོས་ཟེར་བཞིན་ལངས་ནས་ཡོང་རྩིས་བྱེད་སྐབས་ཆང་མ་དེས་“མ་འགྲོ་མ་གཏོགས་མི་དེ་དག་ཐག་རིང་ལ་འགྲོ་ཡོད་རྒྱུ་མ་རེད་”ཟེར། ཆོས་ལྡན་གྱིས་“མི་ངན་དེ་ཚོར་ང་ཞེད་ཀྱི་མ་རེད་ཁྱོད་སེམས་ཁྲལ་དགོས་མ་རེད་”ཅེས་ལབ་ནས་གཟུགས་པོ་ཕར་ཚུར་འཁྱོར་བཞིན་ནང་ལ་ལོག་ཅིང་། ནང་ལ་མ་སླེབས་ཙམ་གྱིས་རླངས་འཁོར་སྒུག་སའི་ཞབས་སྟེགས་སྟེང་ལ་ཉལ་ཁུལ་ནས་ལྷག །ཕྱིན་ཉིན་ནམ་ལངས་པ་དང་མིག་འཕུར་ཙམ་ཞིག་བྱས་ནས་ནང་ལ་ལོག་ནས་ཤིང་རྟ་འཁོར་ལོའི་སྟེང་ལ་བསྡད་ནས་ཡོང་བ་དང་། ལམ་ལ་རྟའི་མིག་ལྕགས་གོག་ནས་འདོ་བ་རྐྱང་སྐྱིད་གཡུ་ལོ་རྐང་པ་ཐེང་ངེར་ལས་འགྲོ་མི་ཐུབ་པར་གྱུར།
ཆོས་ལྡན་གྱིས་ལམ་ཟུར་ལ་བཀག་ནས་མིག་ལྕགས་གསར་པ་ཞིག་ཉོས་ནས་རྟ་སུག་ལ་འཛེར་རུ་བརྡུང་ནས་སྦྱར་བས། དེ་ཉིན་ཆོས་ལྡན་ཆང་གི་བཟི་ཡག་པོ་དྭང་མེད་པར་བརྟེན་ནས་རྟ་སུག་གི་ཤ་ལ་འཛེར་རུ་འཁེལ་ནས་རྟ་འཕག་ཚག་བརྒྱབ་ཀྱང་ད་དུང་ཆོས་ལྡན་གྱི་མ་ཉན་འཛེར་བརྡུང་། དེའི་རྐྱེན་བྱས་ནས་འདོ་བ་རྐྱང་སྐྱིད་གཡུ་ལོའི་ཤིང་རྟ་འཁོར་ལོ་གྱེན་ལ་འཐེན་མ་ཐུབ་ནས་ཐེངས་མང་བྲེད་བརྡབ་ཤོར་ཡང་ད་དུང་ཆོས་ལྡན་གྱིས་སྙིང་རྗེ་མེད་པར་ལྕགས་ཚན་ཚ་ཐག་གཅོད་བཞུ་ནས་འཐེན་བཅུག །ཉིན་གཅིག་གྲོང་གསེབ་ནང་ཡོང་མཁན་སྤོ་པོ་ཞིག་འཁེལ་བ་དང་། ཤིང་རྟ་འཁོར་ལོ་ནང་སྤོ་པོ་དེ་བསྡད་ནས་གཞུང་ལམ་བརྒྱུད་དེ་ཡོང་ཞིང་། སྤོ་པོས་“དེར་བཀག་རོགས་བྱས་ང་འདིར་འབབ་ཀྱི་ཡིན་”ཟེར་ནས་དེར་འབབ།
སྤོ་པོས་རྟ་དེ་མཐོང་བ་དང་དེ་སྔོན་ཁོ་རང་གི་རྟ་དེའི་སྤུ་མདོག་སོགས་འདྲ་བ་ལ་དྲན་ནས་རྟ་དེ་བརྒྱབ་ལ་བྱུག་བྱུག་བྱས་པ་དང་། འདོ་བ་རྐྱང་སྐྱིད་གཡུ་ལོས་ལམ་སེང་བློ་གྲོས་ཡིན་པ་ཤེས་ནས་མགོ་དང་རྔ་མ་གཡུག་ཅིང་། ཁ་ནས་ཧུ་ཧུ་ཞེས་ཁྱོད་ཀྱི་ང་ངོ་ཤེས་ཀྱི་མི་འདུག་གམ་ང་ནི་འདོ་བ་རྐྱང་སྐྱིད་གཡུ་ལོ་ཡིན་ཞེས་པའི་བརྡ་སྟོན་ཁུལ་སོགས་བྱས་ཀྱང་བློ་གྲོས་ཀྱིས་འདོ་བ་རྐྱང་སྐྱིད་གཡུ་ལོའི་ཤིང་རྟ་འཁོར་ལོ་འཐེན་གྱི་ཡོད་པ་བློ་ཡུལ་ལ་མེད་པས་ཧ་མ་གོ །ཡིན་ནའང་སྦྱིན་བདག་བློ་གྲོས་ཀྱིས་ད་དུང་བརྗེད་མེད་པར་སེམས་ནང་ཡོད་པ་ཤེས་དུས་འདོ་བ་རྐྱང་སྐྱིད་གཡུ་ལོ་སེམས་ནང་དགའ་བ་ཚད་མེད་སྐྱེས། དེའི་ཕྱིན་ཉིན་རང་འཇགས་སྤོ་པོ་ཤིང་རྟ་འཁོར་ནང་ལ་བསྡད་ཅིང་། ཆོས་ལྡན་གྱིས་འཐེན་དགོས་པའི་བརྡ་སྟོན།
གཞུང་ལམ་གཡས་གཡོན་ནས་སྤྱི་སྤྱོད་རླངས་འཁོར་ཡར་མར་འགྲུལ་བཞུད་བྱེད་མཁན་མང་ཞིང་། དགུན་དུས་གྲང་ངར་དང་། དབྱར་དུས་ཚ་བ་བཅས་ཀྱིས་དཀའ་སྡུག་འོག་གཟུགས་པོ་སྐྱོ་པོ་ཆགས། བློ་གྲོས་ཀྱིས་”ཁྱོད་ཀྱི་ཤིང་རྟ་འཁོར་ལོ་བཏང་ནས་ལོ་ག་ཚད་ཙམ་འགྲོ་སོང་”ཞེས་དྲིས་པ་དང་། ཆོས་ལྡན་གྱིས་“སྔོན་ང་ལས་ཀ་འདི་བྱེད་ཀྱི་མེད་ཅིང་། གྲོང་ཁྱེར་ནང་ཚོང་ཙ་ཙིག་བརྒྱབ་ནས་བསྡད་ཀྱི་ཡོད། ཡིན་ནའང་ལོ་གཅིག་ང་ལ་ནད་གཞི་དྲག་པོ་ཞིག་ཕོགས་ནས་སྨན་ཁང་ལ་ཡུན་རིང་བསྡད་དགོས་བྱུང་། སྨན་པས་ཁྱོད་རང་བཤག་བཅོས་མ་བྱས་ན་སྲོག་ལ་ཉེན་ཁ་ཡོད་ཚུལ་སོགས་བརྗོད་དོན་ལྟར་བཤའ་བཅོས་བྱས་པ་ཡིན་པས་དངུལ་ཕྲན་བུ་ཡོད་པ་ཚང་མ་སྨན་རིན་ལ་འཐིམ་ཞིང་། གང་ཡང་མེད་པར་གྱུར་དུས་བཟའ་ཟླས་ང་གཡུག་ནས་སྐྱེས་པ་གཞན་དང་གཉེན་སྒྲིག་བྱས་ནས་ཕྱིན།
ངས་མོ་ལ་བརྩེ་བ་ཞེ་དྲག་ཡོད་པས་དེ་འདྲ་ང་གཡུག་ནས་མི་གཞན་དང་མཉམ་དུ་འགྲོ་གི་རེད་སྙམ་པ་བསམ་པའི་ཡུལ་ལ་པས་སེམས་ནང་ཆུ་འཁོལ་མ་བླུགས་པ་ནང་བཞིན་སྡུག་བསྔལ་གྱིས་བཟི་ཞིང་། དུས་དེ་ནས་བཟུང་སྟེ་སེམས་ནང་གི་སྡུག་བསྔལ་ཁྱོན་ནས་བརྗེད་ཐུབ་ཀྱི་མི་འདུག་པས། ཆང་རག་འཐུང་ནས་བཟི་ན་སེམས་ནང་གི་སྡུག་བསྔལ་ཚང་མ་སྐབས་གཅིག་རིང་ལ་བརྗེད་པས་སྣང་བ་ཤར་གྱི་འདུག་པས་དངུལ་ཕྲན་བུ་ཡོད་པ་རྣམས་ཆང་རག་འཐུང་ནས་བསྡད། ཉིན་གཅིག་ཆང་ཁང་ལ་མི་ཞིག་དང་འཕྲད་ནས་མི་དེས་”ཁོ་ལ་རྟ་ཡག་པོ་ཞིག་ཚོང་རྒྱུ་ཡོད་”ཟེར། ངས་”རྟ་ཉོ་ནས་གང་བྱེད་དགོས་རེད་”ཅེས་ལབ་པས། མི་དེས་“ཁྱོད་རང་གི་ག་རེ་ལབ་ཀྱི་ཡོད།
དེང་སྐབས་རྟ་ཡོད་ན་ཕྱི་མི་སྤྲོ་འཁྱམས་ལ་ཡོང་མཁན་གྱི་འགྲུལ་པ་དེ་དག་རླངས་འཁོར་ལས་ཤིང་རྟ་འཁོར་ལོ་ནང་འགྲོ་རྒྱུ་དགའ་བ་བྱེད་ཀྱི་ཡོད་”ཚུལ་སོགས་བརྗོད་ཀྱི་འདུག་ཅིང་། ངས་ཀྱང་དེ་ཡིན་རྒྱུ་རེད་སྙམ་ནས་མི་དེས་ལག་ནས་རྟ་འདི་ཉོས་ནས་ད་ལྟ་བར་དུ་ཤིང་རྟ་འཁོར་ལོ་འདི་བཏང་ནས་བསྡད་པ་ཡིན་ཚུལ་”སོགས་བཤད་པས། བློ་གྲོས་ཀྱིས་སྐྱེས་དམན་དང་ཁ་བྲལ་ནས་སེམས་ཕམ་བྱས་ཀྱང་ཅི་ཕན། དེ་ལས་སོ་སོའི་མི་ཚེ་དོན་སྙིང་ལྡན་པ་ཞིག་གི་འོག་འཚོ་བ་བསྐྱལ་ན་ལུས་སེམས་ལ་སྐྱིད་པོ་གང་འདྲ་ཞིག་ཡོད་མ་རེད་དམ། ལྷག་པར་རྟ་རྒན་འདི་ལ་ཉིན་ལྟར་ཤིང་རྟ་འཁོར་ལོ་འཐེན་བཅུག་པས་རྟ་ལ་གང་ཞིག་མྱོང་གི་ཡོད་མ་རེད་དམ། ང་ཚོ་ལོ་ཚོད་འདི་ཙམ་སླེབས་དུས་ཤུགས་ལས་བསྐུལ་ན་སྐད་ངན་ག་ཚོད་གཅིག་ཤོར་གྱི་མ་རེད་དམ། ཁྱོད་ཀྱི་ལས་ཀ་འདི་ཁོ་ནར་བྱས་ནས་འཚོ་བར་ཕན་ཐོགས་ག་ཚད་གཅིག་བྱུང་སོང་ངམ་”ཞེས་སོགས་བཤད་པས། ཆོས་ལྡན་གྱིས་བསམ་བློ་ཡུན་རིང་ཞིག་བཏང་ནས་”དངོས་གནས་ཁྱོད་ཀྱི་བཤད་པ་དེ་བདེན་པ་རེད། ལོ་ངོ་དེ་ཙམ་ཞིག་གི་རིང་ལ་ལས་ཀ་བྱས་ཀྱང་རང་ཉིད་ལ་ཕན་ཐོགས་ལྟོ་གྲོད་པ་གང་རག་ཙམ་ལས་མི་འབྱུང་བས། ད་ནི་དེ་ལས་རྟ་འདི་ཚད་ལྡན་ཞིག་ལ་བཅོལ་ས་རགས་ན་ལས་ཀ་འདི་མི་བྱེད་”ཟེར།
དེ་ནས་བློ་གྲོས་ཀྱིས་ང་ཡང་སྔོན་ཚོང་ཙ་ཙིག་དེ་འདྲ་བརྒྱབ་ནས་མི་ཚེ་འཚོ་བ་བསྐྱལ་གྱི་ཡོད། ཉིན་གཅིག་ཚོང་པ་ཞིག་དང་ཐུག་ནས་ཁོ་ལ་གླ་རྩི་མང་པོ་ཞིག་བཙོང་རྒྱུ་འདུག་ཅིང་། ང་རང་གི་བསམ་པ་ན་འདི་ཉོས་ནས་གྲོང་ཁྱེར་ལ་ཚོང་རྒྱུར་འཁྱེར་ན་ཁེ་སང་ཡག་པོ་ཞིག་རགས་ཀྱི་རེད་སྙམ་པས་འདོད་རྔམས་ཀྱིས་གླ་རྩི་ཚང་མ་ཉོས་ནས་དངུལ་གྱི་མ་འདང་ནས་ཚོང་རོགས་ལག་ནས་བུན་ལོན་གཡར་ནས་ཉོས་པ་ཡིན། རྗེས་སུ་གླ་རྩི་གྲོང་འཁྱེར་ནང་ཚོང་པ་སྐད་གྲགས་ཅན་ཞིག་ཡོད་པས་ཁོའི་སར་འཁུར་ནས་སྟོན་པས་དེ་ནི་ཚང་མ་རྫུན་མ་རེད་ཟེར། སོ་སོ་ཚོང་དངུལ་ཕྲན་བུ་ཡོད་པ་དེ་ཡང་ཤོར། མ་ཟད་བུན་ལོན་ནང་དུ་འཐིམ་ཞིང་། བུན་ལོན་ཚ་འདེད་བཏང་བ་སོགས་ཀྱི་བྱ་ཐབས་ཟད་ནས་སྐབས་དེར་ང་ལ་རྟ་སྐད་གྲགས་ཅན་ཞིག་ཡོད་པས་འུ་ཐུག་ནས་ཚོང་དགོས་གྱུར།
སྤྱིར་བཏང་ང་རང་དགའ་མོས་ཆེ་ཤོས་བྱེད་སའི་རིགས་ནི་རྟ་ཡིན་ཞིང་། རྟ་དེ་མི་གཞན་ལ་བུན་ཚབ་ལ་སྤྲད་དུས་སོ་སོའི་སེམས་ནང་གི་རིན་ཆེན་པོ་ཞིག་གཞན་ལ་ཤོར་སོང་སྙམ་པའི་ཚོར་སྣང་བྱུང་། དེ་ནས་བཟུང་སྟེ་རྟ་དང་ཁ་བྲལ་བ་རེད་”ཅེས་ལབ་པ་དང་། ཆོས་ལྡན་གྱིས་“ཁྱོད་རང་རྟ་ལ་དེ་འདྲ་དགའ་པོ་ཡོད་ན་རྟ་འདི་ལ་གོང་ཚད་ག་ཚོད་སྤྲད་ན་སྤྲོད་ཁྱོད་རང་གི་འཁྲིད་ན་འགྲིགས་ཀྱི་རེད་མ་གཞི་ཁྱོད་སྡོད་ས་གྲོང་གསེབ་རེད་དམ་”ཞེས་དྲིས། བློ་གྲོས་ཀྱིས་“རེད་ང་སྡོད་ས་གྲོང་གསེབ་རེད་”ཅེས་ལབ་པ་དང་། ཆོས་ལྡན་གྱིས་དེ་འདྲ་ཡིན་ན་ཁྱོད་རང་གི་རྟ་རིན་མེད་ན་འགྲིགས་ལ། ཁྱོད་རང་གི་རྟ་འདི་གསོ་སྐྱོང་ཡག་པོ་བྱས་ན་འགྲིགས་པ་ཟེར། རྟས་དེ་དག་གོ་བ་དང་སེམས་ནང་དགའ་སྣང་ཚད་མེད་སྐྱེས་ཀྱང་སྐད་ཆ་བཤད་མི་ཤེས།
བློ་གྲོས་ཀྱིས་“ང་ནི་ལོ་ན་ཚོད་འདི་ཙམ་ཞིག་སླེབས་ཟིན་པས་རྟ་ལ་ལྟ་རྟོགས་ག་ལ་བྱེད་ཐུབ་”ཟེར་བཞིན་ཤིང་རྟ་འཁོར་ལོ་ནས་མར་འབབ་སྟེ་ཕྱིན། གང་ལྟར་ཆོས་ལྡན་གྱི་དེ་ནུབ་ཕར་སླེབས་ནས་བསམ་བློ་ཡུན་རིང་གཏོང་བ་དང་། མཐར་བློ་གཅིག་སེམས་གཅིག་གིས་ཤིང་རྟ་འཁོར་ལོ་མི་གཏོང་རྒྱུ་དམ་བཅས། བློ་གྲོས་ཕྱིན་ནས་ནང་ལ་སླེབས་པ་དང་བཟའ་ཟླ་ལ་ཤིང་རྟ་འཁོར་ལོ་བཏང་མཁན་གྱི་མི་ཞིག་འདུག་པས། ཁོ་ལ་རྟ་གཅིག་འདུག་པས་ང་ལ་ཁྲིད་ན་སྤྲད་དགོས་ཟེར་ཡང་ངས་ལྟ་རྟོགས་བྱེད་ཐུབ་ཀྱི་མ་རེད་ལབ་ནས་ཁས་ལེེན་བྱས་མེད་ཚུལ་ལབ་པ་དང་། བཟའ་ཟླས་རྟ་དེ་ཁྲིད་ཤོག་མི་གཞན་ཞིག་ལག་ལ་སླེབས་ན་དཀའ་ལས་ཚད་མེད་མྱོང་གི་རེད། དེ་ལས་ངེད་གཉིས་ཀྱི་མ་ཤི་ཚུན་ལྟ་རྟོག་གང་ཐུབ་བྱེད་རྒྱུ་རེད་ཟེར།
བློ་གྲོས་ཀྱིས་དེ་བདེན་པ་རེད་སྙམ་ནས་ལམ་སང་ཆོས་ལྡན་སྡོད་སའི་ཕྱོགས་ལ་ཕྱིན། ཆོས་ལྡན་ནི་ས་གནས་དེ་ནས་གཞན་ཞིག་ལ་འགྲོ་མཆིས་བྱེད་བཞིན་པའི་སྒང་རེད་འདུག་ཅིང་། བློ་གྲོས་སྒོ་ནས་ཡར་འཛུལ་བ་དང་། ཆོས་ལྡན་གྱིས་“ཁྱོད་སུ་ཐུག་དགོས་ཡོད་”ཟེར། བློ་གྲོས་ཀྱིས་“ཁ་སང་ཁྱོད་ཀྱི་ཤིང་རྟ་འཁོར་ལོའི་ནང་དུ་བསྡད་ནས་ཡོང་སྐབས་ཁྱོད་ཀྱི་རྟ་རྒན་དེ་མི་གཞན་ལ་སྤྲད་ཀྱི་ཡིན་ཚུལ་སོགས་ངས་བཟའ་ཟླ་ལ་བཤད་པས་ཁོ་མོས་དེ་ངེས་པར་དུ་ཁྲིད་ཤོག་མོས་ལྟ་རྟོགས་བྱེད་ཀྱི་ཡིན་ཚུལ་ཞེས་ཟེར་གྱི་འདུག་ཅིང་། སྐུ་ཉིད་ཀྱི་རྟ་དེ་མི་གཞན་ལ་སྤྲད་ཀྱི་ཡིན་ན་ང་ལ་སྤྲད་རོགས་གནང་དང་ངས་གང་ཡོང་ཅི་ཡོང་གི་གསོ་སྐྱོང་བྱེད་ཆོག་”ཅེས་ལབ་པ་དང་། ཆོས་ལྡན་“དགའ་ཐག་གཅོད་ནས་ཁྱོད་ཀྱི་རྟ་འདི་ལ་ལྟ་རྟོགས་ཡག་པོ་བྱེད་རོགས་”ཞེས་ལབ།
དེ་ནས་བློ་གྲོས་རྟ་དེ་ཁྲིད་ནས་ནང་ལ་ཡོང་བས་བཟའ་ཟླ་དགའ་སྣང་གིས་རྟ་འདི་ནི་དེ་སྔོན་ང་ཚོའི་འདོ་བ་རྐྱང་སྐྱིད་གཡུ་ལོ་འདྲ་བོ་འདུག་ཅེས་སྨྲས། དུས་དེ་ནས་བཟུང་གྲོང་གསེབ་ཀྱི་ཡུལ་ལྗོངས་མཁའ་རླུང་གཙང་ཞིང་། རླུང་བསིལ་བ ། ཆུ་ཞིམ་པ་སོགས་ཀྱི་འདོ་བ་རྐྱང་སྐྱིད་གཡུ་ལོའི་ཉིན་ལྟར་ཤིང་རྟ་འཁོར་ལོ་འཐེན་མི་དགོས་པས། ལུས་སེམས་ལ་ངལ་གསོ་ཐུབ་པའི་རིམ་གྱིས་གཟུགས་པོའི་སྤུ་མདོག་གྱུར་བ་དང་། གྲོང་མི་ཀུན་གྱིས་“འདི་ནི་འདོ་བ་རྐྱང་སྐྱིད་གཡུ་ལོ་རེད་”ཅེས་ཀུན་གྱིས་གླེང་བཞིན་ཡོད་ནའང་བློ་གྲོས་ཀྱི་དོ་སྣང་དེ་ཙམ་ཞིག་བྱས་མེད། ཉིན་ལྟར་འདོ་བ་རྐྱང་སྐྱིད་གཡུ་ལོ་རི་ལ་གཏོང་བ་དང་། དགོང་མོ་རང་འགུལ་གྱིས་ནང་ལ་ཡོང་གི་ཡོད་པས། བློ་གྲོས་ཀྱིས་མཐུར་བསྐོན་ནས་རྒྱབ་ལ་བྱུག་བྱུག་བཏང་བས། དེ་སྔོན་འདོ་བ་རྐྱང་སྐྱིད་གཡུ་ལོའི་རྒྱབ་གཞུང་ལ་རྨ་རྟགས་ཤིག་ཡོད་པ་དེ་ཉིད་དྲན་ནས་ལམ་སང་བལྟས་པས། རྟགས་དེ་ཉིད་མཐོང་མ་ཐག་དེ་ནས་འདོ་བ་རྐྱང་སྐྱིད་གཡུ་ལོ་ཡིན་པ་ཤེས་པར་གྱུར་ཞིང་། དགའ་སྣང་གི་འདོ་བ་རྐྱང་སྐྱིད་གཡུ་ལོ་ཐོད་པ་གཏུགས་ནས་“དགོངས་དག་ངས་ཁྱོད་ལ་དཀའ་ངལ་ཞེ་དྲག་བཟོས་སོང་”ཞེས་ལབ་ནས་བྱམས་བརྩེའི་གསོ་སྐྱོང་གནང་པ་དང་། རྟ་རང་འཇགས་ལག་པ་རག་པར་དགའ་ཐག་ཆོད་ཅིང་གནས།
དེ་ནས་ལོ་དེར་དབྱར་གཞུང་ལ་སྡེ་མི་ཀུན་གྱིས་ལུས་ལ་གཟབ་མཆོར་དཀྲིས་ནས་རི་བསྟོད་ལ་ཕྱིན་པ་དང་། བློ་གྲོས་ཀྱང་འདོ་བ་རྐྱང་སྐྱིད་གཡུ་ལོར་རྟ་སྒ་བསྟད་ནས་བཞོན་ཏེ་རི་བསྟོད་ལ་ཕྱིན་ཞིང་། སྔར་རྒྱུན་ལྟར་འགྲན་བསྡུར་ནང་བཞུགས་པ་དང་། འགྲན་བསྡུར་འགོ་འཛིན་པ་དེས་”བློ་གྲོས་ལ་ཁྱེད་རང་དགུང་ལོ་ཐོན་པོར་སླེབས་ཟིན་པས་རྐྱེན་ངན་འདྲ་ཡོང་གི་མ་རེད་དམ་”ཟེར། བློ་གྲོས་ཀྱིས་”སྐུ་ཉིད་སེམས་ཁྲལ་ཁྱོན་ནས་གནང་མི་དགོས་དེ་རིང་རྟ་རྒྱུག་གི་རྒྱལ་ཁ་ང་ལ་ཐུབ་ཀྱི་རེད་”ཅེས་ལབ་པ་དང་། གཡས་གཡོན་ནས་མི་འགས་དགད་མོ་ཤོར་བ་དང་། ཕོ་གསར་འགས་དེ་རིང་མི་རྒན་ཆགས་སྒོ་ཉོ་རྒྱུ་ལས་རྒྱལ་ཁ་ཐུབ་རྒྱུ་ཉིན་མོ་སྐར་མ་རེད་སྙམ་པའི་རྣམ་འགྱུར་སྟོན་པས། བློ་གྲོས་ཀྱིས་འདོ་བ་རྐྱང་སྐྱིད་གཡུ་ལོར་ལག་པ་བྱུག་བྱུག་འགའ་བྱས་ནས། “དེ་རིང་ངེད་མི་རྒན་རྟ་རྒན་གཉིས་ལ་མི་ཚོས་བརྙན་བཅོས་བྱེད་ཀྱི་འདུག་པས། མིའི་རི་མོ་ནང་དང་། སྟག་གི་རི་མོ་ཕྱི། ཞེས་པ་ལྟར་རེད་ཀྱང་། རྟ་རྒན་མི་རྒན་ཁྱི་རྒན་གསུམ།། ལས་བྱས་པ་མེད་དེ་ཀུན་གྱི་གདོང་།། ཞེས་པ་ལྟར་རེད་འདུག་ན་དེ་རིང་སྐད་གྲགས་ཆོད་པའི་རྟ་རྒྱུག་གི་རྒྱལ་ཁ་ངེད་གཉིས་ལ་ཐུབ་པ་བྱེད་དགོས་”ཟེར་ནས་རྟ་ལ་བྱུག་བྱུག་འགའ་བྱས།
དེ་ནས་རྒྱུག་བརྡ་གཏོང་བ་དང་འདོ་བ་རྐྱང་སྐྱིད་གཡུ་ལོ་འགྲོས་གོམས་པ་ཉམས་ཆགས་མེད་པ་བྱ་འཕུར་པ་ནང་བཞིན་རྟ་ཚོགས་དཀྱིལ་ནས་རྒྱུགས་པ་དང་། གཡས་གཡོན་གྱིས་མི་ཚོགས་རྣམས་ཀྱིས་མཐོང་ནས་ཧོན་ནས་ལུས་ཤིང་། མི་འགའ་ཤས་ནས་རྟ་འདྲོག་པ་དང་། འགའ་ཤས་ནི་མཉམ་དུ་མི་རྒྱུགས། འགའ་ཤས་ནི་ས་ཆ་གཞན་ལ་འཁུར་ཕྱིན་པ་སོགས་བྱེད་ཅིང་། འདོ་བ་རྐྱང་གཡུ་ལོར་རྟ་རྒྱུགས་ཀྱི་རྒྱལ་ཁབ་ཐོབ་སྟེ་གྲགས་པ་ཡུལ་དེར་ཁྱབ་པར་གྱུར།
རྟ་རྒྱུག་ཀྱི་རྟགས་མ་དངུལ་སྒོར་གྱིས་བློ་གྲོས་བཟའ་མི་གཉིས་ཀྱི་མི་ཚེ་ལས་ཀ་མ་བྱས་ནས་བསྡད་བཞག་ན་འདང་བའི་བརྔན་པ་རགས་ཤིང་། དེ་ནས་བཟུང་སྟེ་བློ་གྲོས་ནང་མི་རྣམས་དཔལ་འབྱོར་ལ་སེམས་ཁྲལ་ཁྱོན་ནས་མེད་པར་གྱུར་ཞིང་། བློ་གྲོས་ཀྱིས་འདོ་བ་རྐྱང་སྐྱིད་གཡུ་ལོ་ལྟ་རྟོགས་གང་ཡག་བྱེད་ཀྱི་ཡོད།
རིམ་གྱིས་དེ་སྔོན་ཤིང་རྟ་འཁོར་ལོ་འཐེན་ནས་དཀའ་སྡུག་དུ་མ་ཞིག་མྱོང་བའི་དབང་གིས་སུག་གེར་ན་ཚ་ཞིག་འཕོག་ནས་བཙུགས་རྒྱུ་མེད་པ་གྱུར་ཞིང་། བློ་གྲོས་ཀྱིས་དུད་འགྲོ་སྨན་པར་རིམ་པ་བསྟན་ནའང་ཕན་ཐོགས་མེད་པ་གྱུར་ཞིང་། རྩ་ཆུ་འཚོལ་བ་འགྲོ་མི་ཐུབ་པས་ཕྱི་མིའི་ལམ་དུ་གཤེགས། བློ་གྲོས་ཀྱིས་གྲོང་པའི་མི་འགའ་སྐད་བཏང་ནས་རྟ་རོ་ཕྱི་རོལ་ལ་དབྱུག་པ་དང་། བྱ་རྒོད་ནས་བཟས་ཤིང་དུས་དེ་ནས་བཟུང་ནས་བློ་གྲོས་ཀྱི་བསམ་བློ་ནང་དུ་གཅིག་མ་ཚང་པ་ལྟ་བུ་སྣང་བ་ཞིག་སྐྱེས་ཡོད་པའི་སྣང་བ་ཤར། རྟ་རོ་བྱ་རྒོད་ཀྱིས་བཟས་ཟིན་པ་དང་། རུ་པ་རྣམས་རུབ་ནས་བློ་གྲོས་ཀྱི་འདུས་ནས་ཚ་ཚ་བཟོས་རི་མཐོ་ས་གཙང་ལ་བཞག་པ་སོགས་བྱས་པའོ།
མཇུག་བསྡུའི་གཏམ།
རང་རེའི་ན་གཞོན་རྣམས་པས།།
ཕྱི་དངོས་མགོ་བོ་མ་འཁོར།།
གངས་ལྗོངས་ཤེས་རིག་ཐོག་ལ།།
བརྩོན་པ་ལྷོད་མེད་གནང་མཛོད།།
སྔོན་བྱོན་ལོ་པཎ་རྣམས་ཀྱིས།།
ཡོད་ཚད་བློས་བཏང་མཛད་ནས།།
ཤེས་རིག་འདི་ཉིད་བསྐྲུན་ཡོད།།
རང་རེའི་མི་ཉམས་གནང་མཛོད།།
མི་རབས་གསར་པ་རྣམས་ཀྱི།།
ལོ་པཎ་བཀའ་དྲིན་དྲན་ནས།།
རིན་བྲལ་སྐད་ཡིག་འདི་ཉིད།།
མི་ཉམས་གོང་འཕེལ་བརྩོན་མཛོད།།
ང་ཚོའི་གཅེས་ནོར་སྐད་ཡིག།།
བདག་གཅེས་བེད་སྤྱོད་མ་བྱས།།
འདི་མུ་ལྷག་ཚེ་ཉིན་གཅིག།།
ཨ་ཁ་སྙམ་པའི་འགྱོད་སྐྱེ།།
མཐོ་རིམ་འགོ་འཁྲིད་འགའ་ཤས།།
ཆོས་དང་རིག་གཞུང་རྩ་ཆེ།།
མ་ཎི་བགྲང་ལྟར་བརྗོད་ཀྱང་།།
ལག་ལེན་ཤིན་ཏུ་དཀོན་པ།།
སློབ་གྲྭ་ཁག་གི་དགེ་ལགས།།
ཡོད་ཚད་གཅིག་ཏུ་སྤུངས་ནས།།
རང་རེའི་སོན་རྩ་རྣམས་ལ།།
སློབ་ཁྲིད་ཚད་ལྡན་གནང་མཛོད།།
སློབ་གྲྭའི་སྤྱི་ཁྱབ་འཛིན་སྐྱོང་།།
ཕྱག་ལས་ཙག་ཙིག་དབུ་འཁོར།།
ཉིན་རེའི་སློབ་ཁྲིད་བྱེད་སྟངས།།
སྣང་མེད་ལྟ་བུ་གྱུར་འདུག།།
འདི་འདྲ་ཁོར་ཡུག་གཅིག་ནས།།
རང་རེའི་ན་གཞོན་རྣམས་ལ།།
ཤེས་ཚད་གང་འདྲ་ཡོང་མིན།།
ཟུར་བལྟས་ལེབ་མཐོང་འགྱུར་འདུག།།
དེར་བརྟེན་དགེ་སློབ་རྣམ་པ།།
ནུས་ཤུགས་གཅིག་ཏུ་སྤུངས་ནས།།
གནའ་དེང་ཤེས་བྱས་བརྩོན་ནས།།
གངས་ལྗོངས་བདེ་སྐྱིད་ཡོང་སྨོན།།
འཛིན་གྲྭ་གཉིས་པ་ནས་བཟུང་།།
སུམ་རྟགས་སྙན་གསུམ་ཁྲིད་ཡོད།།
འཛིན་གྲྭ་བཅུ་གཉིས་ཐོན་ཀྱང་།།
ཚིག་ཕྲད་གང་འབྲི་མི་ཤེས།།
ཁ་ནས་ཆུ་རྒྱུག་སྐྱོར་ཀྱང་།།
ཡིག་ཐོག་འབྲི་བ་མི་ཤེས།།
སྐྱོན་གནད་དེ་དག་མི་འབྱུང་།།
དེབ་རིགས་མང་པོ་སློབ་བཅུག།།
ཅེས་པ་འདི་ནི་ཆབ་མདོ་ངག་ཕུན་གྱིས་ཕྱི་ལོ་༢༠༡༤ ཟླ་༧ ཚེས་༢༨ ཉིན་མོར་མཇུག་རྫོགས་པ་བྱས་པའོ།།