དོལ་སྨྱོན།
ལྷོ་སྤྲིན་བུ་མོའི་འགྲོས་དང་བསྟུན་ཏེ་ཟིམ་ཟིམ་སྦྲང་ཆར་འཇོ་བའི་ཀློང་། །
སྣ་ལྔའི་མཚོན་མདངས་མངོན་པར་བཀྲ་བ་དབང་པོའི་གཞུ་ཡི་གཟི་འོད་ནང་། །
སྡེར་ཆགས་རྒྱལ་པོ་འགྱིང་བའི་ཁྲི་ལ་བཞེངས་སྟབས་ཚུལ་དུ་དགྱེས་བཞུགས་པའི། །
དུས་གསུམ་རྒྱལ་བའི་མཁྱེན་རབ་གཅིག་འདུས་ཟུར་ཕུད་ལྔ་པས་བདག་བློ་སྐྱོངས། །
ཁྱོད་ཐུགས་ལྷ་ལམ་ཡངས་པའི་དབྱིངས་ན་རྣམ་དཔྱོད་ཆུ་འཛིན་ལང་ལིང་འཁྲིགས། །
ལེགས་བཤད་གཏམ་གྱི་གད་རྒྱངས་རབ་སྒྲོག་མན་ངག་སྦྲང་ཆར་ཡོངས་གཏོར་བས། །
སྐལ་ལྡན་བློ་ཡི་པད་ཚལ་འབྱེད་ལ་འགྲན་གྱི་ཟླ་མེད་ཟུར་མཁར་བ། །
བློ་གྲོས་རྒྱལ་པོའི་རྣམ་དཔྱོད་རྩལ་ལ་བདག་བློ་དང་བའི་སྤུ་ལོང་གཡོ། །
མཁྱེན་པའི་བདག་པོའི་ཤེས་རབ་མ་ལུས་ཁྱོད་ཐུགས་བུམ་པར་བསྐྱིལ་མིན་ཞིང་། །
བརྩེ་ཆེན་པད་མོའི་སྙིང་རྗེའི་གོས་དཀར་གང་གི་སྐུ་ལ་བཀླུབས་པའང་མིན། །
ནུས་པའི་བདག་ཉིད་གོས་སྔོན་ཅན་གྱི་མཐུ་སྟོབས་བྱེ་བས་གཏམས་མིན་ཡང་། །
མཁྱེན་བརྩེ་ནུས་པའི་ཡོན་ཏན་མ་ལུས་དམ་པ་གང་ལ་ངང་གིས་འདུས། །
ཐོས་པའི་ཤེས་རབ་མེ་ལྕེ་རྣོན་པོས་རྨོངས་པའི་བུད་ཤིང་རྨང་ནས་བསྲེགས། །
བསམ་པའི་ཤེས་རབ་ཚོན་ཆ་རྣོན་པོས་ཕྱོགས་རེའི་དྲྭ་བ་དུམ་བུར་བཅད། །
སྒོམ་པའི་ཤེས་རབ་རྣམ་དཔྱོད་རྣོན་པོས་ལོག་རྟོག་ལྕགས་སྒྲོག་བསིལ་བུར་གཏུབས། །
ཐོས་བསམ་སྒོམ་པའི་ལུས་རྩལ་རབ་རྒྱས་འགྲན་མེད་མཁས་པའི་དབང་པོ་ཞིག། །
འཆད་པའི་དཔལ་གྱིས་གསོ་རིག་བསྟན་པར་དག་པ་གསུམ་གྱིས་བྱི་དོར་བྱས། །
རྩོད་པའི་རྩལ་གྱིས་རྒོལ་ངན་བྲག་རི་ལུང་དང་རིགས་པའི་དབལ་གྱིས་བཏུལ། །
རྩོམ་ལ་མཁས་པས་སྨན་རྒྱལ་བླ་མས་བདུད་རྩིའི་ཐིགས་པ་ཁྱོད་ལ་བསྩལ། །
མགོན་པོ་ཁྱོད་ཀྱི་གྲགས་སྙན་དཀར་པོ་དཔྱོད་ལྡན་བུ་ཡི་རྣ་བར་འཇེབས། །
བློ་གྲོས་རྩལ་གྱི་ལུས་སྟོབས་རབ་རྫོགས་རྣམ་དཔྱོད་ཆུ་གཏེར་ཡངས་པོ་ལས། །
གོ་སླའི་ཚིག་འཕྲེང་ཆུ་བོའི་རྒྱུན་བཞིན་མཛད་མཐའ་བྲལ་བ་ལེགས་ཕབ་པས། །
སྐྱེས་སྦྱངས་ཟུང་གི་ལུས་ཟུངས་མ་སྨིན་བློ་མིག་སྐམ་པའི་ཁྲོན་པ་ལ། །
ངོ་མཚར་བློ་བསྐྱེད་དབྱར་གྱི་མཚོ་བཞིན་གདུལ་བྱའི་བློ་ཡི་དཔལ་དུ་རྒྱས། །
གཞུང་དོན་འགྲེལ་ལ་འགྲན་ཟླ་བྲལ་བ་མཁས་པའི་དབང་པོ་ཁྱེད་ཉིད་ཀྱི། །
རྣམ་དཔྱོད་རྩལ་གྱིས་ཉེ་བར་བསྐྲུན་པའི་ལེགས་བཤད་དབྱར་རྔ་བསྒྲགས་པ་ན། །
ཤེས་རབ་གསུམ་གྱི་སྣང་བས་དབེན་པའི་རྨོངས་པའི་རྣ་བར་གཟན་ན་ཡང་། །
དཔྱོད་ལྡན་བུ་ལ་མཛད་མཐའ་བྲལ་བའི་རིག་པའི་ལེགས་སྐྱེས་སྟོན་མོར་བཤམས། །
ལེགས་པར་འགྲེལ་བའི་གཞུང་གི་དོན་རྣམས་དགོངས་དོན་ཇི་བཞིན་མ་རྟོགས་པར། །
ནེ་ཙོ་ལྟ་བུའི་ངག་འདོན་ཙམ་དང་འོལ་སྤྱི་ཚོད་དཔག་ཙམ་ཞིག་གིས། །
གནས་ལུགས་དོན་རྣམས་རྗེན་གཅེར་སྟོན་པའི་གཞུང་བཟང་ཡིད་བཞིན་ནོར་བུ་ལ། །
ཆགས་སྡང་སེམས་ཀྱིས་ཀུན་ནས་སྐུལ་བའི་དུག་གི་མདའ་མོ་མ་འཕེན་ཞིག།།
ཅི་སྟེ་ཁྱོད་ཉིད་དག་པའི་གནས་ལ་བློ་ཡི་འདབ་མ་རབ་གཡོ་ཞིང་། །
ལུས་ནད་གཉེན་པོའི་གནས་ལུགས་ཐམས་ཅད་མ་ཚང་མེད་པར་རྟོགས་འདོད་ན། །
ལུང་རིགས་དཔལ་གྱིས་བྱུར་བུར་གཏམས་པའི་གཞུང་བཟང་ཡིད་བཞིན་ནོར་བུ་འདིར། །
གུས་རྟག་བརྩོན་པས་ཚུལ་བཞིན་ཞུགས་དང་ད་གཟོད་ངེས་པ་རྙེད་པར་འགྱུར། །
ངག་དབང་ལྷ་མོས་བྱིན་གྱིས་བརླབས་སམ་འཇམ་དཔལ་སྨྲ་བའི་སེངྒེ་ཡི།།
དྲི་མེད་བློ་མཆོག་སྙིང་ལ་འཕོས་སམ་ཡང་ན་ཚེ་སྔོན་སྐྱེས་སྟོབས་ཀྱི།།
བག་ཆགས་དེ་དག་དུས་སུ་སད་པ་གང་ཡིན་གཅིག་ཏུ་མ་ངེས་ཀྱང་།།
དེང་སང་ཐོལ་བྱུང་སྙན་ཚིག་གྱེར་བའི་དོལ་སྨྱོན་ཀུན་གྱི་གྲལ་འགོར་བཞུགས།།
ངག་དབང་ལྷ་མོས་བྱིན་གྱིས་བརླབས་སམ་འཇམ་དཔལ་སྨྲ་བའི་སེངྒེ་ཡི།།
དྲི་མེད་བློ་མཆོག་སྙིང་ལ་འཕོས་སམ་ཡང་ན་ཚེ་སྔོན་སྐྱེས་སྟོབས་ཀྱི།།
བག་ཆགས་དེ་དག་དུས་སུ་སད་པ་གང་ཡིན་གཅིག་ཏུ་མ་ངེས་ཀྱང་།།
དེང་སང་ཐོལ་བྱུང་སྙན་ཚིག་གྱེར་ལ་དོལ་སྨྱོན་ཀུན་ཀྱི་གྲལ་འགོར་བཞུགས།།
དོལ་སྨྱོན་མཆོག
ཁྱེད་ཀྱི་སྙན་རྩོམ་ཚིགས་སུ་བཅད་པ་དག་བཀླགས་པས་ད་ལྟའི་བོད་ཀྱི་རིག་གཞུང་ཉམས་ཆག་ཏུ་འགྲོ་བའི་སྐབས་འདིར་འདི་ལྟ་བུ་གཟི་བརྗིད་དང་ལྡན་པའི་རྩོམ་ལ་བློ་གཟུ་བོར་གནས་པ་གངས་ཅན་པ་ཡོངས་ཀྱིས་ལེགས་གསོལ་བྱེད་དགོས་པར་མཐོང་།
སྐལ་ལྡན་བློ་ཡི་པད་ཚལ་འབྱེད་ལ་འགྲན་གྱི་ཟླ་མེད་ཟུར་མཁར་བ། །
བློ་གྲོས་རྒྱལ་པོའི་རྣམ་དཔྱོད་རྩལ་ལ་བདག་བློ་དང་བའི་སྤུ་ལོང་གཡོ། །
ཞེས་པའི་ནང་གི་བློ་གྲོས་རྒྱལ་པོ་དེ་ཛམ་གླིང་ན་ཡོངས་སུ་གྲགས་པའི་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་་སྙན་དངགས། ས་དབང་བཟང་པོ་དང་། བློ་གྲོས་རྒྱལ་པོ་་གཉིས་ཀྱིས་བསྒྱུར། ཞེས་གསལ་བ་དང་། བུ་སྟོན་ཆོས་འབྱུང་ན། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་མཚན་བྱང་མེད་པ་ལྟར་ན། གོང་གསལ་སྒྱུར་བ་པོ་གཉིས་ལས། ཟུར་མཁར་རྒྱལ་པོ་༡༥༠༩ལོར་འཁྲུངས་པ་ཟུར་མཁར་བ་བློ་གྲོས་རྒྱལ་པོ་ཡིན་པར་ངེས། སློབ་དཔོན་རྟ་དབྱངས་ཀྱི་མཛད་པའི་སྙན་དངགས་ཀྱི་བསྟན་བཅོས་སངས་རྒྱས་ཀྱི་སྤྱོད་པ་ཞེས་པ་དེ་དང་། མཛེས་དགའ་བོའི་སྙན་དངགས་ཆེན་པོ་ཞེས་པ་སྔོན་དུ་་བོད་སྐད་དུ་བསྒྱུར་མེད། དེ་ལ་ལེའུ་བཅོ་བརྒྱད་ཡོད་པ་ལས། ཝ་ར་ཎ་སིར་༡༩༦༥ལེའུ་དང་པོ་ལྔ་བདག་གིས་བསྒྱུར་ནས་ལུས་པ། སླར་༡༩༨༨ལ་སྒྱུར་བ་ལ་འཇུག་༡༩༩༢ ལོར་བསྒྱུར་གྲུབ་པ་ཝ་ཎ་བོད་ཀྱི་མཐོ་སློབ་ནས་་༡༩༩༩་ལོར་སྤར་པ་ལགས།
ལེགས་བཤད་གཏམ་གྱི་གད་རྒྱངས་རབ་སྒྲོག་མན་ངག་སྦྲང་ཆར་ཡོངས་གཏོར་བས། །འདིར་རབ་སྒྲོག་ལ་རབ་་སྒྲོགས་ཞེས་སའི་ཡང་འཇུག་ངེས་པར་དུ་དགོས་ཏེ། སྡེ་དགེ་བཀའ་འགྱུར་མདོ་ཧ་ཤོག་༣༠ན། ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་རྣམས་ནི་ཞེས་སོགས་མཐོང་བ་་དང་། དེ་བཞིན་ལྷམ་སྒྲོག་དང་ལྕགས་སྒྲོག་ལ་ཁྱེད་ཀྱིས་བཀོད་པ་བཞིན་ལེགས། བསྩལ་ཞེས་པར་བཀའ་འགྱུར་གྱི་དཔེ་དག་པ་ཞིག་ལ་གཏུགས་ཏེ་དག་པར་མཛོད་ཅིག
སོག་ནག་ཚང་ལ་བཏང་བ་ལ་ཁོང་གིས་གཟིགས་སམ་མ་གཟིགས་མ་ཤེས། འདི་ལ་ལན་མ་བྱུང་བ་ཞིག་ཡིན། ཁྱེད་ཀྱི་རྩོམ་དང་འབྲེལ་པ་མེད་ཀྱང་བློ་གྲོས་རྒྱལ་པོའི་བསྒྱུར་གཟིགས་སུ་ཕུལ།
ངས་དིང་སང་རྒྱུན་དུ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་སྙན་དངགས་ཆེན་པོ་ན། བོད་འགྱུར་དང་། ལེགས་སྦྱར་རྩ་བ་དང་། ཨིན་འགྱུར་བཅས་ཀློག་པ་ན་དོ་དགོངས་༢༠༡༡།༧།༣འདི་སྟེས་དབང་གིས་མཐོང་། སོག་ནག་ཚང་ཁྱེད་ལ་འདིའི་སྐོར་ལ་བཤད་པ་འདྲ་ཡོད་དམ།
སྔོན་ཡང་ཀ་ཤིའི་མཛེས་མ་ནི།
སྨད་འཚོང་མ་ཡིས་དྲང་སྲོང་ཆེ།
ལྷ་ཡིས་ཐུབ་པར་དཀའ་བ་ཡང༌།
དྲང་སྲོང་རྒྱས་པར་རྐང་པས་བརྡུངས།། ༡༦ །། ལེའུ་བཞི་པ་
དགེན་ལ་དྭགས་པ་མཆོག
ཕྲན་གྱི་སྙན་ངག་ལ་ཞིབ་འཇུག་དང་འབྲེལ་སེམས་ཤུག་སྤར་གནང་བ་ཐུགས་རྗེ་ཆེ།
སྙན་ངག་སྨྲ་བར་རློམ་པ་འགའི། །
ཁེངས་དྲག་རི་བོ་ཉིལ་བྱེད་པའི། །
ལེགས་རྩོམ་ཐོགས་མདའ་འཕངས་པ་ལ། །
བདག་གི་སེམས་པ་དགའ་ནས་ཡོད། །