• གུང་ཐང་འབྲུག་བྷེ།
_____བོད་ཀྱི་སྙན་ངག་པའི་མཚན་མོར་རོལ་རྗེས།
ནམ་རྒྱུན་ངས་ཁྱུང་ཆུའི་རྩྭ་ཐང་དུ་མི་ཞིག་ཡོད་པར་དྲན་གི་ཡོད
མི་དེ་དག་གི་མིང་ལ་ཐེའུ་རང་དང་གཉན་ཞེས་འབོད
ཁོ་ཚོས་ཤ་རུས་ཀྱི་གསེང་དང་བློ་མཆིན་པའི་གཏིང་ཞིག་ནས
རེ་བ་དང་འོད་ཟེར་གྱི་དཔལ་འབར་ཞིག་སྒྲོན་ཡོང
ཁོ་ཚོས་བཙོན་ཁང་གི་སྒོ་ཁ་དང་ལྕགས་སྒྲོག་གི་སུག་བར་ནས
རང་དབང་གི་ང་རོ་རེ་བོས་མྱོང
ཁོ་ཚོས་ཤེས་རབ་སྣ་ཚོགས་ཀྱིས་བཀྲུས་པའི་རྨི་ལམ་ལས
ཡིད་དུ་འོང་བའི་བོད་ཀྱི་སྙན་ངག་གི་མཚན་མོ
དོ་ནུབ ང་ཡི་སེམས་ལ་བརྗིད་སོང
ནམ་རྒྱུན་ངས་རྨ་ཆུའི་རྩྭ་ཐང་དུ་མི་ཞིག་ཡོད་པར་དྲན་གྱི་ཡོད
མི་དེའི་མིང་ལ་སྐྱབས་ཆེན་བདེ་གྲོལ་ཞེས་ཟེར
ཁོས་རྩོམ་རིག་ཅེས་པའི་བདག་ཉིད་ཆེན་མོ་འདིའི་མཛེས་སྡུག་རབ་ཏུ་སྒོམ་ནས
དོན་དམ་གྱི་རྐང་རྗེས་ཞིག་ཨེ་ཤ་ཡའི་སོག་སྲུབ་ཀྱི་མཐོ་སར་བརྩེངས་ཡོད
གངས་འདབས་ཀྱི་རླུང་འཚུབ་ཁྲོད་བརྡར་བའི་འགྲུལ་བཞུད་པ་ཁོ
བོད་ཀྱི་སྙན་ངག་གི་མཚན་མོའི་གཤོག་པར་འཐམ་ནས
གངས་རི་རིན་པོ་ཆེའི་ཡང་རྩེར་འཕུར་བར་བྲེལ་དུས
དོ་ནུབ ངས་ཁོང་སྙིང་ནས་དྲན་སོང
2016.7.26 ཉིན་ཨོ་སི་ཁྲི་ལི་ཡའི་རི་སྔོན་པོའི་འགྲམ་ནས།
ཡ་མཚན་པའི་སྙན་ངག་དགོངས་ཚོག་འདི་ལ་ང་རང་མཉམ་དུ་ཞུགས་ཡོད།
བོད་ཀྱི་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་ལ་མངོན་པར་བསྟོད།
༅༅། བོད་ཀྱི་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་ཞུ་བར་བཀྲིས་བདེ་ལེགས་དང་
བསྟོད་བསྔགས་ཀྱང་ཞུ།