ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།
ཀ་དག་གདོད་མའི་བཙན་ས་ཟིན།།
ཁ་དོག་རྩོད་གྲྭའི་ཐལ་སྐད་དབེན།།
ག་ས་གང་དུ་མཆིས་ན་ཡང་།།
ང་ཁྱོད་ཞེན་ལྟའི་ཆགས་ཞེན་བྲལ།།
ཅ་ཅོ་མོད་པའི་གྲོང་ཁྱེར་དུ།།
ཆ་ལུགས་ངེས་མེད་རྒྱུ་བའི་ཚེ།།
ཇ་ཆང་སྲེད་ཆགས་མ་ཆེ་ཡང་།།
ཉ་ཉོག་འཚམས་པའི་དགའ་སྐྱིད་རོལ།།
ཏ་ཟིག་ཡུལ་ནས་མ་བྱུང་ཞིང་།།
ཐ་དག་སྒྲུང་དུ་མ་སོང་བར།།
ད་འདས་མ་འོངས་བདེ་སྐྱིད་ཕྱིར།།
ན་མོ་མཆོག་གསུམ་སྣང་བས་འཚོ།།
པ་ལོ་ཅན་ལ་མ་སྡང་ཞིང་།།
ཕ་རོལ་ཀུན་ལ་བྱམས་སེམས་ཅན།།
བ་གླང་ཕྱུགས་ལས་ཆེས་ལྷག་པའི།།
མ་སྨད་ལང་ཚོ་རབ་ཏུ་བརྟས།།
ཙ་ཀ་ལི་ཡིས་མཚོན་མིན་པར།།
ཚ་གྲང་མཉམ་པའི་རྟུལ་ཞུགས་མཆོག།
ཛ་ཡའི་བསྟན་པའི་བློ་བདེ་ཉིད།།
ཝ་ལེར་སྙིང་གི་དཀྱིལ་ནས་བཞད།།
ཞྭ་ལྷམ་བཟང་པོའི་ལྟ་སྤྱོད་ལས།།
ཟ་འཐུང་ཁོ་ནས་ཆེད་མིན་པར།།
འ་ཅག་ཕན་བདེའི་རྒྱལ་མཚན་ཆེ།།
ཡ་རབས་བཟང་པོའི་བཞགས་པའོ།།
ར་རུ་ངན་པའི་གྲོགས་མི་འགྲོག།
ལ་ལུང་མཐུན་པའི་འཚོ་བ་རོལ།།
ཤ་ཁྲག་འབྲེལ་བའི་སེམས་ཅན་ཀུན།།
ས་ལམ་ཡོན་ཏན་རྫོགས་པར་སྨོན།།
ཧ་ཅང་དགའ་བའི་བློ་བདེའི་ངང་།།
ཨ་ཏིའི་ཟབ་དོན་མཇལ་བ་འདི།།
བསོད་ནམས་ཡེ་ཤེས་བསགས་པའི་བརྡའ།།
ཤྲཱིཿསྨྱོན་དགྱེས་པ་རྡོ་རྗེ་ཡིས།།
སྙིང་གྲོགས་རིག་འཛིན་སྐུལ་བའི་ངོར།།
དབྱིན་ཡུལ་ཛྙཱ་ནའི་ལྷ་ཁང་དུ།།
སྐར་ཆ་གཉིས་ཀྱི་རིང་ལ་བྲིས།།
༧སྐྱབས་རྗེ་དམ་པ་རིག་འཛིན་ནམ་མཁའ་རྒྱ་མཚོ་ལ་ན་མོ།
ཨེ་མ་ཧོ།
ཀ་དག་ལྷུན་གྲུབ་དགོངས་པ་ཅན།།
ཁ་སྦྱོར་བདུན་ལ་རང་བྱན་ཆུབ།།
ག་བུར་དབང་ལྟར་དུང་གསལ་བ།།
ང་ཡི་སྙིང་གི་ནོར་བུ་ལགས།།
ཅ་ཅོས་དབེན་པའི་གནམ་རྫོང་དུ།།
ཆ་ལུགས་ཆོལ་བའི་སྨྱོན་པ་ངས་།།
ཇ་ཆང་ཅི་དགར་རོལ་བའི་ཚེ།།
ཉ་གང་ཟླ་བཞིན་དག་རྫོགས་སྨིན།།
ཏ་ཐཱ་ག་ཏའི་བསྟན་པ་ལ།།
ཐ་སྙེད་དོན་དམ་འགལ་མེད་འཁན།།
ད་ལྟའི་འཇིག་རྟེན་སྒྲོན་མེ་ལ།།
ན་མོ་སྒོ་གསུམ་གུས་པས་བསྟོད།།
པ་ལོ་གནག་སྣུམ་བརྗིད་པའི་སྐུ།།
ཕ་མེས་རྒྱུད་པའི་རིག་པ་འཛིན།།
བཛྲ་ཐེག་པའི་ཤིང་རྟ་ཆེ།།
མ་ལུས་འགྲོ་བའི་དེད་དཔོན་རྒྱལ།།
ཙྭ་རིར་གཉན་ས་རི་ཁྲོད་འགྲིམས།།
ཚ་གྲང་དཀའ་སྤྱད་རྒྱ་ཆེན་མཛད།།
ཛ་ཡའི་བསྟན་པའི་སྙིང་པོ་ཉིད།།
ཝ་ལེར་མཁྱེན་དང་བརྩེ་བས་བརྟས།།
ཞྭ་འདོག་རིས་མེད་དག་སྣང་ཅན།།
ཟ་བེར་ཆོས་གོས་ཕོད་ཀ་གསོལ།།
འ་ཅག་རྡོ་རྗེ་འཆང་གི་རིགས།།
ཡ་རབས་ཁྱེད་འདྲར་སྲིད་འདིར་དཀོན།།
ར་བ་གངས་ཀྱིས་མཛེས་པ་ནས།།
ལ་རྒྱའི་དཔའ་བོ་ཁྱེད་རེ་དྲན།།
ཤ་རུས་གཅིག་པུའི་ཕུ་བོ་མཆོག།
ས་སྐྱོང་དཔོན་ལས་བཀའ་དྲིན་ཆེ།།
ཧ་ཤང་མ་ཧཱ་ཡ་ན་དང་།།
ཨ་ཏིའི་དགོངས་དོན་ལེགས་བཤད་ལ།།
ཧ་ཅང་དགའ་བའི་གྲོགས་མཆེད་ཉིད།།
ཨ་བུའི་སྙིང་གི་གཅེས་ཕྲུག་ཡིན།།
ཨི་ལྡན་དབྱངས་གསལ་མཆོད་པ་འདི།།
ཨུ་ཚུགས་མ་དགོས་ཐོལ་གྱིས་ཐལ།།
ཨེ་མ་ཧོ་ཡིས་གསོལ་འདེབས་བཅས།།
ཨོ་རྒྱན་པདྨས་རྟག་སྐྱོབ་སྨོན།།
༡༥/༡༢/༢༠༡༨་ལའོ།།
དཔལ་སངས་རྒྱས་ཀུན་འདུས་བླ་མ་མཁྱེན།
ན་མོ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།
སྐྱབས་སངས་རྒྱས་ཀུན་འདུས་བླ་མ་མཁྱེན།།
བུ་དམ་ཚིག་ཅན་ལ་རྟག་ཏུ་མགོན།།
ཆོས་རྫོགས་པ་ཆེན་པོའི་བསྟན་པ་འདི།།
ཕྱོགས་ཀུན་ཏུ་འཛིན་སྐྱོང་སྤེལ་ནུས་ཤོག།
རྗེ་ཀུན་མཁྱེན་བརྒྱུད་པའི་བླ་མ་མཁྱེན།།
མི་སྤྲང་འཁྱམ་དཔལ་དགྱེས་རྡོ་རྗེ་ངས།།
ལས་རབ་འབྱམས་ཨེ་ཝཾ་ཆོས་སྡེ་ཉིད།།
རྩལ་བདེ་མྱུར་ཕྱོགས་ལས་རྣམ་རྒྱལ་མཛོད།།
གཞི་ཀ་དག་སྤྲོས་བྲལ་ངོ་བོ་ལ།།
ལམ་འོད་གསལ་ལྷུན་གྲུབ་རང་བཞིན་འཆར།།
དོན་རིག་འཛིན་མཁའ་འགྲོའི་ཐུགས་རྗེའི་དཔལ།།
མ་འགྲོ་བའི་ཕན་བདེ་ལྷུན་གྱིས་གྲུབ།།
སྐུ་འགྱུར་མེད་མཚན་དཔེའི་ལང་ཚོ་བཞད།།
གསུང་འགགས་མེད་ཚངས་དབྱངས་ཆོས་སྒྲ་སྒྲོགས།།
ཐུགས་རྗེ་མཚུངས་མེད་རྒྱལ་བ་རྒྱ་མཚོའི་བདག།
ཕ་བླ་མ་སངས་རྒྱས་ཀུན་འདུས་མཁྱེན།།
མ་འགྲོ་ཀུན་འདྲེན་པའི་བླ་མ་ཉིད།།
བྱམས་སྙིང་རྗེའི་དབང་ཕྱུག་རོལ་པ་ཤར།།
ཕ་རིག་འཛིན་བརྒྱུད་པའི་བྱིན་རླབས་ཀུན།།
བུའི་སྙིང་ལ་བསྩལ་བར་བཀའ་དྲིན་ཆེ།།
དུས་ད་ནས་བྱང་ཆུབ་སྙིང་པོའི་བར།།
ཕྱི་ནམ་མཁའ་ཆགས་འཇིག་མ་སོང་བར།།
ནང་འཁོར་བའི་འཇིག་རྟེན་མ་སྟོང་བར།།
དོན་ཕྱིན་བཅུ་ནམ་ཡང་འདོར་མི་བྱ།།
སྐྱབས་ཀུན་འདུས་བླ་མ་སྤྱི་བོར་བཀུར།།
ཆོས་ཀུན་འདུས་ཡི་དམ་མགྲིན་པར་གསལ།།
གྲོགས་ཀུན་འདུས་མཁའ་འགྲོར་སྙིང་ནས་བརྩེ།།
གནད་ཀུན་འདུས་ཆོས་སྐྱོང་ཕྲིན་ལས་སྤེལ།།
ད་འཆི་ཡང་དགའ་སྤྲོའི་ངང་ནས་འཆི།།
ད་གསོན་ཡང་བདེ་སྐྱིད་ངང་དུ་འཚོ།།
ད་ཤི་གསོན་ཅི་བྱུང་དགའ་ཡ་ལེ།།
ད་དལ་འབྱོར་མི་ལུས་སྙིང་པོ་ལོན།།
ལུས་འཇའ་ལུས་འཕོ་ཆེན་འགྲུབ་པ་དང་།།
ངག་སྡེ་སྣོད་ཆོས་སྒྲའི་རྔ་ཆེན་བསྒྲགས།།
སེམས་བདུད་བཞིའི་གཞན་དབང་མི་འགྲོ་བར།།
ལྷ་རྩ་གསུམ་སྲུང་མས་རྟག་སྐྱོབས་མཛོད།།
ཤར་གངས་ཅན་ཡུལ་ནས་འཁྲུངས་པའི་བུ།།
ལྷོ་འཛམ་གླིང་ཁ་ལོ་བསྒྱུར་མཁས་པ།།
ནུབ་དབྱིན་རྒན་དཔལ་དགྱེས་རྡོ་རྗེ་ཡིས།།
བྱང་ཀུན་བཟང་གྲོགས་ལ་ཕན་ཕྱིར་གདམས།།
རབ་གནས་ས་ཁྱིའི་མགོ་ཟླའི་ཡར་ངོའི་ཚེས་པ་བཅུ་ལ་ཀུན་བཟང་ངོར་ཨེ་མ་ཧོས་དབྱིན་ཡུལ་ཛྙཱ་ན་གུ་རུའི་ལྷ་ཁང་བས་གུས་པས་ཕུལ་བར་དགེའོ།། སྤྱི་ལོ་༢༠༡༨་ཟླ་བ་༡༢་ཚེས་༡༧་ལའོ།།