ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཁམས་ཚ་བ་མཛོ་སྒང་རྫོང་སྟོང་འབར་ཡུལ་ཚོའི་གེ་བ་གྲོང་ཚོ་རུ། རྒྱ་ནག་གཞུང་གིས་རྒྱལ་མོ་དངུལ་ཆུའི་ཉེ་འགྲམ་དུ་གཏེར་ཁ་སྔོག་འདོན་གྱི་ལས་འཆར་ལ་ངོ་རྒོལ་བྱེད་མཁན། བོད་མི་བློ་བཟང་ཡེ་ཤེས་ལགས་ལྷ་སའི་ཆུ་ཤུལ་བཙོན་ཁང་ནང་འདས་གྲོངས་སུ་གྱུར་འདུག
དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༧ ཉིན་ཁམས་ཚ་བ་མཛོ་སྒང་རྫོང་། སྟོང་འབར་ཡུལ་ཚོའི་ཡུལ་མི་ཚོས་རྒྱ་ནག་གཞུང་གི་རྒྱལ་མོ་དངུལ་ཆུའི་ཉེ་འགྲམ་དུ་གཏེར་ཁ་སྔོག་འདོན་གྱི་ལས་འཆར་ལ། ངོ་རྒོལ་ཤུགས་ཆེན་བྱེད་སྐབས་རྒྱལ་གཅེས་པ་འཕགས་པ་རྒྱལ་མཚན་ལགས་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་དང་། རྒྱལ་གཅེས་པ་རིག་འཛིན་ལགས་ཀྱིས་ཀྱང་རང་ལུས་ལ་གྲི་བརྒྱབ་ནས་རྒྱ་གཞུང་གི་གཏེར་ཁ་སྔོག་འདོན་གྱི་ལས་འཆར་དེར་ངོ་རྒོལ་གནང་བ་སོགས་ལ་བརྟེན། ཟླ་དེའི་ཕྱི་ཚེས་ ༩ དང་ ༡༠ ཉིན་གཉིས་རིང་གེ་བ་སྡེ་བའི་སྡེ་དཔོན་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་པ་བློ་བཟང་ཡེ་ཤེས་ལགས་སོགས། མི་རྒན་པ་འགའི་སྣེ་ཁྲིད་འོག་སྟོང་འབར་ཡུལ་ཚོའི་བོད་མི་རྒན་གཞོན་བར་གསུམ་གྱིས་ངོ་རྒོལ་མུ་མཐུད་གནང་སྐབས། ཆབ་མདོ་ཁུལ་དང་མཛོ་སྒང་རྫོང་སོགས་ནས་ཉེན་རྟོག་པ་དང་དམག་མི་ཡོང་ནས་འཇིགས་སྐུལ་བྱས་ཀྱང་ཡུལ་མི་ཚོས་དང་ལེན་མ་བྱས་སྟབས། ཁུལ་དང་རྫོང་སོགས་ཀྱི་དཔོན་རིགས་འགའ་འབྱོར་ཏེ་ནང་འགྲིག་བྱེད་དགོས་ཞེས་བཤད་དེ་གྲོང་མི་རྣམས་སོ་སོའི་ནང་ལ་ལོགས་བཅུག་རྗེས། ཕྱི་ཚེས་ ༡༢ ཉིན་སྡེ་དཔོན་སོགས་མི་བདུན་ཙམ་མཛོ་སྒང་རྫོང་དུ་བཙན་ཁྲིད་ཀྱིས་ལོ་གཅིག་མ་ཟིན་ཙམ་གྱི་རིང་འདྲི་རྩད་བཀག་ཉར་དང་། ཉེས་རྡུང་ཚད་མེད་བཏང་བ་སོགས་དཀའ་ངལ་བཟོད་ཐབས་བྲལ་བ་བཟོས་འདུག
དེ་རྗེས་ཆབ་མདོ་ལ་ཁྲིད་ནས་ཟླ་གཅིག་ཙམ་བཀག་ཉར་དང་། དེ་རྗེས་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་ཁྲིད་ནས་ཕྱི་ལོ་ ༢༠༡༥ ཟླ་ ༥ པའི་ནང་ཁོང་དང་། ཁོང་གི་རོགས་པ་ངག་བཀྲ་ལགས། དེ་བཞིན་ཆོས་ལུག་བསྟན་འཛིན་ལགས་བཅས་ཁོང་གསུམ་ལ་ལོ་གཉིས་རེའི་ཁྲིམས་ཐག་བཅད་ནས་ཁོང་གཉིས་ད་དུང་བཙོན་ཁང་དུ་ཡོད་འདུག བཙོན་ཁང་ནང་བློ་བཟང་ཡེ་ཤེས་ལགས་ལ་ཉེས་རྡུང་ཚད་མེད་བཏང་བའི་དབང་གིས་མགོ་ཡུ་འཁོར་བ་སོགས་གཟུགས་པོ་ནད་གཅོང་དུ་གྱུར་ནས། ཉེ་ཆར་ཁོང་ལྷ་སའི་ནང་ཛ་དྲག་སྨན་ཁང་ཞིག་ཏུ་ཁྲིད་ཡོད་འདུག་ཀྱང་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༩ ཉིན་གྱི་བོད་ནང་གི་ཆུ་ཚོད་གཉིས་པ་ཡས་མས་ཤིག་ལ་འདས་གྲོངས་སུ་གྱུར་ཡོད་འདུག
ཁོང་འདས་གྲོངས་ཕྱིན་རྗེས་སྐུ་ཕུང་ནང་མི་ལ་རྩིས་སྤྲོད་བྱས་མེད་པ་མ་ཟད་ཉེ་འགྲམ་ལ་ཡང་འགྲོ་བཅུག་མི་འདུག སྤུན་མཆེད་ཚོས་ཞུ་བ་འཐེན་རྗེས་གྲྭ་བ་གཅིག་བསྔོ་སྨོན་གསུང་སར་ཕུང་པོའི་འགྲམ་ལ་བཏང་བ་མ་གཏོགས་དེ་མིན་སྤུན་མཆེད་གཅིག་ཀྱང་བཏང་མི་འདུག
སྐུ་ཕུང་མེར་སྲེག་གཏོང་སྐབས་ཀྱང་སྤུན་མཆེད་གཉིས་ལས་ལྷག་ཡོང་མི་ཆོག་ཅེས་བརྗོད་འདུག རྒྱ་གཞུང་གི་རྒྱལ་མོ་དངུལ་ཆུའི་ཉེ་འགྲམ་དུ་གཏེར་ཁ་སྔོག་འདོན་གྱི་ལས་འཆར་ལ་ཁུལ་དེའི་བོད་མི་ཚོས་ངོ་རྒོལ་ཐེངས་མང་བྱས་ཡོད་པ་དང། ས་ཁུལ་དེར་ད་དུང་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་འདུག།
བློ་བཟང་ཡེ་ཤེས་ལགས་ནི་རང་ལོ་ ༦༠ ཙམ་ཡིན་པ་དང་། རྣམ་ཀུན་ཀུན་སྤྱོད་བཟང་ཞིང་། ཐུགས་སེམས་ཆུང་བ་དང་། མང་ཚོགས་ཀྱི་བདེ་སྡུག་ལ་བསམ་ཤེས་གནང་མཁན་ཞིག་ཡིན་སྟབས། ས་གནས་མང་ཚོགས་རྣམས་ཀྱིས་ཧ་ཅང་དགའ་མོས་ཆེན་པོ་བྱེད་ས་ཞིག་རེད་འདུག ཁོང་གི་པཱ་ལགས་དམ་པའི་མཚན་ལ་བསོད་ནམས་དབང་ཕྱུག་ཞུ་བ་དང་། པཱ་ལགས་ཀྱང་མང་ཚོགས་ཀྱིས་དགའ་མོས་ཆེན་པོ་བྱེད་ས་ཞིག་རེད་འདུག པཱ་ལགས་དགོངས་པ་རྫོགས་རྗེས་ས་གནས་མང་ཚོགས་ནས་མུ་མཐུད་དེ་ཁོང་གི་བུ་བློ་བཟང་ཡེ་ཤེས་ལགས་ལ་ཡང་དགའ་མོས་བྱས་ཏེ་ག་དུས་ཡིན་རུང་འོས་ཤོག་འཕེན་ཏེ་མང་ཚོགས་ཀྱི་སྣེ་ཁྲིད་པར་བསྐོ་གཞག་བྱས་སྟབས། མི་ཚོས་ཁམས་ཚ་བ་མཛོ་སྒང་རྫོང་སྟོང་འབར་ས་ཁུལ་གེ་བ་སྡེ་པའི་སྡེ་དཔོན་བློ་བཟང་ཡེ་ཤེས་ཞེས་འབོད་ཀྱི་ཡོད་འདུག
བློ་བཟང་ཡེ་ཤེས་ལགས་སུ་ཕ་གཅིག་མ་གཅིག་གི་སྤུན་བུ་གསུམ་ཡོད་པའི་མིང་ལ་རིན་ཆེན་དང་། པདྨ་བསྟན་འཛིན། དངོས་གྲུབ་ཞེས་ཟེར་ཞིང་། ཕྲུ་གུ་བདུན་བརྒྱད་ཞིག་ཡོད་པའི་ཁྲོད་ནས་བུ་མོ་གཅིག་ད་ལྟ་རྒྱ་གར་ནང་སློབ་སྦྱོང་བྱེད་མུས་ཡིན་འདུག
བོད་ནང་ལ་བོད་མི་ལར་རྒྱ་ཅན་པོས་བོད་མི་རིགས་ཀྱི་དོན་དུའཇིག་རྟེན་འདི་ནས་་ཕེབས་འགྲོ་བཞིན་འདུག། བཙན་བྱོལ་ནང་གི་བོད་མི་ཚོས་དབུ་མ་དང་རང་བཙན་སོགས་ནང་འཁྲུགས་རྐྱང་པའི་མི་ཚེ་སྐྱེལ་བཞིན་ཡོད།
ཁོང་དང་ཁོང་འདྲ་བའི་བོད་མི་མང་པོ་ཞིག་ཉེས་མེད་རྒྱའི་བཙན་འོག་ཏུ་ཚུད་ནས་དམྱལ་སྤྱོད་མིའི་ཡུལ་དུ་སྤེལ་བཞིན་པ་འདི་དག་ནི་བཟོད་ཐབ་བྲལ་བ་ཞིག་རེད། འོན་ཀྱང་ངེད་ཚང་ལ་ནུས་པ་མེད་པས་བྱེད་ཐབ་བྲལ།