དྲི་བ། ད་ལྟའི་སྐབས་ཁྱེེད་རང་བཀའ་བློན་ཁྲི་པའི་འོས་གཞིའི་ནང་མིང་འདོན་བྱེད་མཁན་གང་མང་ཞིག་ཡོད་པས། འདིའི་ཐད་ལ་ཚོར་སྣང་ག་རེ་འདུག་གམ།
ལན། ངའི་མིང་བཀའ་ཁྲིའི་འོས་གཞིའི་ནང་ཐོན་པར་གུས་བརྩི་བྱེད་ཀྱི་ཡོད་ལ།ང་ལ་རྒྱབ་སྐྱོར་དང་སྐུལ་ལྕག་གནང་མཁན་བོད་མི་ཚོར་སྙིང་ནས་བཀའ་དྲིན་ཆེ་ཞེས་ཞུ་འདོད་བྱུང་། བཀའ་བློན་ཁྲི་པའི་འོས་འཕེན་ནང་རྒྱལ་ཁ་ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང།ད་ལྟའི་སྐབས་ངས་བོད་ཀྱི་རྩ་དོན་གྱི་ཆེད་དུ་ལས་ཀ་བྱེད་བཞིན་པ་ལྟར།མ་འོངས་པར་བོད་མི་དེ་དག་གི་རེ་བ་བཞིན་བོད་ཀྱི་རྩ་དོན་གྱི་ཆེད་དུ་ལས་ཀ་གང་ཐུབ་པ་དེ་བྱེད་ཀྱི་ཡིན། འོས་ཤོག་ཐོབ་དང་ཤོར་ཟེར་བ་ནི་གང་ཟག་གཅིག་ཁོ་ན་གལ་ཆེན་དུ་མི་འཛིན་པར།དེ་ལས་ཀྱང་གལ་ཆེ་བ་ནི་བོད་ཀྱི་མང་གཙོའི་སྒྲོམ་གཞི་ཡར་རྒྱས་འགྲོ་བར་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ངས་མུ་མཐུད་ནས་རང་ཉིད་ཀྱི་ལས་དོན་དེ་ཕྱོགས་གང་ཐད་ནས་བསྒྲུབ་རྒྱུ་ཡིན།
དོན་དངོས་ཐོག་ངའི་རྒྱབ་ལྗོངས་ལ་བལྟས་པ་ཡིན་ན། བཙན་བྱོལ་ནང་གི་གཞིས་ཆགས་སུ་འཚར་ལོངས་བྱས། དེ་བཞིན་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཞིག་ཏུ་སློབ་སྦྱོང་བྱས་ནས་ཡོང་བའི་བོད་ཕྲུག་གཅིག ད་ལྟའི་སྐབས་བཀའ་ཁྲིའི་འོས་གཞིའི་ནང་ཐོན་པ་འདི་ནི། རང་ཉིད་ཀྱི་མཐོང་ཚུལ་ལྟར་ན་འདས་པའི་བཙན་བྱོལ་ནང་གི་མི་ལོ་ ༥༠ རིང། བོད་པའི་སྤྱི་ཚོགས་དེ་ཡར་རྒྱས་སོང་བའི་རྣམ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འདི་ཡང་༧གོང་ས་མཆོག་གིས་སྐུ་ངལ་འཛེམས་མེད་ཀྱི་གཟིགས་རྒྱང་རིང་པོས་བསྒྱུར་བཅོས་གནང་བ་དང། སྤྱི་ཚོགས་སུ་མང་གཙོའི་ལམ་ལུགས་ཕྱག་བསྟར་གནང་བའི་བཀའ་དྲིན་གྱིས་ཡིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཁ་གསལ་པོའི་ཐོག་ནས་འགྲེལ་བརྗོད་བྱས་ཡོད་པ་ནི། བོད་མི་སུ་འདྲ་ཞིག་རང་ལོ་ ༣༥ བརྒལ་ཡོད་ན། བཙན་བྱོལ་བོད་གཞུང་གི་ཆེས་མཐོ་བའི་བཀའ་ཁྲིའི་ལས་གནས་དེའི་ནང་འཛུལ་ཞུགས་བྱེད་ཆོག་པ་རེད།
༢ དྲི་བ། ཁྱེད་རང་བཀའ་བློན་ཁྲི་པ་གནང་འདོད་ཡོད་པ་འདིས། སྤྱིའི་ཆ་ནས་ཁྱེད་རང་ལ་དོ་སྣང་བྱེད་མཁན་མང་པོ་ཡོང་ཡོད་པ་དང། བོད་མི་མང་པོ་ཞིག་གིས་འདས་པའི་ལོ་ ༡༥ རིང་ཁྱེད་རང་གིས་ཨ་རིའི་ནང་ག་རེ་བྱེད་ཀྱི་ཡོད་མེད་ཤེས་འདོད་ཡོད་རེད།
ལན། ང་ཨ་རིའི་སློབ་ཡོན་འཆར་འགོད་ Fulbright Scholarship འོག་ནས་ ༡༩༩༥ ལོར་ཨ་རིར་འབྱོར་ཡོད་པ་དང། དེ་ནས་ཨ་རིའི་ཧར་ཝར་ཌིའི་ཁྲིམས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཞུགས་པ་རེད། དེའི་ནང་སློབ་དཔོན་ Masters གྱི་སློབ་མཐར་ཕྱིན་སྐབས། ཧར་ཝར་གཙུག་ལག་སློབ་གྲྭ་ནས་སློབ་ཡོན་གནང་ནས་འབུམ་རམས་ Ph.D པའི་སློབ་སྦྱོང་བྱས་པ་ཡིན། ༢༠༠༤ ལོར་འབུམ་རམས་པ་སློབ་མཐར་ཕྱིན་སྐབས། ངས་བོད་གཞུང་ཤེས་རིག་ལས་ཁུངས་ལ་སྙན་ཞུ་ཞིག་ཕུལ་ནས། ངས་བྱེད་བཞིན་པའི་རྒྱ་བོད་ཀྱི་ཆེས་མཐོའི་དཔོན་རིགས་ཚོའི་དབར་ཐུག་འཕྲད་སོགས་ལས་ཀའི་སྐོར་ཞུས་པ་དང། དེ་ནས་འབྱུང་འགྱུར་ཇི་ལྟར་བྱེད་དགོས་མིན་ཐད་ལ་ལམ་སྟོན་ཞུས་པ་ཡིན། ༢༠༠༥ ཟླ་ ༦ ཚེས་ ༡༧ ཉིན་ཤེས་རིག་ལས་ཁུངས་ཀྱི་ངོས་ནས། ང་ལ་བྱེད་བཞིན་པའི་རྒྱ་བོད་ཀྱི་ཆེས་མཐོའི་དཔོན་རིགས་ཚོའི་དབར་ཐུག་འཕྲད་སོགས་ཀྱི་ལས་དོན་སྒྲུབ་ཀྱི་ཡོད་པ་དེ། བོད་དོན་དང་འབྲེལ་བའི་སྤྱི་ཚོགས་ཞབས་ཞུ་ལ་ངོས་འཛིན་གནང་སྟེ། ལས་གནས་དེའི་ཐོག་མུ་མཐུད་དགོས་པའི་དཀའ་རྒྱ་ཕེབས་སྐབས། ཨ་རིའི་སློབ་ཡོན་ལས་གཞི་ཁང་ Fulbright Program གིས་ངས་བྱེད་བཞིན་པའི་རྒྱ་བོད་ཀྱི་ཆེས་མཐོའི་དཔོན་རིགས་ཚོའི་དབར་བགྲོ་གླེང་སོགས་ལ་ལྷག་བསམ་རྣམ་དག་གི་ཐོག་ནས་རྒྱབ་སྐྱོར་གནང་སྟེ། ༢༠༠༧ ཟླ་ ༢ ཚེས་ ༡༣ ཉིན་ཨ་རི་གཞུང་གིས་ང་རྒྱ་གར་ནང་ལོག་ནས་སྒྲིག་གཞི་ལྟར་ལས་ཀ་བྱེད་དགོས་པ་དེར་དམིགས་བསལ་གནང་ནས། ངའི་ཐོང་མཆན་ལག་འཁྱེར་ཕྱིར་འགྱངས་གནང་ཡོད་པ་རེད། དེ་ནས་ཨ་རིའི་ཧར་ཝར་ཁྲིམས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཉམས་ཞིབ་པའི་ལས་ཀ་གནང་བ་དང། ༢༠༠༨ ལོར་ཁྲིམས་ཀྱི་ཉམས་ཞིབ་པ་རྒན་གྲས་ཀྱི་ཁོངས་སུ་བཏང་ཡོད་པ་རེད། ང་རྒྱ་གར་དང་ཡུ་རོབ་སོགས་རྒྱལ་ཁབ་གཞན་དག་ནང་འགྲོ་སྐབས། ད་དུང་ཡང་སྐྱབས་བཅོལ་བའི་ལག་དེབ་སེར་པོའི་ཐོག་འགྲོ་བཞིན་ཡོད།
གཙུག་ལག་སློབ་ཐོན་གྱི་གནས་བབས་འདིའི་འོག་ནས། འདས་པའི་མི་ལོ་ ༡༥ རིང་ཧར་ཝར་ཌིའི་ནང་གི་འཛིན་གྲོགས་ཁྲིམས་རྩོད་པ་མང་ཆེ་བ་དང་གཅིག་མཚུངས་ལྟར། ངས་ཡོང་འབབ་ཆེ་བའི་དཔལ་འབྱོར་འདུ་འགོད་ཀྱི་ལས་དོན་བསྒྲུབས་ཆོག་ཀྱང། དེ་དོན་ཆེན་དུ་མི་བརྩི་བར་བོད་མི་དང་བོད་ཀྱི་རྩ་དོན་ལ་གང་ཕན་ཐོགས་ཆེ་ཤོས་ཡོད་པ་དེའི་ཐོག་སྲ་བརྟན་ངང་བསྡད་པ་ཡིན། དེ་བཞིན་རྒྱ་ནག་གི་ཐོག་ལ་མཁྱེན་རྒྱ་ཡངས་པའི་མཁས་དབང་དང། རྒྱལ་སྤྱིའི་ཆབ་སྲིད་མི་སྣ། མང་གཙོའི་ཁྲིམས་ཀྱི་ལམ་ལུགས། དཔོན་རིགས། རྩོད་རྙོག་འདུམ་སྒྲིག འགྲོ་བ་མིའི་ཐོབ་ཐང། ནུབ་ཕྱོགས་པའི་བསམ་བློ་སྨྲ་བ་སོགས། གང་ཞིག་གིས་བོད་ཀྱི་གནད་དོན་ལ་ནུས་ཤུགས་རྒྱས་ཐུབ་ན། དེའི་ཕྱོགས་སུ་ལས་དོན་བསྒྲུབས་པ་དང་འབྲེལ་ལམ་འཛིན་གྱི་ཡོད། དུས་ཚོད་ཚང་མ་བོད་ཀྱི་ལས་དོན་ཐོག་ཏུ་གཏོང་གི་ཡོད་ལ། རྒྱུན་ལྡན་ནས་བོད་ཀྱི་གནད་དོན་འདིར་འགྱུར་ལྡོག་འགྲོ་ཆེད་དུ་འཛམ་གླིང་གི་རྒྱལ་ཁབ་གང་སར་འགྲོ་ཡི་ཡོད།
༣ དྲི་བ། ཁྱེད་རང་གི་མི་ཚེའི་ནང་སློབ་སྦྱོང་སོགས་ཀྱི་ཐད་གྲུབ་འབྲས་རླབས་པོ་ཆེ་མང་པོ་ཐོན་ཡོད་པ་དེ། སུ་ཡི་བཀའ་དྲིན་ལ་བརྟེན་ནས་བྱུང་ཡོད་དགོངས་ཀྱི་ཡོད་དམ།
ལན། ངས་དྲན་སོས་པ་ཞིག་ལ་ ༢༠༠༤ ལོར་ང་སློབ་མཐར་ཕྱིན་པའི་སྐབས། ནིའུ་ཡོག་བོད་ཀྱི་དོན་གཅོད་ཁང་དུ་ཕྱག་ལས་གནང་མྱོང་མཁན་ངའི་གྲོགས་པོ་དམ་པ་བསྟན་དར་ལགས་ཀྱིས་དྲི་བ་འདི་འདྲ་བ་ཞིག་དྲིས་བྱུང། དེའི་ལན་དེ་ཁོང་གིས་ཕ་ཡུལ་དྲ་རྒྱའི་ནང་ http://www.phayul.com/news/article.aspx?id=7093&t= བཀོད་འདུག སྐབས་དེར་ངས་དོན་ཚན་གསུམ་བགྲང་པ་ཡིན། དེ་ཡང་དང་པོ། གཞལ་ཐབས་མེད་པའི་༧གོང་ས་མཆོག་གི་བཀའ་དྲིན་དང་། གཉིས་པ། ངས་མཐོ་སློབ་ནང་སློབ་སྦྱོང་བྱས་པ་ལས། གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སློབ་སྦྱོང་མང་བ་བྱས་པ་དེའི་གནད་དོན་རྩ་བ་ནས་མི་ཤེས་མཁན་ཕ་མ་གཉིས་ཀྱིས་སློབ་སྦྱོང་གི་ཐད་ལ་གཟིགས་སྐྱོང་བྱས་པའི་བཀའ་དྲིན། གསུམ་པ། ང་ལ་སློབ་སྦྱོང་སོགས་ཀྱི་མཐུན་རྐྱེན་གང་ཡང་མེད་པའི་སྐབས་སུ། ༧གོང་ས་མཆོག་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་གིས་ང་ལ་སློབ་སྦྱོང་སོགས་ཀྱི་མཐུན་རྐྱེན་སྦྱར་ནས་འཚར་ལོངས་བྱུང་པ་རེད། ད་ལྟ་རང་ཉིད་ཀྱི་རྐང་པའི་ཐོག་ནས་ཆེད་ལས་པ་དང། རིགས་གཅིག་རྐང་འཛིན་གྱི་ཐོག་ནས་དངོས་སུ་ལངས་ཐུབ་པའི་སྐབས། སྔོན་གྱི་མི་རྒན་པ་ཚོས་དཀའ་ལས་བརྒྱབ་ནས་བཙུགས་ཡོད་པའི་བོད་གཞུང་དང་། བོད་མིའི་ལས་འགུལ་ཁག་ལ། རང་ཉིད་ཀྱི་ནུས་ཤུགས་ཡོངས་རྫོགས་བཏོན་ནས་ཞབས་ཕྱི་བསྒྲུབ་རྒྱུའི་དམ་བཅའ་བརྟན་པོ་ཡོད་ལ། དེ་བཞིན་ཞབས་ཕྱི་བསྒྲུབས་པའི་གྲུབ་འབྲས་ཡང་གང་འཚམ་ཐོན་ཡོད་བསམ་གྱི་འདུག
༤ དྲི་བ། ༢༠༡༡ བཀའ་ཁྲིའི་འོས་གཞིའི་ནང་ཁྱེད་རང་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་གཉིས། དྲ་རྒྱ་དང་ཟིན་བྲིས་སོགས་སུ་བགྲོ་གླེང་མང་པོ་འགྲོ་བཞིན་པ་རེད། དཔེར་ན། ཉེ་དུས་བཀའ་བློན་ཁྲི་པའི་དྲ་རྒྱ་ www.kalontripa.org. བརྒྱུད་ནས་འོས་འཕེན་སྐབས། ཁྱེད་རང་གཉིས་སྔོན་ལ་རེད་འདུག་པས་འདིའི་ཐད་ལ་དགོངས་ཚུལ་ག་རེ་ཡོད་དམ།
ལན། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་མཉམ་དུ་འོས་འཕེན་དེ་ལྟར་བྱུང་ཡོད་པ་དེ་དགའ་འོས་པ་ཞིག་རེད། ངས་ཁོང་ཡག་པོ་ངོ་ཤེས་ཀྱི་ཡོད་ལ་གུས་ཞབས་ཀྱང་བྱེད་ཀྱི་ཡོད། སྤྱིའི་ཆ་ནས་དྲ་ལམ་ཐོག་ནས་དེ་ལྟར་བྱུང་ཡོད་པར་འགྲེལ་བཤད་རྒྱག་རྒྱུ་སྔ་དྲགས་པ་རེད་བསམ་གྱི་འདུག གང་ཡིན་ཞེ་ན། དྲ་རྒྱ་དང་ཟིན་བྲིས། མྱུར་འཕྲིན་སོགས་བེད་སྤྱོད་གཏོང་མཁན་མང་ཆེ་བ་བོད་མི་ན་གཞོན་ཚོ་ཡིན་པ་ལས། བོད་མི་མང་ཆེ་བ་ལ་དྲ་རྒྱའི་མཐུན་རྐྱེན་ཉུང་ཉུང་ཆགས་ཀྱི་ཡོད་པ་རེད།
ངས་ ༢༠༠༦ ལོའི་བཀའ་བློན་ཁྲི་པའི་འོས་འཕེན་གྱི་གྲུབ་འབྲས་སྐོར་འགྲེལ་བརྗོད་ཅིག་བྱས་པ་ཡིན། བོད་མི་བརྒྱ་ཆ་ ༧༠ ལ་འོས་འཕེན་གྱི་ཆ་རྐྱེན་ཚང་ཡོད་རུང་དངོས་སུ་འོས་འཕེན་སྐབས། འཇིགས་སྐུལ་དང་དྲག་སྤྱོད་འོག་ནས་འོས་འཕེན་མཁན། ཨི་རག་དང་ཨ་ཧྥི་གྷ་ནི་སི་ཐན་གཉིས་ཀྱི་ཡུལ་མི་ལས་ང་ཚོ་སྐྱོ་བ་བྱུང་ཡོད་པ་རེད། དེའི་སྐོར་གྱི་དཔྱད་བརྗོད་ཕ་ཡུལ་དྲ་རྒྱའི་ http://www.phayul.com/news/article.aspx?id=26694 ནང་བཀོད་ཡོད་པ་རེད། ༢༠༡༡ ལོར་འོས་འཕེན་དེ་འགྱུར་བ་འགྲོ་ཡི་རེད་དམ་ཞེ་ན། ངས་གོ་ཚོད་ལྟར་ན་སྔོན་མ་ལས་ད་ལྟ་སླེབས་ལ་ཉེ་བའི་འོས་འཕེན་དེ་འགྱུར་བ་འགྲོ་ཚོད་ཆེ་བ་འདུག་ཟེར་གྱི་འདུག་པས་ང་ཚོས་རྗེས་མར་མཐོང་གི་རེད། ངའི་རེ་བ་ལ་བཀའ་སྤྱི་གང་གི་འོས་འཕེན་ཡིན་རུང། ད་ཐེངས་ཀྱི་འོས་འཕེན་གྱི་ལས་རིམ་ནང་འཛུལ་ཞུགས་བྱེད་མཁན་ཚད་གཞི་མཐོན་པོ་ཡོང་གི་རེད་དྲན་གྱི་འདུག དེ་བཞིན་ངས་ནན་བརྗོད་བྱེད་འདོད་པ་གཅིག་ནི་ ༢༠༡༠ ཟླ་ ༨ ཚེས་ ༡༨ སྔོན་ནས་འོས་འཕེན་གྱི་དེབ་སྐྱེལ་དེ་བྱེད་དགོས་པ་དང། ལས་དོན་དེའི་ཐད་ས་གནས་སོ་སོས་ས་གནས་བོད་ཀྱི་ཚོགས་པར་འབྲེལ་བ་བྱེད་དགོས་པ་རེད་བསམ་གྱི་འདུག
༥ དྲི་བ། མི་ཁ་ཤས་ཀྱིས་བཀའ་བློན་ཁྲི་པར་ཕེབས་མཁན་དེར། དྷ་རམ་ས་ལ་ལས་ཀ་བྱས་པའི་ཉམས་མྱོང་དགོས་ཞེས་བརྗོད་ཀྱི་འདུག་པས། ཁྱེད་རང་གི་དགོངས་ཚུལ་ག་རེ་ཡིན་ནམ།
ལན། སྤྱིའི་ཆ་ནས་རྒྱལ་ཁབ་གཞན་དག་གི་འོས་བསྡུ་དང་འདྲ་བར། འབྱུང་འགྱུར་གྱི་བཀའ་ཁྲིའི་འོས་བསྡུའི་གནས་བབས་དང་གཞུང་ཡར་རྒྱས་གཏོང་ཕྱོགས་སོགས་སྔོན་དུས་ལྟར་རང་འཇགས་བཞག་གི་ཡིན་ནམ། བསྒྱུར་བཅོས་གཏོང་གི་ཡིན་ཟེར་ནས་འདི་གཉིས་འདེམས་སྒྲུག་བྱེད་དགོས་པ་རེད། སྔོན་དུས་ལྟར་རང་འཇགས་བསྡད་དགོས་ཡོད་ཟེར་མཁན་ཚོས་ཉམས་མྱོང་ཅན་ཡིན་ཟེར་མཁན་ཞིག་འོས་གཞིར་འདེམས་ཀྱི་རེད་ལ། བསྒྱུར་བཅོས་ལ་རེ་བ་བྱེད་མཁན་ཚོས་བསམ་བློ་གསར་པ་དང་མཐོང་རྒྱ་ཆེན་པོ་ཞིག་འོས་གཞིའི་ནང་འདེམས་ཀྱི་རེད།
ཉེ་དུས་རྒྱ་གར་ནང་འོས་བསྡུ་བྱེད་པའི་སྐབས་སྔོན་མའི་ལམ་ལུགས་གཞིར་བཞག་ནས། སྲིད་བློན་མན་མཱོ་ཧན་སིན་བསྐྱར་འདེམས་བྱས་ཡོད་པ་རེད། དེ་བཞིན་ ༡༩༨༨ ལོར་ཨ་རིའི་ནང་སྔོན་གྱི་ལམ་ལུགས་ལྟར་བཞག་ནས་བྷུའུ་ཤུ་རྒན་པ་ཨ་རིའི་སྲིད་འཛིན་ལ་བདམས་ཡོད་པ་རེད།
དེ་ལྟར་ཡིན་རུང་ཉེ་དུས་དབྱིན་གཞུང་གིས་སྔོན་གྱི་ལམ་ལུགས་ལྟར་མིན་པ། ཉམས་མྱོང་ཅན་གྱི་སྲིད་བློན་གྷོར་ཌན་བྷི་རཱོན་དང་ཁོང་གི་ཆབ་སྲིད་ཚོགས་པ་གཉིས་བརྗེ་བསྒྱུར་གྱིས། ཌ་ཝི་ཌི་ཁེ་མི་རོན་དང་ནིག་ཁི་ལིག་ (རང་ལོ་ ༤༣ དང་ ༤༢ ལ་)སོན་པ་གཉིས་བདམས་པ་རེད། དེ་བཞིན་ ༡༩༩༢ དང་ ༢༠༠༠། ༢༠༠༨ ལོ་བཅས་ཀྱི་ཨ་རིའི་སྲིད་འཛིན་འོས་འདེམས་བྱེད་པའི་སྐབས། ཨ་རིའི་ཝ་ཤིན་ཊོན་ཌི་སི་ནང་ཉམས་མྱོང་ཡོད་མེད་ཀྱི་སྐོར་རྩོད་གཞི་ཆགས་པ་རེད་དེ། གནད་དོན་དེ་ལམ་ལྷོང་བྱུང་མེད་པ་དང། ཕྱི་ལོ་ ༡༩༩༢ ལོར་བྷིལ་ཁི་ལིན་ཊོན་གྱིས་ཨ་རིའི་སྲིད་འཛིན་བྷུའུ་ཤུ་རྒན་པ་འོས་འཕེན་སྐབས་ཕམ་ཉེས་བཏང་ཡོད་པ་དང། ཕྱི་ལོ་ ༢༠༠༠ ལོར་བྷུའུ་ཤུ་གཞོན་པས་ཨ་རིའི་ཝ་ཤིན་ཊོན་ནང་གཞིས་ཆགས་ཡོད་པའི་ཉམས་མྱོང་ཅན་གྱི་སྲིད་འཛིན་ཨལ་གྷོར་ཕམ་ཉེས་བཏང་ཡོད་ཅིང། ཕྱི་ལོ་ ༢༠༠༨ རང་ལོ་ ༤༦ ཙམ་ལས་སོན་མེད་ཅིང་ཆབ་སྲིད་ཀྱི་ལས་གནས་སུ་ཐོག་མར་འཇུག་མཁན་སྲིད་འཛིན་ཨོ་བྷ་མས། ཐོག་མའི་ཁ་གཏད་ཉམས་མྱོང་ཤིན་ཏུ་ཆེ་བའི་ཧི་ལ་རི་དང་མཐའ་མའི་ཁ་གཏད་མེག་ཁིན་ཕམ་ཉེས་བཏང་པ་དེ་ནི། མི་རྣམས་ལ་བསམ་ཡུལ་ལས་འདས་པའི་གནད་དོན་ཞིག་བྱུང་ཡོད་པ་རེད།
དེས་ན་ཉམས་མྱོང་ནི་གལ་ཆེན་ཡིན་རུང་འགོ་འཁྲིད་འདེམས་སྒྲུག་གི་ཆ་རྐྱེན་གཙོ་བོ་དེ་ཆགས་མེད་པ་དང། དེའི་རྒྱུ་མཚན་ནི་སྲིད་འཛིན་དང་སྲིད་བློན་སུ་ཡིན་རུང་། གོ་སྐབས་གསར་པ་དང་གདོང་ལེན་གསར་པ་ཞིག་གི་འོག་ཏུ་འགོ་འཛུགས་བྱས་ནས་ཡོང་གི་ཡོད་པ་རེད། བཀའ་བློན་ཁྲི་པའི་ཕྱག་ལས་ནི་མི་མང་པོ་མཉམ་རུབ་ཀྱིས་གནང་གི་ཡོད་པ་དང། དེ་ཡང་མི་རྒན་པ་ཉམས་མྱོང་ཅན་དང་ན་གཞོན་ཆེད་ལས་པ། བུད་མེད། ཤེས་ཡོན་ཅན་ཚང་མས་བོད་ཀྱི་སྲོལ་རྒྱུན་དང་ཤེས་རིག་སོགས་ལ་མཐོང་ཆེན་བརྩི་བཀུར་ཇི་ཙམ་བྱེད་ཐུབ་ན། དེ་ཙམ་གྱིས་ང་ཚོས་ལས་དོན་འདི་བསྒྲུབ་ཐུབ་ཀྱི་རེད།
ངའི་ཉམས་མྱོང་དང་འབྲེལ་ཡོད་ལ་ཆ་མཚོན་ན། ངས་དྷ་རམ་ས་ལའི་ཡིག་ཚང་ནང་ཆུ་ཚོད་ ༩ ནས་ ༥ བར་དུ་ལས་ཀ་བྱས་ནས་བསྡད་མེད་ཀྱང། གངས་ཅན་སྐྱིད་གཤོངས་ཀྱི་གནས་སྟངས་ཡོངས་རྫོགས་ཞིབ་ཕྲ་ཤེས་ཀྱི་ཡོད། དེ་ཡང་བོད་ཀྱི་གྲོས་ཚོགས་དང་འཛིན་སྐྱོང། གཞོན་ནུ་ལྷན་ཚོགས། བུད་མེད་ལྷན་ཚོགས། དེ་མིན་གྱི་ཚོགས་པ་ཁག་གིས་གཏམ་བཤད་དང་ཟབ་སྦྱོང་སོགས་ལ་སྐད་བཏང་སྐབས། ངའི་ངོས་ནས་གལ་ཆེན་དོན་ཆེན་དུ་བརྩིས་ནས་ཡང་ཡང་ཟབ་སྦྱོང་སོགས་སྤྲོད་ཀྱི་ཡོད། དེ་དང་འབྲེལ་ནས་ལོ་ལྟར་དྷ་རམ་ས་ལར་ཐེངས་ཁ་ཤས་རེ་འགྲོ་ཡི་ཡོད་ལ། འབྲེལ་ཡོད་ཀྱི་ས་གནས་མང་པོར་ཟླ་བ་དང་བདུན་ཕྲག་གི་དུས་ཚོད་གཏོང་བཞིན་ཡོད་པས། བཀུར་འོས་བཀའ་ཤག་ལྷན་རྒྱས་དང་སྤྱི་འཐུས་རྣམ་པ། དོན་གཅོད་ཁག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ཀྱིས་དཔོན་རིགས་ཚོའི་དབར་འབྲེལ་ལམ་དམ་པོ་འཛིན་གྱི་ཡོད། དེས་ན་བོད་རིགས་ཉམས་མྱོང་ཅན་མང་པོས། ངས་བཀའ་ཁྲིའི་ལས་ཀ་དེ་བྱེད་ཐུབ་པའི་གདེང་ཚོད་གནང་གི་ཡོད་རེད། ལས་དོན་འདི་གལ་འགངས་ཆེན་པོ་རེད་ལ་བྱེད་ཐུབ་པ་ཞིག་ཀྱང་རེད།
དྷ་རམ་ས་ལའི་ཆབ་སྲིད་ཀྱི་སྒྲོམ་གཞི་དེ་ངས་ཇི་མ་ཇི་བཞིན་ཤེས་ཀྱི་ཡོད། དེ་ཡང་ངའི་སློབ་ཐོན་ཆེད་རྩོམ་གྱི་ཆེད་དུ་ལོ་ ༦ གི་རིང་ཞིབ་འཇུག་བྱས་ཏེ། བཅར་འདྲི་ཞུ་ཡུལ་ནི་བོད་པའི་སྤྱི་ཚོགས་ནང་གི་མི་སྣ། བཀའ་ཟུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་དང། སྐུ་སྒེར་དྲུང་ཆེ་རྟ་ར་བ་ཆོས་ཉིད་འོད་གསལ། བཀའ་ཟུར་ས་འདུ་རིན་ཆེན། བཀའ་ཁྲི་ལས་ཐོག་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ། དེ་བཞིན་བཀའ་བློན་དང་སྤྱི་འཐུས། སྤྱི་ཚོགས་ཞབས་ཞུ་བ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣ་སོགས་ལ་བཀའ་འདྲི་ཞུས་ཡོད་པ་ནི་སྨྲོས་མི་དགོས་པ་རེད། སློབ་ཐོན་ཆེད་རྩོམ་དེ་གཙོ་བོ་ ༡༩༥༩ ནས་༢༠༠༤ བར་གྱི་བཙན་བྱོལ་བོད་གཞུང་དང་འདིའི་མང་གཙོའི་ལམ་ལུགས་ཀྱི་སྐོར་ཡིན་པས། ངས་ཡིད་ཆེས་བྱེད་ཐུབ་པ་ནི་རང་ཉིད་ཀྱིས་དྷ་རམ་ས་ལའི་ནང་གནད་དོན་དབྱེ་ཞིབ་ཀྱི་ལས་དོན་ཡག་པོ་ཞིག་བསྒྲུབས་ཡོད་བསམ་གྱི་ཡོད།
འཛིན་སྐྱོང་གི་ཉམས་མྱོང་དེ་གལ་ཆེན་པོ་རེད། ཡིན་ནའང་འཛིན་སྐྱོང་དེ་ཁྲིམས་དང་འབྲེལ་བ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེ་ཡང་བོད་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ལ་ཉམས་ཞིབ་བྱས་ནས། རྒྱ་གར་དང་ཨ་རི། དེ་མིན་གྱི་རྒྱལ་ཁབ་གཞན་དག་གི་རྩ་ཁྲིམས་དང་བསྡུར་གཤིབ་བྱས་སྐབས། ང་ལ་གདེང་ཚོད་ཡང་དག་པ་གཅིག་ཡོང་གི་ཡོད་པ་ནི། ངས་ལོ་གྲངས་ ༢༠ རིང་ཁྲིམས་ལུགས་སློབ་སྦྱོང་བྱས་པའི་གཞི་རྟེན་འདིས་ཕན་རླབས་ཆེན་པོ་ཐོན་གྱི་རེད་བསམ་གྱི་ཡོད། འདི་ཡང་གནས་ལུགས་དང་མི་མཐུན་པ་ཞིག་གང་ཡང་མིན། དེང་སྐབས་འཛམ་གླིང་ནང་སྲིད་འཛིན་དང་སྲིད་བློན་བྱེད་བཞིན་པ་མང་པོ་ཞིག་ཁྲིམས་རྩོད་པ་ཡིན་ཞིང། དེ་ཡང་སྲིད་འཛིན་ཨོ་བྷ་མ་དང་ཧིལ་ལ་རི་ཁི་ལིན་ཊོན་གཉིས་ཀ་ཁྲིམས་རྩོད་པ་རེད། རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞིའི་ཅིང་ཕིན་དང་སྲིད་བློན་གཞོན་པ་ལི་ཁི་ཆང་གཉིས། ༢༠༡༢ རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་ཆགས་ལ་ཉེ་བ་དེ་ཡང་ཁྲིམས་ལུགས་སློབ་སྦྱོང་གི་གཞི་རྟེན་ཡོད་པའི་རྐྱེན་གྱིས་ཡིན། དེ་བཞིན་ཐེ་ཝན་གྱི་སྲིད་འཛིན་མཱ་ཡིང་ཇཱའོ་ཡང་ཁྲིམས་རྩོད་པ་རེད།
གལ་ཆེའི་གནད་དོན་གཞན་ཞིག་དང་བོད་མི་སྤྱི་ཡོངས་ནས་ག་རེ་ཚོར་གྱི་ཡོད་མེད་ངས་ཤེས་ཀྱི་ཡོད། དེ་ཡང་ང་བོད་པའི་གཞིས་ཆགས་ཀྱི་གནས་བབས་འོག་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པས། ནམ་དུས་ག་འདྲ་ཞིག་བརྒྱུད་ནས་སྟོན་ཐོག་སྐྱོ་པོ་ཆགས་ཀྱི་ཡོད་པ་དང་། དགུན་དུས་སུ་གནམ་གཤིས་ཚ་ན་བལ་གོས་ཚོང་པ་ཚོར་དཀའ་ངལ་ཇི་ཙམ་ཡོད་མེད་ཤེས་ཀྱི་ཡོད། ང་གཞིས་ཆགས་ནང་ཡོད་པའི་སྐབས་ཕ་མ་ལ་རོགས་པ་བྱས་ཏེ་དགུན་དུས་སུ་བལ་གོས་ཚོང་ལ་འགྲོ་ཡི་ཡོད་ལ། བོད་པའི་སློབ་གྲྭ་མང་པོ་ཞིག་གི་རྒྱུན་ལྡན་གྱི་ཞལ་ལག་ཀྲིང་མོག་དང་རྡ་ལི་བཟས་ནས་ཡོང་པ་ཡིན། ཉམས་མྱོང་དེ་དག་ལ་བསྟེན་ནས་དྷ་སར་ལོག་ནས་༧གོང་ས་མཆོག་གི་སྐུ་མདུན་དུ་ཞབས་ཞུའི་བསྒྲུབ་རྒྱུར་དགའ་བ་སྒོམ་པ་དང་སྐལ་བ་བཟང་པོ་རེད་དྲན་གྱི་འདུག
༦ དྲི་བ། ཐེངས་རྗེས་མའི་བཀའ་བློན་ཁྲི་པའི་ལས་འགན་གཙོ་བོ་ཁག་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ།
ལན། དང་པོ་ང་ཚོས་བཀའ་བློན་ཁྲི་པ་དེ་འགོ་འཁྲིད་རེད་དམ་ཡང་ན་འཛིན་སྐྱོང་དོ་དམ་པ་རེད། དེ་གཉིས་ལ་དབྱེ་ཞིབ་བྱེད་དགོས། གལ་སྲིད་བཀའ་ཁྲི་དེ་འཛིན་སྐྱོང་དོ་དམ་པ་ཡིན་ན། བོད་གཞུང་གི་སྡེ་ཚན་ཁག་དང་སྲི་ཞུ་བའི་ལས་དོན་གཉིས་ཀའི་ཐད་ལ་ཉམས་མྱོང་ངེས་པར་དུ་དགོས་པ་རེད། ༧གོང་ས་མཆོག་གིས་ནན་གསུང་གནང་བཞིན་པ་ནི། བཀའ་བློན་ཁྲི་པས་གཞུང་དང་མི་མང་གཉིས་ཀ་ཆབ་སྲིད་ཐོག་ནས་འགོ་འཁྲིད་དགོས་པ་འདི་ཡིན་ཞིང། ཚོགས་པ་ཁག་གིས་ཞིབ་འཇུག་འོག་ནས་འགོ་འཁྲིད་ཀྱི་ཁྱད་ཆོས་བགྲང་གི་ཡོད་པ་ནི། འཆར་འགོད་དང་མཐོང་རྒྱ། འབྲེལ་ལམ་འཛིན་ཐུབ་པ་དང་སྐུལ་ལྕག་གཏོང་ཐུབ་པ། འགོ་འཁྲིད་ཐུབ་པའི་སྙིང་སྟོབས་སོགས་ཡིན། ཉམས་མྱོང་ཡོད་ན་འཇོན་ཐང་འཕར་མ་ཞིག་ལ་ངོས་འཛིན་བྱས་ན་འགྲིག་གི་རེད།
བཀའ་ཁྲི་དེ་འགོ་འཁྲིད་ཡིན་པའི་ཐོག་ནས་བརྗོད་ན་ཉུང་མཐའི་ལས་འགན་ལྔ་བསྒྲུབ་དགོས།
དང་པོ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་འཛུལ་འོག་ནས། དཀའ་སྡུག་ལ་གདོང་ལེན་བྱེད་བཞིན་པའི་བོད་ནང་གི་བོད་རིགས་སྤུན་ཟླ་ཚོའི་དཀའ་ངལ་སེལ་ཐབས་སུ། ལས་དོན་གང་ཡིན་ཡང་བསྒྲུབ་དགོས་པ་དེ་བཀའ་ཁྲིའི་འོས་འགན་དང་པོ་དེ་རེད།
གཉིས་པ། བོད་ཀྱི་གནད་དོན་ཤེས་པའི་ཐབས་ལམ་བཟང་ཤོས་ག་འདྲ་ཤིག་སྐྲུན་དགོས་ཀྱི་ཡོད་མེད་དང། རྒྱལ་སྤྱིའི་ཁྲོད་ནས་བོད་དོན་ལ་རྒྱབ་སྐྱོར་འཚོལ་རྒྱུ། བོད་གཞུང་གི་ཕྱོགས་ནས་གནད་དོན་གང་ལ་སྐྱོ་པོ་ཡིན་ན། དེའི་ཕྱོགས་སུ་ཡར་རྒྱས་གྱི་ནུས་པ་གཏོན་རྒྱུ་བཅས་རེད།
གསུམ་པ། རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་གཞུང་དེ་སྲ་བརྟན་རྒྱུན་གནས་ཐུབ་ཐབས་དང་དུས་མཚུངས། རྒྱ་གར་མི་མང་གི་རྒྱབ་སྐྱོར་སྲ་བརྟན་གནས་ཐབས་བྱེད་དགོས།
བཞི་པ། དུས་རྒྱུན་ནས་རྒྱ་ནག་ནང་ཡར་རྒྱས་ཇི་ལྟར་འགྲོ་ཡི་ཡོད་མེད་དང། ཕུགས་རྒྱང་རིང་ཐུང་སྣ་ཚོགས་ནས་རྒྱ་ནག་གཞུང་དང་རྒྱ་ནག་མི་མང་གཉིས་ཀ་ལ། བོད་པའི་ངོས་ནས་འབྲེལ་ལམ་འཛིན་པའི་ཐབས་བྱུས་ལེགས་པོ་སྒྲིག་དགོས།
ལྔ་པ། བཀའ་བློན་ཁྲི་པས་བོད་ཕྱི་ནང་གཉིས་ཀའི་བོད་མི་ཚོའི་རེ་འདུན་དེ་ངོས་འཛིན་ཐུབ་པ་བྱེད་དགོས་རྒྱུ་དང། ཨེ་ཤ་ཡ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་ཡོད་པའི་བོད་པའི་སྤྱི་ཚོགས་ལ་དོ་སྣང་བྱེད་དགོས་ཤིང། ལུང་པ་དེ་དག་ནང་ཡོད་པའི་བོད་པའི་ན་གཞོན་ཚོ་དང་འབྲེལ་ལམ་བྱེད་རྒྱུ་དང་། བོད་གཞུང་དང་བོད་ཀྱི་ལས་འགུལ་བཅས་ཀྱི་ཆེད་དུ་ན་གཞོན་དེ་དག་གསོ་སྐྱོང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན།
གལ་སྲིད་བཀའ་ཁྲི་དེ་འོས་འགན་དེ་དག་གནང་མཁན་ཞིག་ཡིན་དགོས་ན། ངས་འདས་པའི་ལོ་༢༠ ནང་བསགས་པའི་ཉམས་མྱོང་བརྒྱུད་ལམ་དེ་དག་གི་ཐོག་ནས་ཐོབ་ཡོད། དེ་ཡང་ངས་རྒྱ་ནག་གི་མཁས་དབང་བརྒྱ་ཕྲག་བརྒལ་བ་དང་རྒྱལ་སྤྱིའི་བསམ་བློ་བ། རྒྱལ་ཁབ་ཀྱི་སྐུ་ཚབ་ཁག དཔོན་རིགས། སློབ་མ། བོད་ནས་ཕེབས་པའི་བོད་རིགས་མཁས་དབང་སོགས་ལ། རང་ཉིད་ཀྱི་ལྟ་ཚུལ་དང་འཛམ་གླིང་གི་ཆབ་སྲིད་འཕོ་འགྱུར་བརྗོད་པ་དང་དེ་དག་གི་བསམ་ཚུལ་ལེན་ནས། ཁོ་ཚོའི་བསམ་འདུན་ག་རེ་ཡིན་མིན་དང། ང་ཚོའི་ཕྱོགས་ནས་གནད་དོན་དེ་སེལ་ཐབས་སུ་ཇི་ལྟར་བྱེད་དགོས་མིན་བཅས་ཀྱི་ཐད་གང་འཚམས་ཤེས་ཀྱི་ཡོད།
༧ དྲི་བ། བོད་དོན་རྒྱབ་སྐྱོར་བ་དང་ལས་འགུལ་བ་འགའ་རེས། རྒྱ་ནག་གི་ཁྲིམས་ཀྱི་སྒྲོམ་གཞི་དེ་བེད་སྤྱད་ནས་བོད་ནང་གི་བོད་མིའི་ཆེད་དུ་གྱོད་འཛུགས་བྱེད་ཆོག་ཟེར་གྱི་འདུག་པས། གལ་སྲིད་ཁྱེད་རང་བཀའ་བློན་ཁྲི་པར་བདམས་པ་ཡིན་ན། ཁྱེད་རང་ཁྲིམས་རྩོད་པ་ཞིག་ཡིན་པའི་ངོས་ནས་གནད་དོན་འདི་ལ་ཐེ་གཏོགས་བྱེད་འདོད་ཡོད་དམ།
ལན། ང་ལ་ལོ་ ༡༥ རིང་རྒྱ་ནག་གི་མཁས་དབང་ཁག་དང་དངོས་སུ་ཐུག་ནས་བགྲོ་གླེང་བྱས་པའི་ཉམས་མྱོང་ཐོག་ནས་བལྟས་ན། རྒྱ་ནག་གི་ཆབ་སྲིད་དང་ཁྲིམས། བསམ་བློ་གཏོང་ཕྱོགས་བཅས་གང་འཚམ་ཤེས་ཀྱི་ཡོད་ལ། ཧར་ཝར་ཌིའི་གཙུག་ལག་སློབ་གྲྭའི་ནང་སྔོན་དུས་བྱུང་མྱོང་མེད་པའི་བོད་པའི་མཁས་དབང་དང་རྒྱ་ནག་གི་མཁས་དབང་བརྒྱ་ཕྲག་ལྷག་གི་དབར། ངས་ཚོགས་འདུ་ཆེན་པོ་མང་པོ་གོ་སྒྲིག་བྱས་ཡོད་པའི་བརྒྱུད་རིམ་དེའི་ཐོག་ནས། བོད་དོན་རྒྱབ་སྐྱོར་བ་ཚོའི་སྐད་ཆ་དེ་ལ་མོས་མཐུན་བྱེད་ཀྱི་ཡོད། དེ་ཡང་ཐབས་བྱུས་གཅིག་ནི་ད་ལྟའི་རྒྱ་ནག་གི་ཁྲིམས་ལ་ཞིབ་འཇུག་བརྒྱུད་ནས། བོད་ནང་གི་བོད་མི་ཚོས་གདོང་ལེན་བྱེད་བཞིན་པའི་དཀའ་སྡུག་དེ་ཉུང་དུ་གཏོང་དགོས་པ་རེད།
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཝི་ཀིལ་ཧཱ་ཝིལ་མཆོག་གི་དཔྱད་དེབ་”སྟོབས་ཤུགས་མེད་པའི་སྟོབས་ཤུགས།’ “The Power of the Powerless,” ཞེས་པའི་ནང། གཞུང་གིས་མི་མང་ལ་ཁྲིམས་འགལ་གྱི་ཐོག་ནས་བཙན་གནོད་བྱེད་སྐབས། དབང་འཛིན་པ་ཚོས་ཁྲིམས་ལུགས་དེ་རང་ཉིད་ཀྱི་ནག་ཉེས་དག་ཐབས་སུ་བེད་སྤྱོད་གཏོང་གི་ཡོད་ཅེས་གསུངས་ཡོད་པ་རེད། དེས་ན་ནུས་སྟོབས་སམ་ཁྲིམས་དེ་བཙན་གནོན་ལ་བེད་སྤྱོད་གཏོང་ན། ཁྲིམས་ལུགས་དེ་གཞིར་བཞག་ནས་ནུས་སྟོབས་ཡོད་མཁན་ཚོར་ཕར་གྱོད་འཛུགས་བྱེད་དགོས། འདི་ནི་དབང་འཛིན་པ་དང་གྱོད་འཛུགས་བྱེད་མཁན་གཉིས་ཀར་ཕན་ཐོགས་ཡོད། དཔེར་ན་རྒྱ་ནག་གི་དབང་འཛིན་པ་ཚོས་རང་ཉིད་ཀྱི་ཁྲིམས་ལུགས་ཇི་བཞིན་ལག་བསྟར་མ་བྱས་ན། ཁྲིམས་ལུགས་གཞིར་བཞག་ནས་དབང་འཛིན་པ་ཚོར་ཕར་གྱོད་འཛུགས་བྱེད་དགོས། གལ་སྲིད་རྒྱ་ནག་གི་དབང་འཛིན་པ་ཚོས་རང་ཉིད་ཀྱི་ཁྲིམས་ལུགས་ཇི་བཞིན་ལག་བསྟར་བྱེད་ན། ང་ཚོ་བོད་མི་ཚོར་གནས་བབས་དེའི་འོག་ནས་ཐོབ་ཐང་རག་གི་རེད། ང་ཚོས་ཤེས་གསལ་བཞིན། ནིལ་སོན་མན་ཌཱ་ལཱ་དང་གྷན་དྷི། ནཱི་རུ་སོགས་ཁྲིམས་རྩོད་པ་ཡིན་པས། ཁོ་ཚོས་བཙན་གནོན་བྱེད་མཁན་ཚོས་བརྩི་སྲུང་བྱས་པའི་ཁྲིམས་ལུགས་གཞིར་བཞག་ནས་ཕར་འཐབ་རྩོད་བྱས་ཡོད་པས། མཐའ་མཇུག་མི་མང་ལ་རང་དབང་ཐོབ་པ་རེད། ངས་ལོ་མང་རིང་རྒྱ་ནག་གི་ཆབ་སྲིད་དང་ཁྲིམས། དུས་ནས་དུས་སུ་རྒྱ་ནག་གི་གནས་བབས་བཅས་ལ་ཞིབ་འཇུག་བྱས་པ་འདི་ནི་བེད་སྤྱོད་ཆེན་པོ་ཆགས་ཀྱི་རེད་བསམ་བཞིན་ཡོད།
༨ དྲི་བ། ཁྱེད་རང་གི་མི་ཚེའི་ནང་ཆོས་ཀྱི་བྱེད་སྒོ་ག་འདྲ་ཡིན་ནམ།
ལན། ཆོས་ཀྱི་བྱེད་སྒོ་ནི་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད། གང་ཡིན་ཞེ་ན་ངའི་ཕ་དམ་པ་དེ་གྲྭ་པ་བྱེད་མྱོང་ཡོད་པ་དང། རྗེས་སུ་རྒྱ་གར་ནང་བཙན་བྱོལ་ལ་འབྱོར་སྐབས་གཞིས་ཆགས་ཀྱི་ཁོངས་སུ་བཞུགས་པ་རེད། ཉིན་ལྟར་ཁོང་གིས་ཞལ་འདོན་སྨོན་ལམ་བྱས་པའི་དྲིན་གྱིས། ང་ལ་ཆུང་དུས་ནས་ཆོས་ཀྱི་བག་ཆགས་གཏིང་ཟབ་པོ་བཞག་ཡོད། ཨ་མ་ད་ལྟ་ང་དང་མཉམ་དུ་བཞུགས་ཡོད་ལ་ཉིན་ལྟར་ཞལ་འདོན་གནང་བ་དང། སྒལ་པ་དང་པུས་མོ་བསྙུང་མིན་ལ་མ་ལྟོས་པར་ཉིན་རེ་བཞིན་ཕྱག་གྲངས་༡༠༨ འཚལ་གྱི་རེད། དེ་བཞིན་བཟའ་ཟླས་ཀྱང་ཞལ་འདོན་སོགས་བྱེད་ཀྱི་ཡོད་པ་རེད།
ང་ལ་ཆ་མཚོན་ན་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་ཚོའི་སྐུ་མདུན་ནས་གསུང་ཆོས་མང་པོ་ཞུ་མྱོང་ཡོད་ལ། ལྷག་དོན་༧གོང་ས་མཆོག་གི་སྐུ་མདུན་དུ་གསུང་ཆོས་ཐེངས་མང་ཞུས་བའི་སྐལ་བཟང་ཐོབ་པ་དང། རང་ཉིད་ཀྱི་ངོས་ནས་གང་ཤེས་ཅི་ཐུབ་ཀྱིས་ཆོས་ཉམས་སུ་ལེན་པའི་ཁ་འདོན་དགེ་སྦྱོང་བྱེད་ཀྱི་ཡོད། ནམ་ཡང་བརྗེད་དུ་མི་རུང་བ་ཞིག་ནི་ངའི་ཕ་དམ་པ་གྲོངས་ལ་ཉེ་བའི་སྐབས། འཇིག་རྟེན་འདི་དང་ཁ་བྲལ་སྐབས་ཆོས་མ་གཏོགས་གང་ཡང་འཁྱེར་རྒྱུ་ཡོད་མ་རེད་ཅེས་པའི་ཞལ་འཆེམས་དེ་ནི། ངས་ལས་དོན་གང་བྱེད་ཀྱང་འདི་དང་མཐུན་པ་བྱེད་ཀྱི་ཡོད་ལ། ཕ་དམ་པའི་ཞལ་འཆེམས་ཀྱིས་ང་ལ་ཕན་རླབས་ཆེན་པོ་ཐོན་གྱི་འདུག བོད་མི་ཚང་མས་སེམས་ཅན་ཐམས་ཅད་ལ་བྱམས་བརྩེ་བྱེད་དགོས་པ་རེད་གསུངས་ཀྱི་ཡོད་པས། སྤྱི་ཚོགས་ཀྱི་ཞབས་ཞུ་ལྷག་བསམ་རྣམ་དག་གིས་ཐོག་ནས་བསྒྲུབས་པ་དེ། ངའི་ངོས་ནས་དེའང་ཆོས་ཤིག་རེད་དྲན་གྱི་ཡོད།
༩ དྲི་བ། ཉེ་དུས་ཁྱེད་རང་རྒྱ་གར་གྱི་གཞིས་ཆགས་ཁག་མང་པོ་ཞིག་ནང་ཕེབས་ཡོད་ཚོད་འདུག་པས། ས་ཆ་གང་དང་གང་དུ་སོང་ཡོད་མེད་དང་། བསྐྱར་དུ་ཕེབས་རྒྱུའི་འཆར་གཞི་འདྲ་ཡོད་དམ།
ལན། འདི་ནས་གསལ་བརྗོད་བྱེད་དགོས་པ་གཅིག་ནི། ང་ཨ་རིའི་ནང་མ་སླེབས་པའི་སྔོན་ནས་བོད་མིའི་སྡོད་གནས་ཧིམ་མ་ཅལ་མངའ་སྡེའི་ཁྱབ་ཁོངས་གཞིས་ཆགས་ཁག་དང། དྷེ་ར་དྷུན་གཡས་གཡོན་གྱི་གཞིས་ཆགས་ཁག དེ་བཞིན་མན་པ་ཊི་དང། བྷེལ་ཀོབ། ཧུན་སུར། ཀོ་ལི་གྷལ། ང་རང་གི་གཞིས་ཆགས་རྒྱ་གར་བྱང་ཤར་གྱི་ས་ཁུལ་ཁག དེ་མིན་བལ་ཡུལ་ནང་གི་བོད་མིའི་གཞིས་སྒར་ཁག་མང་པོར་འགྲོ་མྱོང་ཡོད།
རྒྱ་གར་ནང་གི་ཚོགས་པ་ཁ་ཤས་ཀྱིས་ང་ལ་ཟབ་སྦྱོང་སྤྲོད་རོགས་ཟེར་ནས་སྐད་བཏང་བ་དང། དེའི་སྐབས་ངས་”ད་ལྟའི་བོད་ཀྱི་ལས་འགུལ་གྱི་གནས་བབས་”ཟེར་བའི་ཐོག་སྤྲད་པ་ཡིན། དེ་ཡང་གཙོ་བོར་”ནུས་པ་བཅུ་”བརྗོད་གཞིར་བཞག་ནས་སྤྲད་པ་ཡིན། དགོན་སྡེ་ཁག་དང་གཞིས་ཆགས་ཁག དེ་བཞིན་སློབ་གྲྭ་ཁག་སོགས་སུ་སྐད་བཏང་ནས་ལྟ་སྐོར་འགྲོ་རྒྱུར་བྱུང་བར་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུ་འདོད་བྱུང། གཞིས་ཆགས་ཁག་ནང་ག་དུས་སོང་རུང་ཉམས་མྱོང་གསོག་རྒྱུ་འདུག ང་གཞིས་ཆགས་ནང་འཚར་ལོངས་བྱུང་པ་ཡོད་པས། གཞིས་ཆགས་ཀྱི་ཁོར་ཡུག་སོགས་མཐོང་སྐབས་རང་ཉིད་ཀྱི་ནང་དུ་སླེབས་པའི་ཚོར་སྣང་ཡོང་གི་འདུག
ལོ་འདིའི་ཟླ་ ༦ ནང་ང་བསྐྱར་དུ་རྒྱ་གར་ནང་གི་གཞིས་ཆགས་ཧུན་སུར་དང། ཀོ་ལི་གྷལ། བྷེལ་ཀོབ། དེ་བཞིན་དྷ་ས་བཅས་ཀྱི་ནང་ཡོང་རོགས་གསུངས་པ་ལྟར་བཅར་པ་ཡིན། མོན་གྷོ་འདོད་རྒུ་གླིང་ནང་སོང་བ་ཐོག་མ་ཡིན། ལྷོ་ཕྱོགས་སུ་དགོན་སྡེ་ཁག་མང་ཆེ་བ་དང་སློབ་གྲྭ་ཁག་ཅིག་ཏུ་སོང་བ་ཡིན། ད་ལྟའི་འདི་དང་སྔོན་དུས་ཟབ་སྦྱོང་སྤྲད་ནས་སོང་ཟིན་པ་ལ་བལྟས་ན། གཞིས་ཆགས་བརྒྱ་ཆ་ ༦༠ ལྷག་ཙམ་ནང་སོང་བ་ཡིན། དེ་དང་འབྲེལ་ནས་རྙིང་མ་དང་བཀའ་བརྒྱུད། ས་སྐྱ། དགེ་ལུགས། བོན་གྱི་དགོན་སྡེ་བཅས་དང། བོད་ཁྱིམ་གྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་དང་གཞི་རིམ་སློབ་གྲྭ་ཁག་བཅས་ལ་བསྐྱོད་པ་ཡིན། སྔོན་འགྲོའི་འོས་འཕེན་(ཟླ་ ༡༠ ཚེས་༣ )གྱི་སྔོན་དུ་གཞིས་ཆགས་བརྒྱ་ཆ་༧༥ ཙམ་ལ་བཀའ་ཁྲིའི་འོས་གཞིའི་ཆེད་དུ་འགྲོ་རྒྱུའི་འཆར་གཞི་ཡོད། ལ་དྭགས་དང་བལ་ཡུལ། རྒྱ་གར་བྱང་ཤར། ཧི་མ་ཅལ། ཨུ་ཏར་ཁན་མངའ་སྡེ་བཅས་ཀྱི་ནང་གང་མགྱོགས་འགྲོ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
རྒྱ་གར་ནང་གི་གཞིས་ཆགས་ཁག་དང་སློབ་གྲྭ་ཁག དེའི་ཐོག་བྱང་ཨ་རི་དང་ཡུ་རོབ། ཨོ་སི་ཁྲིར་ལི་ཡ་བཅས་ཀྱི་ནང་ཡོད་པའི་བོད་རིགས་སློབ་གཉེར་བ་བརྒྱ་ཕྲག་ལྷག་དང་ཐུག་པ་ཡིན་ལ། ངའི་ལས་དོན་དེ་ཆེད་ལས་པ་ཡིན་པས། རྒྱལ་ཁབ་གང་སར་ཆེད་ལས་པ་མང་པོ་འདུ་འཛོམས་བྱེད་སར་ང་འཛུལ་ཞུགས་བྱེད་ཐུབ་ཀྱི་ཡོད་པ་དང། དེ་བཞིན་བོད་ནས་ཆེད་ལས་པ་བརྒྱ་ཕྲག་མང་པོ། ཆེད་ལས་པ་འདུ་འཛོམས་བྱེད་སར་ཕེབས་སྐབས། ངས་ཐུག་པ་དང་འབྲེལ་ལམ་འཛིན་པ་སོགས་བྱེད་ཐུབ་ཀྱི་འདུག
ངས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་པ་ནི། ང་ཚོའི་མང་གཙོའི་ལམ་ལུགས་དེ་སྲ་བརྟན་དང་ནུས་སྟོབས་ལྡན་པ་བྱེད་པ་ལ། མང་གཙོའི་བརྒྱུད་རིམ་འདི་ནུས་ཤུགས་དང་ལྡན་པ་བྱེད་རྒྱུ་དེ་ཡིན་པ་དང་། དགའ་འོས་པ་ཞིག་ལ་མཐོང་ཆེན་དང་ཆེས་གནས་བབས་མཐོ་བའི་སྡིངས་ཆ་དེའི་སྟེང། ང་ལ་འོས་མིའི་གོ་སྐབས་བཟང་པོ་ཐོབ་ཡོད་པས། གཞུང་གི་འོས་འགན་དེའི་ཐོག་ནས་རང་ཉིད་ཀྱི་ཕྱོགས་ནས་གང་འཇོན་ཅི་ཐུབ་བྱེད་ཀྱི་ཡིན། ངས་གཞིས་ཆགས་ཁག་ནང་གི་མི་དང་དགོན་སྡེ་ཁག་གི་གྲྭ་པ། སློབ་ཕྲུག ན་གཞོན་སོགས་ཐུག་སྐབས། དང་ཐོག་ཁོ་རང་ཚོའི་འདོད་དོན་ལ་གུས་བརྩི་བྱེད་ཀྱི་ཡོད། དེ་ནས་དེ་དག་གི་རེ་འདུན་དང་སེམས་འཚབས། ཕུགས་བསམ། རྒོལ་ལན་སོགས་ཤེས་ཐབས་བྱེད་ཀྱི་ཡོད། ངས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་པ་ནི། འགོ་འཁྲིད་བཟང་པོ་ཞིག་ཡིན་ན་མི་མང་གི་བསམ་བློའི་འཁྱེར་སོ་དེ་དང་འབྲེལ་ལམ་འཛིན་དགོས་པ་དང། དེར་བརྟེན། ངས་བཀའ་ཁྲིའི་འོས་གཞིའི་ནང་ཡོད་མཁན་ཚོར། ས་གནས་གང་སར་ཕྱོགས་བསྐྱོད་བྱེད་དགོས་པ་དང་བོད་མི་ཤེས་ཡོན་ཅན་ཐུག་པ་སོགས་བྱས་ན། ཉམས་མྱོང་དེས་ཁྱེད་རང་བཀའ་བློན་ཁྲི་པ་ཆགས་པར་རོགས་པ་ཚུལ་མཐུན་ཞིག་བྱེད་ཀྱི་རེད་ཅེས་བརྗོད་ཀྱི་ཡོད།
དེ་བཞིན་ངས་སུད་སི་དང། ཨ་རིའི་ས་ཁུལ་ཨོ་རི་གྷོན། ཀཱ་ལི་ཧྤོ་ནི་ཡ་བཅས་ཀྱི་ནང་གང་མགྱོགས་བགྲོ་གླེང་བྱེད་ཀྱི་ཡིན། ང་ཚོའི་མང་གཙོའི་ལམ་ལུགས་འདིའི་སྐོར་ཤེས་རྟོགས་ཡོང་ཆེད་དུ། ངའི་ངོས་ནས་གང་ཐུབ་པ་དེ་བྱེད་ཀྱི་ཡོད་ལ་བརྒྱུད་རིམ་འདིའི་ཐོག་སློབ་སྦྱོང་ཡང་མང་པོ་བྱེད་ཀྱི་ཡོད། བཀའ་ཁྲིའི་འོས་གཞིའི་ནང་ཞུགས་མཁན་མི་གཞན་དག་གིས་ཀྱང་འདི་ལྟར་བྱེད་ཀྱི་ཡོད་པའི་རེ་བ་རྒྱག་གི་ཡོད།
༡༠ དྲི་བ། ཁྱེེད་རང་བཀའ་བློན་ཁྲི་པར་བཞེངས་མཁན་ཡིན་ནམ།
ལན། ང་བཀའ་ཁྲིའི་འོས་གཞིའི་ནང་འཛུལ་ཞུགས་བྱེད་དགོས་པའི་རྒྱུ་མཚན་ཐུང་ངུ་ཞིག གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ནས་གསལ་བསྒྲགས་བྱེད་ཀྱི་ཡིན། ཕྱོགས་གཞན་ཞིག་ནས་འོས་བསྡུའི་ལས་འགུལ་སྒྲོམ་གཞིའི་ཐོག་རིམ་བགྲོད་བྱེད་རྒྱུ་དེ། ངའི་ཕྱོགས་ནས་བོད་པའི་མང་གཙོའི་བརྒྱུད་རིམ་ལ་ནུས་ཤུགས་བསྐྲུན་པའི་ལས་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་ཐེངས་རྗེས་མའི་འོས་བསྡུའི་སྐབས་འོས་གཞིའི་ནང་ཡོད་པ་ཚོས། མང་གཙོའི་རྒྱལ་ཁབ་གཞན་དག་གི་རྒྱུན་ལྡན་གྱི་འོས་བསྡུ་ལྟར་རང་ཉིད་ངོས་ནས་ཆ་ཤས་ལེན་དགོས་ཤིང། འོས་གཞིའི་ནང་ཡོད་པ་ཚོས་འོས་འཕེན་གྱི་བརྒྱུད་རིམ་ནང་གི་ཆ་ཤས་མང་ཙམ་ལེན་ན། འོས་འཕེན་མཁན་ཚོ་རང་བཞིན་གྱིས་ལས་དོན་དེའི་ནང་ཚུད་ཡོང་གི་རེད། གལ་སྲིད་ལས་རིམ་འདི་འདྲ་བ་ཞིག་བྱུང་པ་ཡིན་ན། འདི་ནི་ངས་བོད་པའི་སྤྱི་ཚོགས་དང་མང་གཙོའི་ལམ་ལུགས། བོད་ཀྱི་ལས་འགུལ་བཅས་ལ་ལེགས་སྐྱེས་ཡག་པོ་ཞིག་ཕུལ་བ་རེད་དྲན་གྱི་འདུག
དེར་བརྟེན་བོད་མི་ཚང་མས་ཐུགས་ལ་བཅང་དགོས་པ་ཞིག་ནི། ཟླ་ ༨ ཚེས་ ༡༥ ནང་ཚུད་བཀའ་སྤྱི་གཉིས་ཀའི་འོས་འཕེན་གྱི་དེབ་སྐྱེལ་ཟིན་དགོས་པ་དང་། ངའི་རེ་བ་ལ་འོས་གཞིའི་ནང་ཞུགས་མཁན་ཚང་མའི་བསམ་དོན་ལྷུན་གྱིས་འགྲུབ་པ་དང་། བོད་རིགས་སྤུན་ཟླ་ཚང་མའི་འབྱུང་འགྱུར་གྱི་རེ་འདུན་ལེགས་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
(བཅར་འདྲི་ཞུ་མཁན་ཨ་རིའི་ཨུ་ཏཱ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་སློབ་གཉེར་བ་རིན་ཆེན་གྱིས།།)
(བོད་ཀྱི་དུས་བབ་ནས་བླངས།)
༡༽ བོད་པའི་སྤྱི་ཚོགས་ནང། བཀའ་ཁྲི་ལ་ལངས་རོགས་ཟེར་བ་མ་གཏོགས་ལངས་ཀི་ཡིན་ཟེར་མཁན་མེད་དུས་འདིར། གཞོན་སྐྱེས་ཤིག་གིས་ཕོ་ཚོད་བཟུང་སྟེ་ལངས་ཡོང་བ་འདི་ལ་དགའ་བསུ་དང་བསྔགས་བརྗོད་ཡོད།
༢༽ བཅར་འདྲི་འདིའི་སྒྲོམ་གཞི་དང་སྒྲིག་སྟངས། དྲི་བ། ལན་ཚང་མ་ལ་བལྟས་ན། བཅོས་མ་ཡིན་པའམ་ཟློས་གར་འཁྲབ་ཀི་ཡོད་པའི་རྣམ་པ་ཤུགས་ཆེན་པོ་འདུག དེ་ངའི་མཐོང་ཚུལ་གཅིག་ཡིན།
ནང་དོན་རྣམས་ལ་རིམ་པས་བགྲོ་གླེང་རིམ་པས་བྱའོ།།
བཀའ་ཁྲིའི་འོས་མི་བློ་སེང་ལགས། །
བཀའ་ཁྲི་ད་ལོ་མ་ཐོབ་ཀྱང་། །
བཀའ་ཀྲི་རྗེས་མར་ཐོབ་ངེས་འདུག །
བཀའ་ཁྲིར་དུས་ནས་དུས་སུ་འབུངས། །
ཡ་ཡ། ཆབ་སྲིད་པ་ཟེར་བ་དེ་འདི་འདྲ་ཞིག་ཡིན་པ་རེད། ངས་ནི་འོས་ཤོག་མི་འཕེན། གཞན་གྱིས་འཕངས་ན་ཅི་བྱེད། ངས་འོས་ཤོག་མི་འཕེན་པའི་རྒྱུ་མཚན་ལྟེ་བ་དེ་ནི་རིགས་གཉིས་ཡོད་པ་དེ་ཚོ་གཤམ་དུ་འབྲི་རྒྱུ་ཡིན་པ་གཟིགས་རོགས་ཞུ། རྒྱུ་མཚན་དང་པོ་ནི་ང་ལྷ་བཟང་ཚེ་རིང་ལྟ་བུ་བོད་གཞུང་དང་བོད་ཀྱི་རྩ་དོན་ལ་ཐུག་དུས་ཤི་འཐམ་རོ་འཐམ་བྱས་ནས་རྡ་རམ་ས་ལའི་གཡས་གཡོན་དུ་བསྡད་བསྡད་མཁན་དེ་ཚོ་ལ་དགའ་པོ་ཡོད། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལྷ་སྒྲོན་ཟེར་བའི་བུ་མོ་དེ་ཡང་བློ་བཟང་སེང་གེ་ལས་ཡག་པོ་རེད་དྲན་གི་ཡོད། བློ་བཟང་སེང་གེས་འཁྲབ་གི་ཡོད་པ་དང་འཁྲབ་ནས་ད་བར་དུ་མི་ཚེ་བསྐྱལ་བ་རེད་ལ་ལྷ་སྒྲོན་གྱིས་ལས་ཀ་བྱས་ནས་མི་ཚེ་བསྐྱལ་བ་རེད་བསམས་གི་ཡོད། རྒྱུ་མཚན་གཉིས་པ་ནི་ཁོ་ལ་སློབ་གྲྭ་ཆེན་མོ་དེས་ལས་ཀ་སྤྲད་བྱུང་ཟེར་བ་འདི་སྣང་བར་འགྲོ་མ་སོང་། ངས་ཁོང་ཚོའི་དྲ་རྒྱ་ལ་བལྟས་སྐབས་ལས་ཀ་དེ་ནི་ཕོགས་མེད་ལས་ཀ་རེད་ལ། ད་དུང་ཞིབ་འཇུག་པ་ཟེར་བའི་མིང་དེ་འཛིན་རྒྱུ་ལ་ཕར་སློབ་གྲྭ་ལ་སྒོར་མོ་སྤྲོད་དགོས་པ་ཞིག་རེད། དེས་ན་ཁོང་ལ་ཟླ་རེའི་ཟླ་ཕོགས་དེ་ཚོ་གང་ནས་ཡོང་ཡོད་པ་རེད་དེ་ཡང་དྲི་བ་ཞིག་རེད།
ངས་བློ་བཟང་སེང་གེ་ཡི་དྲི་བ་བཅིའི་སྟེང་དུ་དྲི་བ་༣་སྣོན་ནས་དྲི་བ་༡༣ བྱེད་ན་དེ་གསུམ་ལ་བློ་བཟང་སེང་གེ་ཡིས་ལན་ཕུལ་བའི་རེ་བ་ཡོད་།
༡ ཀུན་གྱིས་ཤེས་དསལ་བཞིན་བོད་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་མཁན་ལོ་ནས་ལོ་རྒྱུན་ཅེ་མང་རེད་། དེ་རྣམས་ལ་དཀའ་ངལ་མི་འདྲ་བ་མང་པོ་ཡོད་པའི་ནང་ནས་དཀའ་ངལ་ཆེ་ཤོས་ནི་སྐྱབས་བཅོལ་ལག་དེབ་དང་སྐྱེས་སྐར་ལག་དེབ་ཀྱི་བསྐོར་རེད་། གལ་སྲིད་བློ་བཟང་སེང་གེ་ཁྱེད་རྗེ་མར་བཀའ་ཁྲའི་འོས་ཤོག་ཐོབ་ན་ཁྱེད་ཀྱིས་གཞི་ཆགས་ཚོའི་གནས་སྟངས་ཤེས་གསུངས་བ་བཞིན་གསར་འབྱོར་པའི་སྐྱབས་བཅོལ་ལག་དེབ་དང་སྐྱེས་སྐར་ལག་དེབ་གཉིས་འགྲོ་སོང་འབོར་ཆེན་མི་དགོས་པར་རྒྱ་གར་གྱི་ཁྲིམས་དང་མཐུན་པའི་སྒོ་ནས་ལས་སླ་བོ་ངང་རྒྱ་གར་གཞུང་ནས་ཐོབ་ཐབས་ཀྱི་ཐབས་ལམ་གང་འདྲ་ཡོད་།
༢ ངས་བཀའ་ཁྲི་ཟམ་གདོང་མཆོག་གིས་ཕྱི་རྒྱལ་ཁག་ཏུ་ཁ་ཐོར་གནས་པའི་བོད་མི་ཚོ་བོད་པའི་ནང་ནས་ཕུད་པ་མིན་ཡང་བོད་པར་དངོས་འཛིན་དཀའ་ཚུལ་ཀྱི་གསུང་བཤད་ཅིག་ཤེས་བྱ་ལས་བཀླགས་པ་ད་དུང་ཡང་དྲན་གྱི་འདུག་པའི་དེའི་བསྐོར་ཉིད་ལ་དགོངས་ཚུལ་གང་འདྲ་ཡོད་།
༣ བཙན་བྱོལ་གཞུང་གི་ནང་ལས་བྱེད་འགས་བོད་ཀྱི་ཆེད་དུ་ལས་བྱེད་པ་ལས་བོད་གཞུང་རྒྱུད་ནས་རང་དོན་བྱེད་པ་མང་པའི་དེ་ཚོའི་བསྐོར་དག་ཐེར་གང་འདྲ་བྱ་ཡི་ཡིན་།
ནོར་བཅོས་་ཤེས་གསལ་ནི་གསལ་ལས་དསལ་མིན
དང་པོ།
བཅར་འདྲི་འདི་བམ་ྐློག་ཐེངས་གཅིག་བྱས་བ་ཡིན། ངོ་སྤྲོད་ཀྱིས་བརྒྱ་ཆ་༧༠ཙམ་ཟིན་འདུག
དེ་ནས་བཅར་འདྲི་བྱེད་མཁན་གྱིས་དང་པོ་ནས་དྲི་བ་དག་གལ་ཆེན་བཅུ་ཡིན་པ་ཐག་བཅད་འདུག ངེད་ཀྱི་བསམ་ཚུལ་བྱས་ན།
དྲི་བ་གལ་ཆེན་བཅུ་ཡིན་མིན་ྐློག་མཁན་ཚོས་ཐག་གཅོད་གི་རེད་འདོད། འདི་ཞོར་འཕྲོས་ཡིན།
གཉིས།
བཅར་འདྲིའི་འདིའི་སྒྲོམ་གཞི་དང་སྒྲིག་སྟངས། དྲི་བ་དང་དྲི་ལན་བཅས་ནི་ཁང་གསར་རྡོ་རྗེའི་མཐོང་ཚུལ་དེ་ངེད་རང་ལ་ཡང་བྱུང་།
ཕལ་ཆེར། ཁྱེད་ཀྱིས་ང་ལ་འདི་དང་འདི་ཕྲིས། ངས་ལན་འདི་དང་འདི་རྒྱག་གི་ཡིན་ཟེར་བ་ལྟ་བུ་ཞིག་བཟོས་འདུག འདི་ཡང་ཞོར་འཕྲོས་ཡིན།
གསུམ།
གོང་དུ་རྡོ་རྗེ་རྒྱལ་པོ་ལགས་ནས་ “ཁོ་ལ་སློབ་གྲྭ་ཆེན་མོ་དེས་ལས་ཀ་སྤྲད་བྱུང་ཟེར་བ་འདི་སྣང་བར་འགྲོ་མ་སོང་། ངས་ཁོང་ཚོའི་དྲ་རྒྱ་ལ་བལྟས་སྐབས་ལས་ཀ་དེ་ནི་ཕོགས་མེད་ལས་ཀ་རེད་ལ། ད་དུང་ཞིབ་འཇུག་པ་ཟེར་བའི་མིང་དེ་འཛིན་རྒྱུ་ལ་ཕར་སློབ་གྲྭ་ལ་སྒོར་མོ་སྤྲོད་དགོས་པ་ཞིག་རེད།”གསུངས་འདུག སྐད་ཆ་དེར་ཁུངས་སྐྱེལ་རོགས། དྲ་རྒྱ་དེ་འདི་ལ་འཇོག་རོགས།
ངེད་ཀྱི་བསམ་ཚུལ་རྣམས་རིམ་པས་ཞུ་གི་ཡིན།
ངས་བློ་བཟང་སེང་གེ་ཡི་དྲི་བ་བཅིའི་སྟེང་དུ་དྲི་བ་༣་སྣོན་ནས་དྲི་བ་༡༣ བྱེད་ན་དེ་གསུམ་ལ་བློ་བཟང་སེང་གེ་ཡིས་ལན་ཕུལ་བའི་རེ་བ་ཡོད་།
༡ ཀུན་གྱིས་ཤེས་གསལ་བཞིན་བོད་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་མཁན་ལོ་ནས་ལོ་རྒྱུན་ཅེ་མང་རེད་། དེ་རྣམས་ལ་དཀའ་ངལ་མི་འདྲ་བ་མང་པོ་ཡོད་པའི་ནང་ནས་དཀའ་ངལ་ཆེ་ཤོས་ནི་སྐྱབས་བཅོལ་ལག་དེབ་དང་སྐྱེ་སྐར་ལག་དེབ་ཀྱི་བསྐོར་རེད་། གལ་སྲིད་བློ་བཟང་སེང་གེ་ཁྱེད་རྗེས་མར་བཀའ་ཁྲིའི་འོས་ཤོག་ཐོབ་ན་ཁྱེད་ཀྱིས་གཞི་ཆགས་ཚོའི་གནས་སྟངས་ཤེས་གསུངས་བ་བཞིན་གསར་འབྱོར་པའི་སྐྱབས་བཅོལ་ལག་དེབ་དང་སྐྱེ་སྐར་ལག་དེབ་གཉིས་འགྲོ་སོང་འབོར་ཆེན་མི་དགོས་པར་རྒྱ་གར་གྱི་ཁྲིམས་དང་མཐུན་པའི་སྒོ་ནས་ལས་སླ་བོ་ངང་རྒྱ་གར་གཞུང་ནས་ཐོབ་ཐབས་ཀྱི་ཐབས་ལམ་གང་འདྲ་ཡོད་།
༢ ངས་བཀའ་ཁྲི་ཟམ་གདོང་མཆོག་གིས་ཕྱི་རྒྱལ་ཁག་ཏུ་ཁ་ཐོར་དུ་གནས་པའི་བོད་མི་ཚོ་བོད་པའི་ནང་ནས་ཕུད་པ་མིན་ཡང་བོད་པར་དངོས་འཛིན་དཀའ་ཚུལ་ཀྱི་གསུང་བཤད་ཅིག་ཤེས་བྱ་ལས་བཀླགས་པ་ད་དུང་ཡང་དྲན་གྱི་འདུག་པའི་དེའི་བསྐོར་ཉིད་ལ་དགོངས་ཚུལ་གང་འདྲ་ཡོད་།
༣ བཙན་བྱོལ་གཞུང་གི་ནང་ལས་བྱེད་འགས་བོད་ཀྱི་ཆེད་དུ་ལས་བྱེད་པ་ལས་བོད་གཞུང་རྒྱུད་ནས་རང་དོན་བྱེད་པ་མང་པའི་དེ་ཚོའི་བསྐོར་དག་ཐེར་གང་འདྲ་བྱ་ཡི་ཡིན་།
བོད་ཀྱི་བཀའ་ཁྲིར་འདུག་དགོས་ན། ངེས་པར་དུ་བོད་ཡིག་གི་ཡོན་ཚད་ཡག་པོ་དགོས་པ་གལ་ཆེན་པོ་རེད།
ལགས་སོ་རིག་འབྱུང་ལགས།
དྲ་རྒྱ་དེ་འདི་ན་ཡོད་ལགས།
http://www.law.harvard.edu/programs/eals/visitingscholars.html
སྤྱིར་ཁང་སར་ཚང་འདི། མཐོང་རྒྱ་དངཐོས་རྒྱ་ཡངས་ཐོག ཚིག་རྩལ་རྣོ་བས་ཁོང་གི་རྩོམ་དང་ཆན་གྱིས་བློ་བསྐྱེདམི་ཉུང་བ་ཞིག་སྟེར་མོད། ཡིན་ནའང་།སེངྒེའི་གཡུ་རལ་ནམ་ཡིན་ན་གོག་རྩིས་བྱེད་པ་འདི་ལ་བློ་ཕམ་ཡོད།
གཅིག་ནས་རྒྱ་གར་ནང་འཚར་ལོང་བྱུང་བའི་གཞོན་སྐྱེས་མང་པོར་བོད་གཞུང་གི་ལས་བྱེད་ཆུང་ངུ་ཞིག་བྱེད་པར་ཡང་དཀའ་ངལ་འཕྲད་བཞིན་པ་ནི་བོད་སྐད་དང་བོད་ཡིག་བྱང་ཆ་ཡག་པོ་ཞིག་མེད་པའི་རྐྱེན་གྱིས་རེད། དེས་ན་མཐོ་བཀའ་ཁྲི་ལ་ངེས་པར་དུ་མཁོ་བ་ནི་བོད་ཡིག་བོད་སྐད་ཀྱི་རྨང་གཞི་བརྟན་པོ་ཞིག་ཡོད་དགོས་པ་ཐོག་མའི་ཆ་རྐྱེན་ལྟ་བུ་རེད། གཉིས་ནས༌རྒྱ་ནག་གཞུང་གིས་ཀྱང་བཀའ་ཁྲི་གང་ཞིག་བོད་མི་ཞིག་ཏུ་ངོས་འཛིན་བྱེད་འོས་པ་ཞིག་དགོས་པ་ལས་རྒྱལ་ཁབ་གཞན་གྱི་མི་སེར་ཞིག་གིས་བོད་ཀྱི་གནས་སྟངས་ལ་ཐེ་གཏོགས་བྱེད་པར་ངོས་འཛིན་གྱིས་ཞི་བའི་བཀའ་མོལ་སོགས་ལ་བཀག་རྡོ་ལྟ་བུར་འགྱུར་སྲིད། མདོར་ན་ཕྱོགས་ཕན་ཚུན་ནས་འོས་བསྡུའི་འུར་ཟིང་ཆེ་བའི་ཁྲོད་དཔོན་མིང་ཙམ་ལ་དགའ་ནས་མ་འོངས་པར་ངས་འདི་དང་འདི་བྱེད་ཀྱི་ཡིན་ཞེས་བཤད་པ་ནི་བོད་ཀྱི་སྤྱི་ཚོགས་དར་ཏེ་ཡུན་རིང་མ་སོང་བའི་གནས་ཚུལ་ཞིག་རེད། མདོར་ན་སྐུ་ཞབས་བློ་བཟང་སེང་གེ་ལགས། བཀའ་ཁྲིར་འཁོད་རྗེས་བོད་ཀྱི་སྐད་ཡིག་སྦྱོང་བསྡུར་བྱ་མི་དགོས་པ་ཞིག་བྱེད་རྒྱུ་གལ་ཆེ། དཔེར་མཚོན་ཙམ་བཤད་ན་ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྡང་ཆའི་ནང་ཉམས་ཞིབ་པ་དང། རྩོམ་རིག་པ། ལོ་རྒྱུས་པ། མཚན་ཉིད་སྨྲ་བ་སོགས་རིགས་བོད་ཀྱི་རིག་གཞུང་ཕྱོགས་སུ་མཁས་ཉམས་ཅན་གང་འཚམས་ཤིག་འདུག གཉིས་ནས་ཨ་རིའི་ནང་གི་ཁྲིམས་ལུགས་ངོ་མ་ནི་བཙན་བྱོལ་ནང་དེ་ཙམ་རྒྱུགས་མི་ཆེ་བས། ཁྱེད་ཉིད་ལ་དཀའ་ཁག་འཕར་མ་ཞིག་སྤྲོད་རྒྱུ་རེད།
སྐུ་ཞབས་བློ་བཟང་སངས་གེ་ལེགས་ནས་། བཀའ་ལན་སྙན་པོ་གནང་འདུག་། འདྲ་ཆགས་པོ་གནང་འདུག། འོན་ཀྱང་ལན་ཚང་མ་ད་ལྟའི་ང་ཚོའི་་གནས་བབ་ལ་སྦྱར་ནས་ཞིབ་དུ་བསམ་བློ་ཞིག་བཏང་ཚེ་ནང་དོན་ཆེན་པོ་མི་རང་འདུག་། དྲིབ་༥་བས་ལན་དུ། ཡར་རྒྱར་གཏོང་དགོས་ན་མཉམ་མྱོང་མེད་མཁན་ཞིག་འདེམ་དགོས་བ་འདྲ་བོ་གསུང་འདུག་། དེ་དང་ཆབ་ཅིག་། ང་ཚོའི་གཞུང་དེ་ཡར་རྒྱས་གཏོང་ཚུལ་སོགས་རྒྱལ་ཁབ་གཞན་དང་གཞན་ལ་སྦྱར་ནས་ལས་སླ་འདོག་གིས་འབྲེལ་བཤད་སྙིང་རྗེ་བོ་ཞིག་གནང་ཡོད་པར་ལྟས་ན་། ང་ཚོའི་བཀའ་ཁྲིའི་འོས་མི་དེ་ང་ཚོའི་བཀའ་ཁྲིའི་ལས་འགན་དང་བར་ཐག་ཤིན་དུ་རང་བས་སར་ཡོད་པས་ཚོར་བ་ཞིག་ལྟར་།
ད་དོན་དག་སྒང་ལ་བཤད།
༡༽ དྲི་བ་གལ་ཆེན་ ༡༠ ཟེར་ཡང་། དོན་དག་གལ་ཆེ་ཤོས་དེ་ཚོ་གླེང་མི་འདུག དཔེར་ན། བོད་ཀྱི་རྩ་དོན་ཐད་མདུན་སྐྱོད་ཇི་ལྟར་བྱེད་རྩིས་ཡོད། འདི་གལ་ཆེ་ཤོས་རེད། བློ་བཟང་སེང་གེ་རང་གིས་བཤད་པ་ལྟར་གཞོན་ནུ་ཚོགས་པ་སོགས་དང་ཐུག་དུས་བློ་བཟང་སེང་གེས་རང་བཙན་བཤད་ཀི་འདུག སྐབས་གཞན་དུ་དབུ་མའི་ལམ་བཤད་ཀི་འདུག ༸རྒྱལ་བ་རིན་པོ་ཆེའི་དགོངས་པ་བསྒྲུབ་ཀི་ཡིན་ཟེར། བོད་རང་བཙན་བླངས་ཏེ་པོ་ཏ་ལ་རུ་བོད་ཀྱི་རྒྱལ་དར་འཛུགས་ཀི་ཡིན་ཟེར། འདི་གཅིག་གསལ་པོ་བཟོ་དགོས་འདུག འོས་ཤོག་གི་ཆེད་དུ། ཚང་མར་བསྟུན་ནས་ངོ་དགའ་འཁྲབས་བསྡད་ན་མི་ལེགས་ཀ།
༢༽ ༡༩༩༥ ལོར་ཨ་རིར་སློབ་སྦྱོང་ལ་ཕྱིན་རྗེས། བོད་གཞུང་གི་སྒྲིག་གཞི་ལྟར་ན། ༡༩༩༨།༩༩ ལ་རྒྱ་གར་ལ་ངེས་པར་ལོག་སྟེ་ལས་ཀ་བྱེད་དགོས་ཀི་ཡོད། བློ་བཟང་སེང་གེས་ལོག་མི་འདུག ༢༠༠༤ ལོར་གཞི་ནས་དེའི་སྐོར་ལ་སྙན་ཞུ་ཕུལ་འདུག ༢༠༠༤ ལོར་གཞི་ནས་སྙན་ཞུ་ཕུལ་དོན་ག་རེ་རེད། རྒྱུ་རྐྱེན་གང་འདྲ་ཞིག་ལ་བརྟེན་ནས་བློ་བཟང་སེང་གེར་ཤེས་རིག་གི་ཆོག་མཆན་དེ་རག་མིན་ང་ཚོས་མི་ཤེས། ནམ་རྒྱུན་ཤེས་རིག་གིས་འདི་ལྟར་མ་ལོག་མཁན་ཚང་མར་སྤྱི་རྒྱུ་སྒེར་ཟོས་བྱས་ལུགས་ཀྱི་གསལ་བསྒྲགས་གནང་བཞིན་པ་རེད། ངའི་དྲི་བ་དེ། ༢༠༠༤ ལོར་གཞི་ནས་བློ་བཟང་སེང་གེས་ཤེས་རིག་ལ་སྙན་ཞུ་ཕུལ་དོན་ཅི་རེད་ཅེས་པ་དེ་ཡིན།
དོན་དག་གཞན་རྣམས་ལ་རིམ་གྱིས་བགྲོ་གླེང་བྱ།
སུ་ཞིག་བཀའ་ཁྲིར་སླེབས་ཀྱང་བོད་ཀྱི་དཀའ་རྙོག་ནི་སེལ་ཐུབ་རེ་མི་འདུག་ལ། བོད་ཀྱི་གནད་དོན་དེ་ཡང་སྔར་ལྟར་རང་སོར་གནས་ངེས་ལས་ཐག་གཅོད་ཅི་ཡང་མི་ཡོང་། བློ་བཟང་སེང་གེའི་བཤད་སྟངས་དེ་དག་ལ་གཞིགས་ན། སྐབས་འཚོལ་རིང་ལུགས་པའི་རྣམ་པ་ཧ་ཅང་གསལ་པོ་ཡོད་པ་ལས། དེ་ལ་གསར་བཏོད་ཀྱི་ནུས་པ་དང་། འགན་ཁུར་གྱི་རང་བཞིན། སྤོབས་སེམས་སྐྱེ་འགྱུར། ཡིད་ཆེས་བློས་འཁེལ་འབྱུང་གཞི་སོགས་ཀྱི་རྟགས་མཚན་གང་ཡང་མ་མཐོང་། བཤད་སྟངས་དེ་འདྲ་ནི་རང་ཉིད་བཀའ་ཁྲིའི་འོས་གཞིར་ལངས་མཁན་ཞིག་གི་ངོས་ནས་བཤད་དགོས་ངེས་ཤིག་ཆགས་ཡོད། མང་ཚོགས་ཀྱི་ཡིད་བློར་འགྲོ་བའི་སྐད་ཆ་དེ་འདྲ་མ་བཤད་ན་མང་ཚོགས་ཀྱི་རྒྱབ་སྐྱོར་རེག་ཁག་པོ་ཡིན་ཞིང་། དོན་དག་འདི་རང་ཉིད་ལ་གོ་གནས་འཚོལ་མཁན་སུ་ཡིན་གྱིས་གཅིག་མཚུངས་ངང་འབད་སྒྲུབ་བྱེད་པ་ཡིན། སྐད་ཆ་འདྲ་ཆགས་པོ་བཤད་པ་ཙམ་ལ་མགོ་འཁོར་རྒྱུ་གང་ཡང་མི་འདུག ཨ་རིའི་སྲིད་འཛིན་ཨོ་སྦ་མས་ཀྱང་ཁོང་ཉིད་སྲིད་འཛིན་གྱི་འོས་གཞིར་ལངས་སྐབས་སྐད་ཆ་འདྲ་ཆགས་པོ་རྐྱང་རྐྱང་བཤད་པ་རེད། ད་ཆ་ཁོང་ལ་སྲིད་འཛིན་གྱི་གོ་གནས་རེག་ཚར་ནས་ཡུན་རིང་འདས་ཀྱང་དེ་སྔའི་སྐད་ཆ་དག་ནི་མཚོི་ཡི་རླབས་རིས་ལྟར་དུ་གྱུར་ཡོད། ང་ཚོ་ལ་བཀའ་ཁྲི་ཡག་པོ་ཞིག་དགོས་ཀྱི་ཡོད་ན་ཤེས་འཇོན་གཉིས་ཀྱི་ཐོག་ཏུ་ལོི་རྒྱུས་དང་ཉམས་མྱོང་གཉིས་ཀྱང་ཡོད་མཁན་ཞིག་ཅིས་ཀྱང་དགོས་གལ་ཆེ་བར་མཐོང་། བློ་བཟང་སེང་གེ་ལ་མཚོན་ན། རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་གི་མིང་བཏགས་པའི་ཚོད་ཀྱིས་ཤེས་ཡོན་གྱི་ཕྱོགས་ནས་ལས་དོན་གལ་གནད་ཅན་དེ་དང་འདི་བྱས་འདུག་བསམ་པ་ཞིག་མ་ཚོར་ལ། ལྷག་པར་དུ་ཁོང་གི་ལས་སྐལ་དུ་གྱུར་པའི་ཁྲིམས་ལུགས་ཀྱི་ཕྱོགས་ནས་ཀྱང་ང་ཚོར་ངོམ་རིན་ཆོག་པའི་ལས་དོན་གང་ཡང་བསྒྲུབས་མི་འདུག རྒྱུས་མེད་ཕྱོགས་བསླད་ཀྱི་མགྲོན་པོ་ལྟ་བུ་ཞིག་གློ་བུར་དུ་གོ་ས་ལ་བཞག་ན་ཁྱད་མཚར་ཞིག་ཡོང་གཞི་ལས། བོད་མི་མང་ལ་དགོས་ངེས་ཀྱི་གཙོ་ཆེའི་སྲིད་དོན་རིགས་ཡོང་ཁག་པོ་རེད། མཚམས་རེར་བོད་ཀྱི་དུས་བབ་སོགས་སུ་བློ་བཟང་སེང་གེའི་ཡིན་ཁུལ་གྱི་རྩོམ་ཡིག་རེ་ཟུང་མཐོང་རྒྱུ་ཡོད་པ་དེ་ཚོ་ནི་དོན་དངོས་སུ་བློ་བཟང་སེང་གེས་བྲིས་མིན་ཤེས་འདོད་ཆེ་བའི་ཁར། ཁོང་གི་སློབ་ཐོན་ཆེད་རྩོམ་དེ་ལ་ཡང་ང་ཚོས་ལྟ་ཀློག་ཅིག་བྱ་དགོས་པར་འདོད།
ང་མི་དགའ་ས་གཅིག་དེ་བློ་བཟང་སེང་གེས་རྫུན་བཤད་རྒྱུར་ཐེ་ཚོམ་མེད་པ་དེ་ཡིན། བཀའ་བློན་ཁྲི་བའི་འོས་མི་ལ་ངོ་ལྐོག་རྒྱབ་མདུན་གྱི་ལས་ཀ་བྱེད་མཁན་ཞིག་དང་རྫུན་བཤད་མཁན་མི་མཁོ།
བོད་མི་རྣམས་ཀྱིས་ཐུགས་སེམས་བཞེས་རོགས་གནང་།
རྗེས་མའི་བཀའ་བློན་ཁྲི་པ་ མཁས་དབང་བློ་བཟང་སེངྒེ་ལགས་ཡིན་པ་བརྗོད་མ་དགོས་པ་རེད་ལ་
དེ་ལྟར་རེ་སྨོན་དང་བཀྲིས་བདེ་ལེགས་ཀྱིས་སྔོན་བསུ་ཡང་ཞུ་།
རྡུན་ལ་དཀར་ནག་ཡོད།
བཤད་ན་ལེགས་པའི་རྫུན།
བདེན་པ་འགའ་ཤས་ཀྱིས་ཕུ་དཀྲུག་མདའ་དཀྲུག་ཀྱང་བྱེད།
སྐབས་དང་དུས་དང་བསྟུན་དགོས་པ་འདི་གནད་ཅིག་རེད།
ཡིན་ནའང་བློ་སེང་ལགས་ཀྱི་རྡུན་བཤད་ཀྱི་ཡོད་མེད་མི་ཤེས།
འ་དཀོན་མཆོག་མཁྱེན། ང་ནི་སྲིད་དོན་མི་ཤེས་མཁན་ཞིག་ཡིན་པས་སྲིད་དོན་སྐོར་ནས་བཤད་ཡོང་དུས་ཞེད་སྣང་འདྲ་བོ་ཞིག་འདུག དྲི་བ་དྲི་ལན་དེ་ཚོ་ཤར་མར་གཅིག་བཀླགས་པའི་རྗེས་སུ་ཚོར་སྣང་ཞིག་བྱུང་བ་ནི་སེམས་ཁྲལ་རེད། སེམས་ཁྲལ་དེ་ཡང་འོ་ད་ཡིན་ན་བཙན་བྱོལ་བོད་གཞུང་གི་དངུལ་དེ་ཚོ་ག་འདྲ་བྱས་ཡོང་བསམ་ནས་ཞེད་སྣང་འདྲ་ཞིག་འདུག ལས་ཀ་གང་ཡང་མ་བྱས་པར་ཨ་རིའི་ནང་དུ་ལོ་མང་རིང་སློབ་གྲྭ་དང་། ཁང་པ། མོ་ཀྲ་ཚང་མའི་འགྲོ་སོང་། དེ་བཞིན་དུ་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཤར་རྒྱུགས་ནུབ་འདུར་བྱེད་པའི་འགྲོ་སོང་སོགས། གར་ཡོང་འདི་ཡོང་མེད་པར་བབས་པ་འདིས། སྤྱི་དངུལ་བེད་སྤྱོད་གཏོང་ཕྱོགས་ཐད་ལ་ཤིན་ཏུ་ནས་སྤྱང་པོ་ཡོད་པ་ཞིག་ཡོད་པའི་ཚོར་སྣང་བྱུང་། འོ་ད་ཡིན་ན་བོད་གཞུང་གི་དངུལ་དེ་ཚོ་ཉིན་ཞིག་ཨ་རིའི་དངུལ་ཁང་ལ་སླེབས་སྲིད་པས། བོད་གཞུང་གི་དངུལ་ཚང་མ་དངུལ་ཁང་ནས་མར་བཏོན་དེ། རྒན་པ་ཚོས་གདན་ཁྲི་འོག་ལ་སྦས་ཞོག དེ་ནས་བཀའ་ཁྲིའི་འོས་གཞི་གཉིས་ཀའི་སུ་བཀའ་ཁྲིར་འདེམས་ན་ཡང་འགྲིག ངོ་ནས་མགྲོན་པོ་ཞིག་བཀའ་ཁྲིའི་འོས་གཞི་ནང་སླེབས་པ་ལྟ་བུའི་ཚོར་སྣང་འདུག ང་ཡང་ཨ་རིར་སླེབས་མེད་ཚེ་གཏམ་བཤད་འདྲ་ཆགས་པོ་དེ་ཚོར་ཡིད་ཆེས་བྱེད་སྲིད་མོད།
སྐྱག་རྫུན་མ་བཤད། ཁེ་ཎ་ཌ་ལ་chriners hospital ཟེར་་བ་ཞིག་ཡོད་མ་རེད།
ཁྱོད་ཚོས་འདི་ལྟར་བཤད་དུས་གཞི་ནས་དྲན་ཡོང་གི་འདུག ངས་ཆབ་སྲིད་སྐོར་མང་པོ་ཞིག་མི་ཤེས་ཏེ། གོང་གི་གློག་བརྙན་ཐུང་ངུ་རེའི་ནང་བློ་སེང་དང་བཀྲས་མཐོང་༼གཞན་དེའི་མིང་གསལ་པོ་ཞིག་མ་ངེས་༽སོགས་ལ་ཨ་རིའི་ནང་ནས་བཀའ་ཁྲིའི་འོས་བསྡུའི་ཆེད་བགྲོ་གླེང་ལྟ་བུ་ཞིག་འཚོགས་སྐབས་ང་ཡང་དེར་བཅར་བ་ཡིན། ཕྱིའི་མཐོང་ཚོད་ལ་བློ་བཟང་སེང་གེ་ཟེར་བ་སྐབས་འཚོལ་རིང་ལུགས་པ་འམ་མགོ་བདེ་དྲན་འཕྲུལ་ཅན་ཞིག་ཡིན་པའི་ཚོར་སྣང་ཟབ་མོ་ཞིག་བྱུང། སྤྱིར་ཁོང་བཀའ་ཁྲིར་སླེབས་ཏེ་རྒྱ་ནག་གི་མདུན་དུ་བོད་དོན་ཆེད་མགོ་བདེ་འཁྲབ་ཐུབ་ན་འགྲིག་འགྲོ་བ་རེད་དེ། ལོ་སྔ་མར་ཁོ་རྒྱ་གར་དུ་སླེབས་ཏེ་ཁམས་ལི་ཐང་གི་སྐྱ་སེར་ཁག་ཅིག་ལ༌ལི་ཐང་སྐོར་གྱི་ལོ་རྒྱུས་ཤིག་གླེང་སྐབས། བློ་བཟང་སེང་གེ་ཟེར་བ་ལུང་ཚན་ཕན་ཚུན་བར་འདི་འདྲའི་ཞེན་ཁོག་ཅན་ཞིག་དང། ནམ་རྒྱུན་ངའི་པ་ལགས་དང་པ་ལགས་ཟེར་ནས་རང་ཁྱིམ་ལ་བསྟོད་པ་རྐྱང་རྐྱང་བྱེད་མཁན་ཞིག་འདུག གཅིག་བྱས་ན་ཚང་མས་མཁྱེན་གསལ་ལྟར་རང་རེའི་རྒན་འཁོག་ཁག་ཅིག་སྟེ་ཆོལ་གསུམ་དང་ལུང་ཚན་བར་རྙོག་གྲ་རྐྱང་རྐྱང་བཟོ་མཁན་མཇུག་རྫོགས་བཞིན་ཡོད་པས། བློ་བཟང་སེང་གེ་ནི་ཁོང་ཚོ་ལྟར་མི་རབས་གསར་པའི་འབྲེལ་མཐུད་པ་ཞིག་ཏུ་མི་ཆགས་པའི་ངེས་པ་གཏན་ནས་མི་འདུག གང་ལྟར་ང་ལ་མཚོན་ན་བློ་སེང་བཀྲས་མཐོང་སོགས་སུ་སླེབས་ན་འདྲ་ཆོལ་གསུམ་དང་ཆོས་ལུགས་བར་རྙོག་གྲ་མི་བཟོ་མཁན་ཞིག་ངེས་པར་དུ་དགོས། བོད་བདེན་མཐའ་གསལ་ཞེས་པ་ནི་ཨ་མྱེ་ངས་ཚེ་ཕྱི་མར་སྨོན་ལམ་འདྲ་འདེབས་རྒྱུ་ལས་གཞན་ཁག་ས་རེད་ཡ། གཅེས་ཕྲུག་ཚོ།
དྲི་བ་དང་པོའི་ལན་ནི། བང་ཆེན་གསར་ཤོག་གི་རྩོམ་སྒྲིག་པས་ཆེ་བསྟོད་བྱེད་པའི་དོན་དག། ཡོང་ཁུངས་དབུལ་པོ་རེད། ཤོག་ཁག་ཡོད་མ་རེད། བཙན་བྱོལ་ནང་འཚར་ལོངས་བྱས་པ་རེད་ཟེར་བ་དེ་ཚོ་རེད།
དྲི་བ་གཉིས་པའི་ལན་ནི། སྒྲིག་གཞི་གཞིར་བཟུང་རྒྱ་གར་ལ་ལོག་ནས་ཞབས་འདེགས་མ་ཞུས་པ་དེར་དག་འབུད་བྱས་པ་རེད་འདུག
དྲི་བ་གསུམ་པའི་ལན་ནི། སློབ་སྦྱོང་གི་གྲུབ་འབྲས་རྣམས་༸གོང་ས་མཆོག་སོགས་ཀྱི་བཀའ་དྲིན་ཡིན་པ་དང་དྲིན་ལན་འཇལ་འདོད་ཡོད་ཟེར་བ་རེད་འདུག
དྲི་བ་བཞི་པའི་ལན་ནི། དྲྭ་ཐོག་ཏུ་བློ་བཟང་སེང་གེ་དང་བཀྲས་མཐོང་བསྟན་རྣམ་གཉིས་ལ་འོས་འཕེན་མཁན་མང་ཤོས་བྱུང་བ་དེ་ངེས་མེད་ཡིན་པ་དང་མང་ཚོགས་ཀྱིས་འོས་བསྡུའི་ཆ་ཤས་ལེན་གལ་ཆེ་སྐོར་རེད།
དྲི་བ་ལྔ་པའི་ལན་ནི། ཉམས་མྱོང་གལ་ཆེན་མ་རེད། ངས་ངྷ་སར་ཐད་ཀར་ལས་ཀ་མ་བྱས་ཀྱང་།་དྷ་ས་དང་གཞིས་ཆགས་ཁག་སྦར་མཐིལ་ནང་བླུགས་བཞག་ཡོད། སེམས་ཁྲལ་རྩ་བ་ནས་མི་དགོས་ཟེར་བ་རེད།
དྲི་བ་དྲུག་པའི་ལན་ནི། བཀའ་ཁྲིའི་ལས་འགན་གཙོ་བོའམ་ཤུགས་རྒྱག་དགོས་ས་གང་དང་གང་ཡིན་སྐོར་རེད་འདུག ལན་གྱི་ནང་འདི་དང་འདི་རེད་ཅེས་བཤད་པ་མ་གཏོགས། འདི་ལྟར་བྱེད་ཀི་ཡིན་ཞེས་བཤད་མི་འདུག
དྲི་བ་བདུན་པའི་ལན་ནི། རྒྱ་ནག་གི་ཁྲིམས་སྤྱད་དེ་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པའི་བསམ་ཚུལ་ཞིག་རེད།
དྲི་བ་བརྒྱད་པའི་ལན་ནི། ང་ཆོས་དད་ཡོད། ས་དགེ་བཀའ་རྙིང་རིས་སུ་མ་ཆད་པར་དད་གུས་ཡོད་ཅེས་པ་དེ་རེད། བོན་པོའི་མིང་ཙམ་ཡང་སྨྲོས་མི་འདུག འོས་ཤོག་གི་འབྱུང་ཁུངས་མང་པོ་རང་མེད་ཙམ་མིན་ནམ།
དྲི་བ་དགུ་པའི་ལན་ནི། ས་གནས་མང་པོ་ཞིག་ལ་སོང་ཟིན་པ་ཡིན། མ་འོངས་པར་ཡང་འགྲོ་འཆར་ཡོད་ཅེས་པ་དེ་རེད། འདིའི་སྐབས་རྒྱ་གར་ལྷོ་ཕྱོགས་ཀྱི་་བོན་དགོན་ལ་སོང་ཚུལ་འདྲ་ཞིག་བཤད་འདུག ལྷོ་ཕྱོགས་ལ་བོན་གྱི་དགོན་པ་ཡོད་དམ།
དྲི་བ་བཅུ་པའི་ལན། བཀའ་ཁྲིའི་འོས་གཞིར་ཞུགས་པའི་འཆར་གཞི་གསལ་བསྒྲགས་བྱེད་རྒྱུ་དང་མང་ཚོགས་ཚོས་འོས་བསྡུའི་ཆ་ཤས་ལེན་དགོས་པའི་སྐོར་རེད་འདུག
ངས་འདིར་བློ་བཟང་སེང་གེར་དགག་བྱ་བྱེད་ཀི་མེད། དཔྱད་ཞིབ་བྱེད་ཀི་ཡོད། མ་འོངས་བཀའ་ཁྲིར་ལངས་མཁན་གཞན་ཚོས་འདི་འདྲའི་བཅར་འདྲིར་དང་ལེན་བྱེད་སྐབས་སུའང་དཔྱད་ཞིབ་གང་ཐུབ་ཞུ་གི་ཡིན།
དྲི་བ་བཅུ་པའི་ལན་ནི།
ད་ཚང་མས་ཡག་པོ་གསུངས་འདུག དྲང་པོ་དྲང་བཞག་གིས་བཤད་ན་མི་སུ་ཡིན་ན་ཡང་བསམ་བློ་མ་གཏོང་རང་གཏོང་རེད། ངའི་གོ་ཐོས་ལ་བློ་བཟང་སེང་གེའི་མཁས་དབང་གི་མིང་ལེན་པའི་རྩོམ་དེ་དབུ་མའི་ལམ་གྱི་ཐོག་ལ་བྲིས་པ་ལས་རྒྱ་ནག་གི་ཁྲིམས་ཀྱི་ཐོག་བྲིས་པ་མེད་ཟེར། ཁོས་རྒྱ་ནག་གི་ཁྲིམས་ཤེས་པ་ལ་རྒྱ་སྐད་ཆུ་རྒྱུགས་རྒྱུགས་དགོས་ཀྱང་དེ་ནི་མེད་སྐད།
ངས་གཡས་བཙལ་གཡོན་བཙལ་ཞིག་བྱེད་སྐབས་བློ་བཟང་སེང་གེ་འདི་བོད་ཀྱི་ཁྲིམས་ལ་མཁས་པ། བོད་ལ་མཁས་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལ་མཁས་པ་ཞེས་བྲིས་འདུག བོད་ཀྱི་ཁྲིམས་ཟེར་ན་གང་ཡིན་ནམ། མི་ཆོས་གཙང་མ་བཅུ་དྲུག་དང་ཞལ་ལྕེ་དེ་ཚོ་ཡིན་ནམ། བོད་ལ་མཁས་པ་ཟེར་ན་གང་ཡིན་ནམ། ད་རྙེད་སོང་། ཁོང་གི་ཆེད་རྩོམ་མཁས་དབང་གི་མིང་ཐོབ་པ་དེ་ལ་དབྱིན་སྐད་དུ་ “Democracy in Distress: Is Exile Polity a Remedy? A Case Study of Tibet’s Government in Exile.” ཟེར་གི་འདུག ད་འདི་བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་རེད་འདུག འདི་རྒྱལ་སྤྱི་དང་རྒྱ་ནག་གི་ཁྲིམས་མ་རེད་དོ༎
རྒྱ་མིའི་ཁྲིམས་ཤེས་པར་རྒྱ་སྐད་ཆུ་རྒྱུགས་རྒྱུགས་དགོས་ལེ་མ་རེད་ འཛམ་གླིང་ནང་སྙན་གྲགས་དང་ཚད་མཐོ་བའི་གཙུག་ལག་སློབ་གྲ་ཧར་ཝརཊ་ལྟ་བུའི་ནང་འཛམ་གླིང་རྒྱལ་ཁབ་ཚང་མའི་ཁྲིམས་དབྱིན་ཡིག་ཐོག་དང་ཆེད་གཉེར་སློབ་དཔོན་དྲུང་ནས་སློབ་སྦྱོང་བྱེད་རྒྱུ་ཡོད་ལི་རེད་ བོད་ཀྱི་ཁྲིམས་ཟེར་ན་ བོད་ཀྱི་རྩ་ཁྲིམས་དང་ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཞེས་དེབ་ལྗང་ཁུ་གཉིས་ཡོད་པ་དེ་གཉིས་ལ་ཟེར་ལི་རེད་།
བློ་བཟང་སེང་གེ་ལ་ནུབ་ཕྱོགས་ཀྱི་གོམས་ཡག་པོ་འབྱོར་འདུག དཔེར་ན་ཁོང་གིས་འོས་བསྡུའི་སྔོན་འགྲོའི་སྐབས་སུ་མང་ཚོགས་ལ་འབྲེལ་བ་བྱེད་སྟངས་ཞིབ་ཚགས་པོ་འདུག བོད་མི་ལ་ཞིབ་ཚགས་པོ་མེད་སྐྱོན་ཆ་དེ་ཁོ་ལ་མི་འདུག གཉིས་པ་ཧུར་བརྩོན་ཆེན་པོ་དང་ལས་འགུལ་ལ་གསོན་ཤུགས་མངོན་གསལ་དོད་པོ་འདུག རང་གི་དམིགས་ཡུལ་དེ་གསོན་ཤུགས་ལྡན་པའི་ཐོགས་ནས་བསྒྲུབ་རྒྱུར་འབད་བརྩོན་བྱེད་མཁན་ཞིག་རེད། སོ་སོའི་དམིགས་ཡུལ་གྱི་ཆེད་དུ་ཧུར་བརྩོན་ཆེན་པོ་འདུག དེ་ཡང་ཡག་པོ་རེད་དྲན། བསྟན་འཛིན་རྣམ་རྒྱལ་གཉིད་ཁུག་རྒྱུར་དགའ་བོ་ཡོད་པ་འདྲ། ད་དུང་འོས་འགྲན་ཆེད་གོམ་གང་སྤོས་པ་གོ་མ་སོང་། ཕྱི་ནས་འགུལ་གྱི་ཐོག་ནས་བལྟས་ན་བསྟན་རྣམ་ལས་བློ་སེང་ལ་ལུས་ངག་ཡིད་གསུམ་ལ་གསོན་ཤུགས་ལྡན་འདུག བསྟན་རྣམ་ལ་བཀའ་ཁྲིའི་གོ་གནས་ཕུལ་ན་མ་གཏོགས་དེའི་ཆེད་དུ་འཆར་གཞི་དང་འབད་བརྩོན་གནང་གི་མི་འདུག
ཡང་སྙིང་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲིར་འདེམས་ན་བོད་མི་མང་གིས་བཀའ་ཁྲིའི་རྐུབ་སྟེགས་ལ་ཁ་བཏགས་ཤིག་གཡོག་ཏེ་བསྟན་རྣམ་གྱི་སྒྲོ་འགྲམ་ལ་ཕར་བསྐྱལ་ནས་འགྲོ་དགོས་ཐུག་ས་རེད། དེ་ལས་ལྡོག་ཏེ་བློ་བཟང་སེང་གེས་ཁ་བཏགས་ཁྱེར་ནས་མི་མང་གི་མདུན་ལ་ཚུར་ཡོང་ནས་བཀའ་ཁྲིའི་རྐུབ་སྟེགས་བསུ་རྒྱུའི་འབད་བརྩོན་བྱེད་འདུག
བསྟན་འཛིན་རྣམ་རྒྱལ་གྱིས་བོད་མི་ཚོས་བཀའ་ཁྲིའི་རྐུབ་སྟེགས་ལ་ཁ་བཏགས་ཤིག་བཏགས་ནས་ཁོ་ལ་འབུལ་དུ་ཁྱེར་ཤོག་མདོག་མདོག་བྱས་ནས་རང་ཁྱིམ་ན་ཉལ་ནས་སྒུག་འདུག བློ་བཟང་སེང་གེས་ཁ་བཏགས་ཁྱེར་ནས་མི་མང་གི་མདུན་ལ་ཚུར་ཡོང་ནས་བཀའ་ཁྲིའི་རྐུབ་སྟེགས་བསུ་རྒྱུའི་འབད་བརྩོན་བྱེད་འདུག
ཕར་ལྟོས་ཚོད་ཀྱི་འདི་གཉིས་ལ་ཁྱད་པར་ཆེན་པོ་འདུག་པ། བློ་སེང་གིས་ང་བཀའ་ཁྲི་འདུག་གི་ཡིན་ཞེས་དང་བླང་གནང་བ་དང་། བཀྲས་རྣམས་ནས་དང་བླང་མ་གནང་བར་མི་དམངས་གི་འདོད་པ་དངོས་ལ་རེ་བསྒུགས་བྱེད་པ་ལྟ་བུར་འདུག། དེ་ཕལ་ཆེར་འོས་མི་གཉིས་རེ་རེ་ནས་བཀའ་ཁྲའི་ལས་འགན་ངོ་མ་དེ་དངོས་ཟིན་མ་ཟིན་གྱི་ཁྱད་པར་ཡིན་པར་འདོད་། གོང་ས་མཆོག་གིས་སྐུ་དབང་ཕྱེད་ཁུར་དགོས་བ་དང་། བོད་ནང་དུ་བོད་མི་རྣམས་ཉིན་རེ་བཞིན་སྦྲུལ་ཁང་ནང་གི་ཙི་ཙི་བཞིན་གཅིག་རྗེས་གཉིས་འཐུད་ཀྱི་འཁྱུར་མིད་གཏོང་བཞིན་པ་འདི་སྐྱོབ་ཐབས་ཀྱི་འགན། བཙན་བྱོལ་དུ་བོད་མི་རྣམས་བདག་དབང་དང་ཐོབ་ཐང་མེད་རྐྱེན་དཀའ་སྡུག་སྣ་ཚོགས་ལོ་རེ་ནས་ལོ་རེར་ཅེ་ཆེར་འགྲོ་བས། གནོན་ཤིག་མེ་འབར་བ་དང་། ཆུ་འཁོལ་བ་ལྟ་བུའི་བར་དུ་ལས་སླ་འདོག་གིས་དང་བླང་གནང་བ་འདི་ནི་གནས་ལུག་དེ་ངོས་མ་ཟིན་པས་མིན་འགྲོ་། ལོ་ན་ཆུང་དུས་ནས་བཟུང་བཙན་བྱོལ་བོད་གཞུང་དམང་གཉིས་ཀྱི་སྐྱིད་སྡུག་ཆེ་ཆུང་ཚང་མ་མགོ་ཡི་ཞྭ་ལྟར་གྱོན་བསྡད་པས་བཀྲས་རྣམས་ལ་མཚོན་ན་། མི་དམངས་ལ་གནོན་ཤིག་དང་སྐུལ་སློང་ཅི་ཡང་མེད་པར་རང་དབང་གི་འདེམ་ཀ་བྱེད་རྒྱུར་བསྒུགས་ཏེ་། མ་འོང་བས་ལོ་ལྔའི་བཀའ་ཁྲའི་ལས་འགན་བསམ་བཞིགས་ཀྱི་ཏིང་ངེ་འཛིན་ལ་བཞུག་ཡོད་པ་མིན་འགྲོ་།
ངས་དེ་རིང་ཡང་སྐྱར་འཛམ་གླིང་གི་སྒེའུ་ཁུང་ནང་ནས་རྒྱང་ལྟ་ཞིག་བྱས་པ་ཡིན། དེ་ནི་དེང་སང་ཡོང་བཞིན་པའི་བཀའ་བློན་ཁྲི་བའི་གནས་སྟངས་དེ་རེད།
ཞིབ་ཏུ་བསམ་བློ་གཏང་ནས་བལྟས་པ་ཡིན་ན་བློ་བཟང་སེངྒེ་རྐྱག་རྗུན་དེ་ཕལ་ཆེར་རྐུབ་བརྡོལ་རན་འདུག
སྤྱིར་གཏང་ཁོང་བསྡད་ས་དེ་ཨ་རིར་བོ་སིཏྲོན་རེད། དེ་ལ་གནས་པའི་བོད་རིགས་ཕལ་ཆེར་ལྔ་བརྒྱ་ཁ་མ་ཟིན་ཙམ་ཡོད་རེད་དེས་ནང་ནས་ཁོང་ཡིད་ཆེས་བྱེད་མཁན་ག་ཚད་འདུག་ཁྱེད་རང་ཚོའི་བརྟགས་དཔྱད་གནང་དང་། ང་ཚོའི་བོད་ཀྱི་ཁ་རྒྱུན་ལ། རྟ་བཟང་ངན་ཁྲོམ་ནས་གསལ། མི་བཟང་ངན་ཁྱིམ་ནས་གསལ། ཞེས་པའི་དཔེ་ལྟར་ཡིན་པས་ཐམས་ཅད་ཀྱིས་མགོ་བསྐོར་དང་རྐྱག་རྗུན་གྱི་དབང་དུ་མ་སོང་བར་གཟབ་ནན་གནང་རོག