ཚེ་དབང་རྣམ་རྒྱལ།
ཕྱི་ལོ་ ༢༠༡༡ ལོར་བློ་བཟང་སེང་གེ་བཀའ་ཁྲིར་འདམས་པ་རེད། དེ་ནས་རིམ་པས་སྲིད་སྐྱོང་གི་མིང་གནས་ལ་འགྱུར་བ་བཏང་བ་རེད། མིང་གནས་ཀྱི་འགྱུར་བ་དེའི་སྐབས་སྤྱི་འཐུས་ཀྱི་བཞུགས་མོལ་ཚོགས་འདུའི་ནང་ནས། མི་མང་གིས་བཀའ་ཁྲིར་འདམས་པ་ལས་སྲིད་སྐྱོང་ལ་འདམས་ཡོད་པ་མ་རེད་ཅེས་གླེང་མཁན་ཡང་བྱུང་ཡོད། མི་མང་གིས་བཀའ་ཁྲིར་འདམས་པ་ཞིག་རང་བཞིན་གྱིས་སྲིད་སྐྱོང་ཆགས་པ་དེས། མང་གཙོའི་འོས་འདེམས་དང་བོད་མིའི་འོས་འདེམས་བསམ་བློའི་ནང་ལ། དུས་ཡུན་གང་འཚམ་གྱི་རིང་ལ་མ་བདེ་བ་དང་མ་གོམས་པ་ཆགས་ཡོད།
གང་ལྟར། ད་ལྟའི་ཆར་བཀའ་ཤག་གི་ལས་ཡུན་ལོ་ལྔ་དེ་རྫོགས་ལ་ཉེ་བ་ཆགས་ཡོད། འདས་པའི་བཀའ་ཤག་རིམ་པ་དང་བསྡུར་བ་ཡིན་ན། ད་རེས་ཀྱི་བཀའ་ཤག་འདིས་གྲོས་ཚོགས་ལ་འགན་ཏག་ཏག་མ་ཁུར་བ་དང་། མང་ཚོགས་ལ་འགན་ཏག་ཏག་མ་ཁུར་བ། འཛིན་སྐྱོང་ལ་འགན་ཏག་ཏག་མ་ཁུར་བའི་ཉེར་ལེན་ལ་བརྟེན་ནས། ད་ཆ་འཕྲོད་བསྟེན་དང་ཤེས་ཡོན། སྤྱི་ཚོགས་སྲ་བརྟན་གང་ཅིའི་གནས་བབ་དངོས་གནས་པ་གཞིར་བཞག་གིས་བཀའ་ཤག་གི་ལས་དོན་གྲུབ་འབྲས་འཚོལ་མཁན་ཚོས། འཐུས་ཤོར་གྱི་གནད་དོན་མང་པོ་ཞིག་ལྷག་ཡོད་པ་ཡོངས་བསྒྲགས་བྱས་དང་བྱེད་མུས་ཀྱི་སྐབས་ཤིག་རེད། ཉེ་ཆར་གོང་ས་མཆོག་གིས་ཐུགས་ཕམ་དང་བཅས་འཐུས་ཤོར་དང་ལེགས་བཅོས་གནང་ཕྱོགས་གཉིས་ཀའི་ཐད་བཀའ་སློབ་ཕེབས་ཡོད་པ་ནི་འཐུས་ཤོར་འདི་ཅུང་ཚབས་ཆེན་གྱི་རྣམ་པར་གཟིགས་སྟངས་ཤིག་རེད།
གཞན་ཡང་། གངས་སྐྱིད་ཀྱི་ལས་བྱེད་རྒན་རབས་པ་མང་ཆེ་བས། བློ་བཟང་སེང་གེས་བཀའ་ཤག་གི་འགན་ཁུར་བ་ནས་རིམ་པས་བོད་མིའི་སྒྲིག་འཛུགས་ཀྱི་མདོག་ཤོར་སོང་ཟེར་གྱིན་ཡོད། དེ་དང་འབྲེལ་ནས་ལས་བྱེད་མང་པོ་ལས་གནས་ནས་རྩ་དགོངས་ཕྱིན་པའི་བརྒྱ་ཆ་གང་འཚམ་ནི་བཀའ་ཤག་གི་ལས་ཀ་བྱེད་སྟངས་ལ་འདོད་པ་མ་ཁེངས་ནས་བློ་ཕམ་གྱིས་ཕྱིན་པར་ཡང་ཤོད་ཀྱིན་ཡོད། ཐ་ན་བློ་བཟང་སེང་གེས་ལས་དོན་བྱེད་ཕྱོགས་ལ་རྒྱུས་མངའ་ཡོད་མཁན་བཀའ་བློན་ཞིག་གིས། བློ་བཟང་སེང་གེ་མ་འོངས་པའི་སྲིད་སྐྱོང་དུ་མི་འོས་པའི་རྒྱུ་མཚན་དགུ་བགྲངས་ཏེ་ལས་གནས་ནས་རྩ་དགོངས་ཞུས་པའང་བྱུང་ཡོད། འདི་ཚང་མ་དངོས་ཡོད་གནས་སྟངས་རེད། འདི་ཚང་མ་དྲི་བ་རེ་རེ་རེད། རྙེད་དོན་བཙལ་ན་འཐུས་ཤོར་གྱི་རྣམ་པ་མཚོན་སྟངས་རེ་རེ་རེད།
བློ་བཟང་སེང་གེས་རང་ཉིད་སྲིད་སྐྱོང་བྱས་པའི་ལོ་ལྔའི་རིང་གི་གྲུབ་འབྲས་ཆེ་ཤོས་ནི་སྤྱི་ཚོགས་ལྷིང་འཇགས་པོ་བྱུང་བ་དེ་ཡིན་ཟེར་ནས་ག་ས་གང་དུ་བསྒྲགས་ཡོད་ཀྱང་། མང་ཚོགས་ལ་དེ་གྲུབ་འབྲས་སུ་ངོ་འཕྲོད་པ་ཞིག་ཆགས་ཐུབ་ཀྱིན་མེད། དེ་ལས་ལྡོག་སྟེ། ཨ་རིའི་དོན་གཅོད་ཁང་ནས་གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་པར་མར་ཕབ་ནས་སོ་སོའི་འདྲ་པར་ཡར་བཞག་པ་རེད་ཟེར་བ་དང་། དོལ་རྒྱལ་ཚོགས་ཚོགས་པས་བློ་བཟང་སེང་གེ་ལ་བསྟོད་བསྔགས་དང་སྲིད་སྐྱོང་གི་འོས་ཤོག་ཐོབ་པར་རྒྱབ་སྐྱོར་ཡི་གེ་སྤེལ་ཡོད་པ་རེད་ཟེར་བ་སོགས་ལ་ད་དུང་ཡང་མང་ཚོགས་ཁྲོད་ན་དོགས་སློང་བྱས་དང་བྱེད་བཞིན་ཡོད་པ་དང་། སྒེར་གྱི་ཁང་པའི་རིན་དངུལ་ཡོང་ཁུངས་གླེང་སློང་སོགས་ལ་བློ་བཟང་སེང་གེས་གྲོས་ཚོགས་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་གསལ་བཤད་ག་ཚད་བྱས་ནའང་། མང་ཚོགས་ལ་གསལ་པོ་མ་ཆགས་པར་ལྷག་ཡོད། ད་ལྟའི་སྲིད་སྐྱོང་དང་བཀའ་ཤག་གི་ལས་ཡུན་ལོ་ལྔ་འདི་མང་ཚོགས་ཀྱི་ཡིད་ཆེས་སྤུངས་ས་ཞིག་ཆགས་མ་ཐུབ་པར་རྒྱུ་རྐྱེན་གཞན་ཡོད་སྲིད་ནའང་། གསལ་པོ་ཆགས་མ་ཐུབ་པའི་གླེང་གཞི་འདི་དག་གིས་གཞུང་མང་བར་ལ་ས་མཚམས་ཤིག་ཕྱེས་ཡོད། ཅིའི་ཕྱིར་མང་ཚོགས་ཀྱིས་སྲིད་སྐྱོང་གི་གསལ་བཤད་དེ་དག་གསལ་བཤད་དུ་ངོས་ལེན་མི་བྱེད་པ་ཡིན་ནམ། འདི་ཡང་དྲི་བ་གཅིག་རེད།
འོ་ན་བློ་བཟང་སེང་གེས་འདས་པའི་ལོ་ལྔའི་རིང་ལས་དོན་གཙོ་བོ་གང་ཡང་སྒྲུབ་མེད་པ་རེད་དམ་ཅེ་ན། མང་ཚོགས་ཀྱི་མཐོང་སྣང་ལ། དུས་དབང་ཞུ་བའི་རྣམ་པ་བེད་སྤྱད་ནས་གོང་ས་མཆོག་འོས་ཤོག་ཐོབ་པའི་ཆ་རྐྱེན་དུ་བེད་སྤྱོད་གཏོང་རྩིས་བྱས་པ། གཞུང་འབྲེལ་གྱིས་གཞི་རིམ་མང་ཚོགས་ཁྲོད་ཡང་ཡང་བཅར་ཡོད་ནའང་ལས་དོན་གཙོ་བོ་རང་ཉིད་ལ་ཡང་སྐྱར་འོས་ཤོག་ཐོབ་ཐབས་ཆེད་གཉེར་བྱས་ཡོད་པ། གཞི་རིམ་མང་ཚོགས་ཀྱི་འཕྲོད་བསྟེན་དང་། ཤེས་ཡོན་ཐད་ལེགས་བཅོས་ཡར་རྒྱས་ཀྱི་ཚབ་ལ་འཐུས་ཤོར་བཏང་ཡོད་པ། ཤེས་ཡོན་སྲིད་བྱུས་ལག་བསྟར་ལ་མཐུན་འགྱུར་ཆ་ཚང་མ་སྦྱར་བ། བོད་སློབ་འཛིན་སྐྱོང་ཚོགས་པའི་འོག་གི་སློབ་གྲྭ་ཁག་རྩིས་ལེན་དང་འབྲེལ་ནས་སློབ་གྲྭ་ཁག་ལ་དགེ་རྒན་ཏག་ཏག་བཀོད་སྒྲིག་མ་བྱས་པར་ནར་འགྱངས་འཐུས་ཤོར་ལ་འགྲོ་བའི་གནས་སྟངས་ཆགས་ཡོད་པ། འཕྲོད་བསྟེན་ཐད་ནས་གཞིས་ཆགས་ཁག་གི་སྨན་ཁང་ལ་སྨན་པ་མེད་པ་སོགས་ཀྱི་དཀའ་ངལ་ཆེན་པོའི་འོག་ལྷུང་བཅུག་ཡོད་པ་ནས། གཞི་རིམ་མང་ཚོགས་ཀྱི་འཚོ་གནས་ལ་འགན་ཁུར་ལྟ་རྟོག་མ་བྱས་པར་དཔོན་ཉམས་འཁྲབ་ནས་བསྡད་པའི་མཐོང་སྣང་ཤུགས་ཆེ་བ་དེས། གྲུབ་འབྲས་ཡོད་ངེས་པ་དེ་དག་ཀྱང་མངོན་གསལ་བ་ཞིག་ཆགས་ཐུབ་ཀྱི་མེད། ད་ལྟའི་བཀའ་ཤག་གི་འཐུས་ཤོར་ནི་ལོ་ལྔའི་དུས་ཡུན་རྫོགས་ཉེའི་མཚམས་འདིར་མངོན་གསལ་ཆགས་པ་ཞིག་ཆགས་ཀྱི་ཡོད་པ་མ་རེད། ད་ལྟའི་བཀའ་ཤག་གི་ལས་ཡུན་མགོ་ཚུགས་ནས་ཡུན་རིང་པོ་མ་སོང་བའི་སྐབས་ཏག་ཏག་ལའང་གོང་ས་མཆོག་གིས། ༼སྐུ་དྲག་གསར་པ་འཁྲུབ་རྒྱུ་ཡོད་པ་མ་རེད་༽ཅེས་ལམ་སྟོན་བཀའ་སློབ་ཕེབས་དགོས་པ་བྱུང་ཡོད། དེ་ནས་རིམ་པས་འགྱུར་བ་གང་འཚམ་འགྲོ་བར་དགོངས་ནས་གོང་ས་མཆོག་གིས་རྡི་ལིའི་སྐུ་ཚབ་དོན་གཅོད་ཙམ་ལས་དོན་གཅོད་གཞན་ཚང་མ་གོང་ས་མཆོག་གི་མཚན་ཐོག་ནས་འཇོག་རྒྱུ་ཕྱིར་འཐེན་གནང་ཡོད། འདི་ཡང་བཀའ་ཤག་གི་ལས་ཀ་བྱེད་སྟངས་ལ་རག་ལུས་མེད་ཅེས་བཤད་ས་མི་འགྲོ་བ་ཞིག་རེད།
གང་ལྟར། ད་ལྟའི་བཀའ་ཤག་འདི་གྲུབ་འབྲས་བརྩོན་ལེན་ལས་འཐུས་ཤོར་མང་བ་ཕྱིན་པ་ཞིག་ཆགས་ཡོད་སྟབས། གྲོས་ཚོགས་ར་བ་དང་མང་ཚོགས་ཁྲོད་ནས་ལྟ་སྟངས་སྣ་ཚོགས་ཤིག་ཡོང་ཡོད་ནའང་། དེ་དག་ལབཀའ་ཤག་གི་ངོས་ནས་ལས་དོན་ལག་བསྟར་གྱི་ལན་འདེབས་ལས་ཁ་ནས་གྲུབ་འབྲས་བྱུང་ཡོད་རབས་དང་རེ་བ་ཆེན་པོ་ཡོད་རབས་ཁོ་ན་བཤད་ནས་ལན་འདེབས་བྱེད་རྒྱུ་གཙོ་འདོན་བྱས་ཏེ་གཡོལ་ཐབས་ཁོ་ན་བསྟེན་ནས་ལོ་ལྔའི་དུས་ཡུན་རྫོགས་ལ་ཉེ་བར་གཏུགས་པའི་གནས་སྟངས་ནི། གོང་ས་མཆོག་གིས་ཀྱང་ཐུགས་འཚབ་ཆེན་པོས་མ་འོངས་པའི་ལོ་བཅུ་དང་བཅོ་ལྔ་ནི་གྲུབ་འབྲས་ཀྱི་ཕྱོགས་སུ་གོམ་སྐྱོད་བྱེད་དགོས་པ་ནན་སྟོན་གནངས་ཡོད། དེ་ཚུལ་ནི་ཉེ་ཆར་སྨན་རྩིས་ཁང་ལོ་བརྒྱའི་མཛད་སྒོའི་སྐབས། ༼ དངོས་གནས་བསམ་པ་རྣམ་དག དྲང་མོ་དྲང་བཞག རྒྱབ་མདུན་ངོ་ལྐོག་མེད་པ། རང་དོན་ཁོག་བཅུག་མ་ཡིན་པར། རྒྱུ་འབྲས་དྲང་བདེན་གྱི་ཐོག་ནས་བཀའ་ལས་བརྒྱབ་ནས་འབྲས་བུ་གང་ལ་གང་འཚམ་བྱུང་བསྡད་ཡོད་པ་རེད།༽ ཅེས་སྔོན་གྱི་གནས་སྟངས་ལ་ཕྱོགས་བསྡོམས་དང་། ༼ང་ཚོ་འདིར་འདྲ་ཆགས་པོ་བཤད། རྒྱས་རྒྱས་སྤྲོས་སྤྲོས་བྱས། ས་གནས་ས་ཐོག་ལ་ནད་པ་དང་དབུལ་ཕོངས། སྐྱབས་མེད་མགོན་མེད་ལྷག་བསྡད་པ་དེ་ཚོའི་གྲས་དེ་ང་ཚོའི་རྒྱབ་མདུན་མངོན་ལྐོག་མ་མཚུངས་པའི་རྟགས་རེད། མདུན་ལ་འདྲ་ཆགས་པོ་བྱས་ཏེ། རྒྱབ་ལོགས་ལ་འཐུས་ཤོར་ཕྱིན་བསྡད་པ་ཡིན་ན། ང་ཚོས་འདིར་འདྲ་ཆགས་པོ་ཞེ་དྲགས་བྱས་ཀྱང་གཟི་བརྗིད་ཁོག་སྟོང་ཟེར་བ་དེ་ཆགས་པ་རེད། དེར་བརྟེན། ང་ཚོ་འདྲ་ཆགས་པོའི་ཐོག་ལ་འགྲོ་རྒྱུ་མི་འདུག ཁ་ཡོད་ལག་ཡོད་ཐོག་འགྲོ་དགོས་པ་རེད་མ་གཏོགས་འདྲ་ཆགས་ཆགས་ཤིག་གི་ཐོག་ཕྱིན་པ་ཡིན་ན། ད་ལྟའི་བར་དུ་དེ་འདྲ་དེ་འདྲ་བྱས་ཏེ་ཁུངས་འཁྱོལ་བ་རེད། ང་ནི་ཉི་མ་ལ་བརྒལ་མཚམས་ཆགས་བསྡད་ཡོད་པ་རེད། ལོ་བཅུ་དང་བཅོ་ལྔའི་འཕྲོ་ནས་ཤི་འགྲོ་བ་རེད། དེ་ནས་ཁྱེད་རང་ཚོའི་སྒང་ལ་འགན་བསླེབས་བསྡད་ཡོད་པ་རེད། གཟབ་གཟབ་བྱས་ན་མ་གཏོགས། ད་ལྟའི་བར་ཁུངས་འཁྱོལ་ཚམ་འཁྱོལ་ཙམ་བྱུང་སོང་། ད་དུང་ཁུངས་འཁྱོལ་འགྲོ་བ་རེད་བསམ་ན་ནོར་འཁྲུལ་རེད་དཱ། དེ་ཁྱོད་རང་ཚོ་ཚང་མས་སེམས་ལ་ངེས་པ་བྱོས། ང་རང་ཚོའི་སྤྱི་ཚོགས་ནང་ལ་ཡ་རབས་སྤྱོད་བཟང་ཟེར་བ་དེ་ཚོ་ཁ་ནས་བཤད། ལག་ལེན་ངོ་མའི་ཐོག་ལ་ཚད་དམར་རུ་དམར་རུ་འགྲོ་བཞིན་ཡོད་པའི་བཟོ་ལྟ་འདུག དེ་ཚོར་གཟབ་གཟབ་བྱེད་དགོས་པ་རེད། དེ་ངས་བཤད་འདོད་བྱུང་སོང་།༽ ཞེས་ཐུགས་འཚབ་དང་བཅས་ད་ལྟ་ད་ལྟའི་གནས་སྟངས་ལ་ཕྱོགས་བསྡོམས་གནང་ཡོད། འདི་ནི་བློ་བཟང་སེང་གེ་སྲིད་སྐྱོང་ལ་བསྡད་པའི་ལོ་ལྔའི་རིང་ལ་བྲིས་པའི་རི་མོ་རེད། འཐུས་ཤོར་གྱི་རི་མོ་རེད། ལོ་ལྔའི་རིང་གི་གྲུབ་འབྲས་ཆེ་ཤོས་ནི་ལྷིང་འཇགས་ཡིན་ཟེར་བ་དང་། རྨང་གཞི་བརྟན་པོ་བཏིང་ཡོད། ཤེས་ཡོན་ཡར་རྒྱས་འགྲོ་དང་འགྲོ་བཞིན་པ་ཡིན། གཞིས་ཆགས་ཡར་རྒྱས་འགྲོ་དང་འགྲོ་བཞིན་པ་ཡིན་སོགས་བཤད་ནས་མང་ཚོགས་ལ་མགོ་སྐོར་དང་། འོས་ཤོག་ཐོབ་ཐབས་ཁོ་ན་ཆེད་གཉེར་བྱས་པའི་རྗེས་ལ། རྒྱ་ཆེའི་མང་ཚོགས་ནས་ད་གཟོད་བློ་བཟང་སེང་གེས་གངས་སྐྱིད་ནས་ལོ་ལྔ་དེ་ཇི་ལྟར་བསྐྱེལ་བའི་སྣེ་ཞིག་མཐོང་གིན་ཡོད། ཡིན་ནའང་། ཚར་བ་ནི་ཚར་བ་རེད། ང་ཚོས་མ་འོངས་པའི་ལོ་ལྔ་དེར་སྔར་ལས་ལེགས་བཅོས་ཀྱི་རེ་བ་བྱེད་དགོས་པ་རེད།
དོན་དག་གཞན་ཞིག་ནི། གནས་ཆུང་ཆོས་སྐྱོང་གིས་བཀའ་ལུང་གནང་བའི་ནང་། ༼དཔལ་ལྡན་དགའ་བ་བརྒྱ་ལྡན་པའི་ཆབ་སྲིད་གསེར་གྱི་ཡུ་བ་མང་མོས་ཁྲོད་དུ་གསོལ་སྩལ་གྱིས་ལས་གང་བྱས་ཀྱང་བསམ་ཤེས་དམན། དྲིན་མ་ཚོར་བཀའ་གསུང་མི་སྒྲུབ་པས། མགོན་ཐུགས་ཕམ་ཆེ་བས་དུས་ཀྱི་ཕྱིར། ཐུགས་རྟེན་འབྲེལ་མ་གཟབ་ན་ལས་གང་ཕྱིར་གྲུབ་པར་དོན་མི་གསལ།༽ཞེས་དང་། ༼ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་གིས་མང་པོའི་ཁྲོད་དུ་ཆབ་སྲིད་གསེར་གྱི་ཡུ་བ་བཀྲིན་བསྐྱངས་པ་འདི་ནི་ཁ་བ་ཅན་གྱི་སྐྱེ་འགྲོ་བསོད་ནམས་དམན་པས་ནང་ཁུལ་ཕན་ཚུན་ལབ་རེས་གླེང་རེས་སྨད་པའི་རྒྱུར་འགྲོ་བ་འདི་ནི་སྤྱིར་འཛམ་གླིང་གི་གཙུག་གི་ནོར་བུ་ངོས་ཀྱི་མཐོང་བ་དོན་ལྡན་མཆོག་ཉི་ཤར་སྤར་མོས་མ་ཁེབས་པའི་དཔེ་ལྟར་མཛད་བཟང་ལེགས་པར་བསྐྱངས་ན་ཡང་ཁ་བ་ཅན་གྱི་བསོད་ནམས་དམན་པས་ནང་དུ་དམ་ཚིག་མི་ལྡན་ན་སྐུ་ཕྱྭར་འགན་ལེན་མི་བཟོད་པ་ཞིག་འདུག་པས། ད་སླད་ཕྱིན་སྤང་བླང་ཚུལ་བཞིན་ཕྱིན་ཆད་གསོལ་འདེབས་ནན་པོ་མ་མཛད་ན་སྐུ་ཕྱྭའི་འགན་ལེན་མདུན་ན་འདོན་ཁྱེད་ཀྱིས་འགན་ཁུར་གྱིས༽ཞེས་ཕེབས་ཡོད། དེ་བཞིན་བཀྲ་ཤིས་ཚེ་རིང་མས་ཀྱང་བཀའ་ལུང་ཅི་བས་གནད་འགག་ཅན་ཕེབས་ཡོད། འདི་ནི་བློ་བཟང་སེང་གེས་མགོ་འཁྲིད་པའི་བཀའ་ཤག་གིས་ལོ་ལྔའི་རིང་ལ་ལས་དོན་འཐུས་ཤོར་བཏང་བ་དང་། ནང་སྒོས་སུ་སྒེར་གྱི་འོས་ཤོག་ཆེད་བཀའ་ཤག་བེད་སྤྱོད་ཀྱིས་དུས་དབང་ཕྱིར་འགྱངས་སྐོར་ལ་སྔ་ཕྱི་མི་མཚུངས་པའི་གསལ་བསྒྲགས་སྤེལ་ནས་མང་ཚོགས་ལ་འཁྲུག་རྐྱེན་བཟོས་ནས་འཐུས་ཤོར་རིགས་སྦས་གབ་ཀྱི་ཐབས་ཤེས་བྱས་པ་དང་། འོས་ཤོག་སློང་མོ་ཁ་ན་ཞེ་བཞག་གིས་རྒྱལ་གཅེས་དཔའ་བོ་གཉིས་ཀྱིས་སྐུ་བསྟན་སྲིད་ཆེད་སྐུ་ལུས་མེར་སྲེག་གནང་བའི་རོ་ཐོག་ནས་གཞས་བཏང་ཞབས་བྲོ་འཁྲབ་སྟེ་རྒྱ་ཆེའི་མང་ཚོགས་དང་བཀའ་ཤག་བར་གྱི་རེ་བ་དང་ཡིད་ཆེས་བརླག་བཅུག་པ་སོགས་ལས་བྱུང་བའི་འབྲས་བུ་རེད།
མདོར་ན་ད་ལྟའི་བཀའ་ཤག་འདིས། ལྷ་མི་ཀུན་ཐུགས་ཕམ་བློ་ཕམ་ཡོང་བའི་གནས་སུ་བསྐྱེལ་ནས་རེ་བ་དང་ཡིད་ཆེས་གཉིས་ཀ་བརླག་གཞིའི་མཚམས་ལྟ་བུར་སྐྱེལ་ཡོད་ནའང་། ད་ནི་སྔར་བྱས་ལ་བཤགས་འབུལ་དང་ཕྱིས་འབྱུང་ལ་རེ་བ་བསྐྲུན་ནས། མ་འོངས་པའི་ལོ་ལྔ་དེ་འཐུས་ཤོར་གྱི་ལམ་དུ་མ་ཤོར་བ་ཞིག་བྱ་རོགས་ཞེས་བློ་བཟང་སེང་གེ་དང་མ་འོངས་བཀའ་ཤག་ལ་རེ་འདུན་ཆུང་ཆུང་ཞིག་དང་སྦྲགས། ད་ནི་སྤྱི་འཐུས་སྤྱི་སེམས་ཅན་དག་གིས་བྱ་ར་དང་སྟངས་འཛིན་དོ་ཁུར་སྔར་ལས་ལྷག་པ་གནང་ནས་མ་འོངས་པའི་ལོ་ལྔ་དེ་རེ་བའི་ལོ་ལྔ་ལ་ཁ་ལོ་བསྒྱུར་ཐུབ་དགོས། ད་ལྟ་ང་ཚོར་རེ་བ་རྒྱག་སྣེ་འདི་ཙམ་ལས་འཇུ་ས་གཞན་ལྷག་མེད། རྒྱ་ཆེའི་མང་ཚོགས་ཀྱིས་དུས་ནམ་ཡང་རྡ་རམ་ས་ལའི་ཕྱོགས་ལ་མིག་ལྟོས་དང་ཨང་ཉན་རེ་གནང་རོགས།
ངའི་སེངྒེ་།
བློ་བཟང་སེང་གེ་མིའི་སེངྒེ་། །
སྲིད་སྐྱོང་སེང་གེ་བོད་སེངྒེ་། །
མང་བཀུར་སེང་གེ་སྲིད་སེངྒེ་། །
དབང་ཐང་སེང་གེ་ངའི་སེངྒེ་། །
སྲིད་སྐྱོང་བློ་སེང་རང་གི དྭང་བླངས་དཔྱ་ཁྲལ་་གྱི་མིང་ནོར་བ་དེ་ཡང་ལོ་ངོ་དེ་དག་གི་རིང་ལ་བཟོ་བཅོས་མ་འཐུབ་མཁན་མི་དེ། བོད་པའི་སྲིད་སྐྱོང་ཡིན་ཟེར་ན་ངོ་ཚ་བ་ལ། གནས་ཚུལ་འདི་. New York Times ལ་སྤྲད་དགོས་འདུག འདིའི་བསྐོར་ལ་་འོས་བསྡུའི་ལས་ཁུངས་ལ་སྙན་ཞུ་ཕུལ་ཡང་། ཡིག་ལན་དུ་བཅའ་ཁྲིམས་ནང་བོད་ཀྱི་ཡུལ་མི་ཡིན་པ་ལས། དྭང་བླངས་དཔྱ་ཁྲལ་ལག་དེབ་གྱི་མིང་འཁོད་མེད་བྲིས་འདུག དེ་འདྲ་ཡིན་ན་བོད་ཀྱི་ཡུལ་མི་ཡིན་པའི་ཚད་འཛིན་ས་ག་འདྲ་རེད། ལན་མེད་པ་གསལ་པོ་རེད། མདོར་ན་གཟི་བརྗིད་ཁོག་སྟོང་དངོས་གནས་རེད།
རྒྱལ་འགྱུར་ཅིག །
བློ་སེང་རྒྱལ་འགྱུར་ཅིག །
སྲིད་སྐྱོང་རྒྱལ་འགྱུར་ཅིག །
སྒྲིག་འཛུགས་རྒྱལ་འགྱུར་ཅིག །
མང་གཙོ་རྒྱལ་འགྱུར་ཅིག །
གང་ནས་ཡིན་པ་དྲིས་པས།།
ཧ་ཝ་ཌི་ནས་ཡིན་ཟེར།།
ཅི་ཞིག་འཇོན་པ་དྲིས་དུས།།
སྲིད་སྐྱོང་འཇོན་པ་ལབ་སོང་།།
ལོ་ལྔའི་གྲུབ་འབྲས་དྲིས་དུས།།
ལྷིང་འཇགས་བྱུང་ཡོད་ལབ་སོང་།།
གངས་སྐྱིད་ཨ་མ་རྒན་མོ།།
གད་མོ་རྐུབ་ནས་ཤོར་སོང་།།
ཆོས་སྐྱོང་བཙན་པོ་ཞིག་གིས།།
ཡིད་ཐང་ཆད་ཡོད་གསུང་སོང་།།
ཞི་བའི་ལྷ་མོ་ཞིག་གིས།།
འགྲམ་ལྕག་ལན་གསུམ་གཞུས་སོང་།།
རྩེད་ཆས་འདྲ་བའི་སྲིད་སྐྱོང་།།
འཐུས་ཤོར་གཡང་ལ་ཟགས་སོང་།།
སྐུ་ཞབས་བློ་བཟང་སེང་གེས།།
འཇོན་ས་ཨེ་རེད་ཁོ་རེ།།
བློ་སེང་གིས། དྲང་པོ་བྱས་མེད་ན། ད་ཐེར་འདོན་བྱེད་དགོས་རེད། སྲིད་སྐྱོང་གིས། ལྐོག་ཟ་རུལ་སུངས་བྱས་ཡོད་ན། གསལ་དོན་བྱེད་དགོས། ཡང་ཁོང་གིས། མ་རབས་བྱས་ཡོད་ན། འཐེར་འདོན་བྱེད་དགོས། དེ་མིན་མི་མང་གིས་ཡར་བསྐོས་ཚར་པ་སྲིད་སྐྱོང་དེ་ལ། གུས་ཞབས་དང་། རྒྱབ་སྐྱོར། རེ་སྨོན་བྱ་རྒྱུ་དེ། བོད་མི་ངོ་རེ་ངོ་རེས་ལས་འགན་རེད་གདའ།།
བློ་སེང་སྲིད་སྐྱོང་གཟི་བརྗིད་ཁོག་སྟོང་ཟེར་དུས། ཞི་ཅིང་ཕིན་གཟི་བརྗིད་ཆེན་པོ་ལབ་པ་འདྲ་བོ་ཆགས་འགྲོ་བ་དེ། ཁོང་ལ་མ་དགའ་བ་དང་། ཁྲག་མདོག་ཅན་ཚོས་དེ་བརྗེད་འགྲོ་བགྱིད་ཡོད་རེད་དོ།།
བོད་མིའི་སྲིད་སྐྱོང་དེ། བོད་མིའི་ཁ་གཏད་ལས་རྒྱལ་དུས། བོད་མི་རྣམས་ཀྱི་རང་གི་རྩ་དོན་གྲུབ་པ་བརྩིས་དགོས་པ་དེ་ཡང་མི་ཤེས་སམ། ལགས།། །།
ཚེ་དབང་རྣམ་རྒྱལ་ཟེར་མཁན་འདི་ཡང་སེམས་པ་ཐང་པོ་མེད་པར་འདྲ། དམངས་གཙོ་ལམ་ནས་བློ་སེང་སྲིད་སྐྱོང་གི་ཞབས་སྟེགས་སུ་སླེབས་རེད་གདའ། འོས་འདེམས་མཁན་དེ་ཚང་མ་དང་གླེན་པ་ཨེ་ཡིན་ནམ།
དེང་སང་གི་”སྐུ་དྲག་གསར་པ་” ཚོས། མང་ཚོགས་ཀྱིས་བཀོད་པའི་སྡུག་ཡུས་ཀྱིས། ལས་འབྲས་དང་བཟང་སྤྱོད་མེད་པར་ བོད་སྤྱི་བའི་མཐུན་སྒྲིལ་དང་རྩ་དོན་རྡོག་བརྫིས་སུ་གཏོང་བའི་དུས་འདིར། “སྐུ་དྲག་རྙིང་པ་”་རྣམས་ལྷང་གྱིས་དྲན། ཁོང་ཚོར་དེང་རབས་ཀྱི་ཤེས་ཡོན་དང་སྐད་ཡིག་མེད་ཀྱང་། ལས་འབྲས་དང་བཟང་སྤྱོད་ནི་ཡོད། ལ་བརྒྱ་ཡོད། གོམས་གཤིསབཟང་པོ་ནི་ཡོད། རྒྱུད་བཏགས་ཀྱང་ཡོད།
ལར་ནས་མང་ཚོགས་ཡིན་ན། མི་མང་གི་སྲིད་ཞུ་བ་ཡིན་པའི་འདུ་ཤེས་བརྟན་པོ་ཞིག་མ་སྐྲུན་གྱི་བར་དུ། སྐུ་ངོ་དང་། དཔལ་ལྡན་ཚོགས་གཙོ། དཔལ་ལྡན་སྲིད་སྐྱོང་ཞེས། ལྕེ་ནར་ནར་གྱིས་གུས་ཞབས་བྱེད་སྟངས་འདི་མཚམས་འཇོག་བྱེད་དགོས་ཀྱི་འདུག མི་མང་གི་སྲིད་ཞུ་བ་ཞིག་ཡིན་པའི་རྣམ་པ་མཐོན་ན། ད་གཟོད་སྐུ་ངོ་ཞེས་གུས་པའི་ཚིག་གིས་བསུ་ཆོག་གི་རེད། དེ་མིན་ཁྱི་ལ་སེང་གེའི་མིང་བཏགས་ན་རང་གཞན་ཚང་མར་ཕན་ལས་གནོད་ཆེ་བའི་གནས་ཚུལ་འདི་འདྲ་རེད།
མི་ཡིས་མི་ལ་མ་དོ་ན་ཕྲག་དོག་གཡོ་སྒྱུ་ཁྲམ་གསུམ་གྱིས་ཅི་མི་ཡོང་། བླ་ོ་བཛང་སེང་གེ་རྒྱལ་གྱུར་ཅིག བདེན་པ་རྒྱལ་ལོ། གངས་སེང་རྒྱལ་ལོ།
བློ་སེང་གི་རྒྱབ་བསྐྱོར་བ་ཀ་རྡོ་དང་ཏི་སེ་གཉིས་ལ་ཞུ་རྒྱུ། བློ་སེང་གི་བདེ་སྲུང་བཀའ་བློན་འགན་འཁྱེར་ཐུབ་མཁན་སུ་བཞག་ན་དགའ་ས་རེད། ༧སྐྱབས་མགོན་རིན་པོ་ཆེའི་སྐུ་ཕྱྭ་གལ་ཆེན་པོ་ཡིན་པ་སྨོས་མེད་རེད། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་རྩ་དགོངས་ཞུས་པ་བློ་སེང་གི་ཕམ་ཁ་ཆེན་པོ་གཉིས་པ་རེད། དང་པོ་ཕྱི་དྲིལ་བཀའ་བློན་དགོངས་པ་ཞུས་སོང་། འཕྲོད་བསྟེན་བཀའ་བློན་ངེས་པར་དུ་རྩ་དགོངས་ཞུས་དགོས་འདུག
ཚེ་དབང་རྣམ་གྱི་རྣམ་རྒྱལ་གྱི་རྩོམ་ཡིག་དོན་སྟོང་དང་། ཁོག་སྟོང་རེད་ལབ་ན། ཁྱོད་ལ་ག་ཚོད་ཙམ་གནོད་དམ། ལགས། རང་གི་ལུས་ལ་དཔེ་བླངས་ནས་་་་་་
ལགས་རེད། ནུབ་གངས་ལགས། ཡིན་ན་ཡང་། བདེ་སྲུང་ལས་ཁུངས་དང་། སྐུ་སྒེར་གཉིས་ཀྱི་ག་འདྲ་ཅིག་ཡོད་དམ། ང་ལ་དྭོགས་པ་ཡོད། བོད་མི་ཟེར་མཁན་དེ། སྡུག་དེ་ནི། རང་གིས་བྱེད་ཐུབ་ན་ཡང་། བོད་རིགས་གཞན་ལ་ཡང་བྱེད་མི་བཅུག་པ་དེ་རེད། དེ་ལ་ང་ནི། མིག་ཆུ་ཤོར་བགྱིད།
ཁ་ནས་བློ་བཟང་སེང་གེ་བརྗོད། །
ལག་པས་སློབ་བཟང་སངས་རྒྱས་བྲིས། །
ཁ་ལག་གཉིས་ཀ་མི་མཚུངས་པས། །
སྲིད་སྐྱོང་འདི་ཡི་དོན་མི་འགྲུབ། །
ཁ་ཡིས་བོད་དོན་རྟག་ཏུ་བསྒྲགས། །
ལག་པས་རང་དོན་ཁོ་ན་གཉེར། །
ཁ་ལག་གཉིས་ཀ་མི་མཚུངས་པས། །
ལོ་ལྔའི་གྲུབ་འབྲས་ལྷིང་འཇགས་ཙམ། །
ཁ་ཡིས་མཐུན་འབྲེལ་མཉམ་གནས་གླེང་། །
ལག་པས་རང་བློར་གང་ཤར་བྱས། །
ཁ་ལག་གཉིས་ཀ་མི་མཚུངས་པས། །
ལས་རོགས་རྣམ་པ་རྩ་དགོངས་བཏང་། །
མདོར་ན་ཁ་དང་ལག་པ་གཉིས། །
མི་མཚུངས་པ་ཡི་སྲིད་སྐྱོང་འདིས། །
ད་དུང་ལོ་ལྔ་བསྐྱང་རྒྱུ་ན། །
མཇུག་འབྲས་ཀོར་ཐིག་ཉིད་དུ་ངེས། །
སེང་གེའི་གཡུ་རལ་ངོམས་དུས་།
རྡ་ལི་ཁྱི་སྐད་རྒྱག་གིས་།
སེང་གི་གནམ་འཕྱོངས་རྒྱག་སྐབས་།
ཁྱི་རྒན་ཐངས་ལ་འཁྱམས་འདུག་།
སེང་གེ་གངས་སྟོད་འགྲིམས་དུས་།
ཁྱི་འཁྱམས་གྲོང་སེང་མྱུལ་གྱིས་།
བཀའ་བློན་གསེར་རྡོག་འདྲ་བོ། །
བཟང་སྤྱོད་སྒོ་ནས་ཕེབས་སོང་། །
འཕྲོད་བཀའ་ཁྱི་སྐྱག་འདྲ་བོ། །
ད་དུང་འཛུམ་མེར་བཞུགས་བཞག །
སངས་རྒྱས་བླ་འཁྱམ་བྱུང་ནས། །
གདོང་པའི་པའི་མདོག་ཡང་ཤོར་སོང་། །
སངས་རྒྱས་འཁྲབ་རྒྱུ་མང་ནས། །
རང་མདོག་ལྷང་ལ་འབུད་དུས། །
ཁ་གཏད་ཚོགས་གཙོ་སྤེན་ཚེས། །
བོད་དོན་སྤྱི་ལ་བསམ་ནས། །
གསར་འགོད་ལྷན་ཚོགས་བསྐོངས་ཏེ། །
མདུན་ནས་སྐྱོབ་ཐབས་གནང་བྱུང་། །
སྐྱོབ་དང་མ་སྐྱོབ་མི་འདུག །
གཤིས་ངན་དེ་ལས་མེད་ན། །
ཡང་སྐྱར་སྲིད་དེ་སྐྱོང་བར། །
དམངས་ལ་འདོད་པ་མི་འདུག །
བློ་སེང་རྒྱལ་ལོ་ཟེར་ཀྱང་།།
ཚིག་སྐམ་སྟོང་པའི་བྲག་ཆ།།
རང་གི་ཁས་བླངས་བྱ་བ།།
རུས་སྦལ་རྐུབ་ཀྱི་སྤུ་རེད།།
མི་དགོས་འཕྲོད་བསྟེན་བཀའ་བློན།།
གཡས་སྐྱོར་གཡོན་སྐྱོར་བྱས་ནས།།
གཅེས་ཕྲུག་ཨ་མས་སྙོར་སྙོར།།
བྱེད་དགོས་རྒྱུ་མཚན་ཅི་ཡིན།།
བླ་མའི་བཀའ་ནན་ཕེབས་སོང་།།
ལྷ་ཚོགས་ཁྲོས་ནས་བཞུགས་འདུག།
མི་མང་སྡུག་སྐད་བརྒྱབས་ཀྱང་།།
གོ་རྒྱུ་མེད་པ་གང་རེད།།
དེང་སང་དྲྭ་ཐོག་ལ་རྒྱུག་ཆེ་བའི་སྐད་ཆ་ཞིག་ནི་བདེ་སྲུང་བཀའ་བློན་དགོངས་ཞུའི་སྐོར་འདི་རེད་ལ། སྐབས་འཚོལ་བ་ཁག་ཅིག་གིས་གནད་དོན་འདི་སྲིད་སྐྱོང་ནག་པོ་བཟོ་བའི་ལག་ཆར་སྤྱོད་ཅི་ཐུབ་བྱས་དང་བྱེད་བཞིན་པ་རེད། དོན་དངོས་པའི་གནས་ཚུལ་ལ་བདེ་སྲུང་བཀའ་བློན་དགོངས་པ་ཞུས་པ་ནི་ཉེ་ཆར་གོང་ས་མཆོག་གི་བཀའ་ནན་གནང་བ་དང་། ལྷ་སྲུང་རྣམས་པས་གཟི་རྔམ་ངོམ་པ་དེས་རང་འགན་མ་ཁྱོག་པར་དགོངས་པ་ཞུས་པ་ལས་གཞན་པའི་གནད་དོན་གང་ཡང་མེད་ཅེས་གསུངས་འདུག དེ་ལྟར་ཡང་གངས་ཅན་སྐྱིད་བཤོང་གི་ལས་བྱེད་ཁྲོད་ནས་ཅུང་སྙན་གྲགས་ཆེ་ཞིང་མི་མང་གིས་དགའ་མོས་ཞུ་ཡུལ་ཞིག་གིས་གནང་སྟངས་འདི་ནི། དོན་ལ་ག་རེ་ཡིན་ཡང་རུང་མཐོང་སྣང་ལ་སྲིད་སྐྱོང་བློ་བཟང་སེང་གེ་ལ་གནོན་ཤུགས་སྤྲད་པ་ལྟ་བུ་ཞིག་ཆགས་སོང་བས་བློ་ཕམ་ཡོད།
སྲིད་སྐྱོང་གི་བྱས་རྗེས་ལ་རྡ་སའི་ལྷ་མི་གཉིས་ཀྱིས་ཆེ་བསྟོད་བྱས་པ་ཞིག་མཐོང་མ་མྱོང་ཡང་། ད་ལོའི་འོས་བསྡུའི་གཡུལ་འཁྲུག་ཁྲོད་རྡ་སའི་ལྷ་མི་གཉིས་དཔུང་སྒྲིག་ནས་སྲིད་སྐྱོང་སྟེང་ལ་ཤོར་ཡོང་སྟངས་འདི་ནི་བསམ་ཡོད་མི་ལ་སྙིང་རླུང་སློངས་བའི་བྱ་སྤྱོད་ཐབ་སྡུག་ཅིག་རེད། སྲིད་སྐྱོང་བློ་བཟང་སེང་གེས་ཨ་རིའི་སྒྲོ་ལོར་གྱི་ཁེ་ཕན་བློས་བཏང་ནས་སོ་སོའི་མི་རིགས་ཀྱི་ཆེད་དུ་རྡ་ས་ལྟ་བུའི་རི་ཁུག་ལུང་ཀྱོག་ཅིག་ལ། ཧིན་སྒོར་སྟོང་ཕྲག་ཁ་ཤས་ལ་རྟེན་ནས་འཚོ་བ་བསྐྱལ་ཏེ་ཉིན་གྱི་མི་དང་མཚན་གྱི་ཁྱི་ལྟར་བོད་སྤྱི་དོན་གྱི་ཆེད་དུ་དཀའ་ལས་རྒྱག་པ་འདི་ལ་བཟང་པོའི་ངོ་སོ་མེད་པར་ངན་པའི་ཆད་པ་བཅད་ནས་ལྷ་མི་གཉིས་ཀས་དཔུང་རུབ་བྱེད་བཞིན་པའི་ཚུལ་འདི་མཐོང་སྐབས་བོད་པ་ཚང་གི་ཆབ་སྲིད་པ་དང་ལྷ་སྲུང་ཚོར་རེ་ཐག་གཏིང་ནས་ཆད་སོང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བོད་སྤྱི་དོན་ལ་ལྷག་བསམ་དང་སེམས་ཤུགས་བླ་ན་མེད་པ་ཞིག་ཡོད་རྐྱེན་སྣ་བཙུགས་ལོག་ཀྱང་པུས་བཙུགས་བཅའ་ནས་ཕྱག་ལས་གནང་བཞིན་པ་ལས། མི་གཞན་ཞིག་ཡིན་ན་གངས་སྐྱིད་ལ་ལས་ཀ་བྱས་ནས་ཉིན་མ་གཅིག་ཀྱང་སྡོད་ཐུབ་རྒྱུ་ཁག་པོ་རེད།
མི་ཁག་གཅིག་གིས་ཁོང་སྲིད་སྐྱོང་ལང་པ་དེ་ཁོང་སྒེར་གྱི་ཁེ་ཕན་ཆེད་ཡིན་པ་ལྟ་བུར་བསམ་གྱི་ཡོད་པ་འདྲ། འོན་ཀྱང་ཁོང་སྲིད་སྐྱོང་བྱེད་མ་ཐུབ་ཀྱང་བོད་སྤྱི་པའི་གྱོང་རྒུད་ལས་ཁོང་སྒེར་ལ་གྱོང་རག་འགྲོ་རྒྱུ་ཅི་ཡང་མེད། ཁོང་ལྟ་བུའི་ཤེས་ཡོན་དང་འཇོན་ཐང་ཅན་ཞིག་གང་དུ་སོང་ཡང་ང་དང་ཁོ་ཞེས་ཐོབ་ཤ་བྱེད་པ་ལས་ལས་ཀ་མ་རག་པ་དང་པད་ཤག་བསགས་མ་ཐུབ་པའི་དཀའ་ངལ་གཏན་ནས་མེད། གནས་ལུགས་འདི་ང་ཚོས་ངེས་པར་དུ་ཤེས་དགོས་པ་རེད། ཤེས་ནས་ཀྱང་བོད་སྤྱི་དོན་ལ་བསམ་བློ་ཅུང་ཟད་ཡོད་མཁན་ཞིག་ཡིན་ན་འགན་ཁུར་མེད་པའི་གཞི་མེད་སྐྱོན་འཛུག་རིགས་མཚམས་འཇོག་བྱེད་དགོས་པ་རེད། ལུང་པ་ཆུ་ཡིས་ཁྱེར་ན་རྡོ་ལེབ་སྐམ་པོ་ལྷག་མི་སྲིད་པའི་གནས་ལུགས་འདི་ཡང་ཧ་གོ་དགོས་པ་རེད།
སྲིད་སྐྱོང་བློ་སེང་གིས་”སྤྱི་མཐུན་གྱི་བསོད་ནམས་གསོག་གི་ཡོད་པ་རེད། སྤྱི་མཐུན་གྱི་བསོད་ནམས་ག་ཚོད་ཡོད་པ་ཡིན་ན་དེ་ལ་དཔག་པའི་༧གོང་ས་མཆོག་གི་སྐུ་ཚེ་དང་ཐད་ཀར་འབྲེལ་བ་ཡོད་དུས།”ཞེས་བཤད་འདུག སྐད་ཆ་འདི་ཚོ་གོ་དུས་གད་མོ་འཆོར་གྲབས་འདུག
གང་ཡིན་ཟེར་ན་སྤྱི་མཐུན་གྱི་བསོད་ནམས་གསོག་དགོས་ན། དྲང་བདེན་གྱི་ལམ་ལ་འགྲོ་དགོས་པ་རེད། དྲང་བདེན་གྱི་ལམ་ལ་མ་ཕྱིན་པར་སྤྱི་མཐུན་གྱི་བསོད་ནམས་ཇི་ལྟར་གསོག་གམ། དཔེར་ན་སྔ་ལོ་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་སྐབས་༸གོང་ས་མཆོག་ལ་བརྟན་བཞུགས་འབུལ་དགོས་ཞེས་རྡ་རམ་ས་ལའི་མདོ་སྟོད་ཆུ་སྒང་དབུས་རྒྱུན་ལས་ཁང་གིས་༸གོང་ས་མཆོག་ལ་ཞུས་པར་༸གོང་ས་མཆོག་གིས་ཀྱང་དེ་འགྲིག་གི་རེད། ཅེས་ཞལ་བཞེས་ཐོབ་བཞིན་དུ། བློ་སེང་བཀའ་ཤག་གིས་རྡ་རམ་ས་ལའི་མདོ་སྟོད་ཆུ་སྒང་དབུས་རྒྱུན་གྱིས་རྡོར་གདན་དུས་དབང་སྐབས་བརྟན་བཞུགས་འབུལ་མི་དགོས་པ་གནང་རོགས་ཞུ། དེའི་ཚབ་ལ་༸གོང་ས་མཆོག་ལ་རྡོར་གདན་དུས་དབང་སྐབས་བཀའ་ཤག་གིས་གཞུང་འབྲེལ་བརྟན་བཞུགས་ཤིག་འབུལ་ཆོག་པར་ཞུ་ཞེས་ཨུ་ཚུགས་རྒྱག་མཁན་བློ་སེང་གཙོས་ད་ལྟའི་བཀའ་ཤག་རེད་དོ། །
དེ་ལྟར་ཨུ་ཚུགས་བརྒྱབས་པར་བརྟེན། ༸གོང་ས་མཆོག་དགོངས་པ་འཁྲུགས་པ་རེད་དོ། །
དེ་ལ་བརྟེན་ནས་༸གོང་ས་མཆོག་གི་ཞལ་ནས་བརྟན་བཞུགས་ཆོས་ཕྱོགས་ཀྱི་བྱ་བ་ཞིག་རེད། རྡ་སའི་མདོ་སྟོད་ཆུ་སྒང་དབུས་རྒྱུན་གྱིས་རྡོར་གདན་དུས་འཁོར་དབང་ཆེན་སྐབས་བརྟན་བཞུགས་ཕུལ་ན་ག་རེ་མ་འགྲིགས་པ་རེད།
ད་ལྟ་དུས་འཁོར་དབང་ཆེན་ཡང་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བཏང་ཡོང་གིན་འདུག་ཀ
དེ་འདྲ་ཡིན་ན་དུས་དབང་ཕྱིར་འཐེན་བྱས་ན་ཡག་པོ་རེད།
ངོས་ཀྱིས་ད་བར་དུས་དབང་སོགས་བཀའ་ཆོས་ག་རེ་ཡིན་ཡང་ཆབ་སྲིད་ཀྱི་ལག་ཆར་འགྱུར་བཅུག་རྒྱུར་འདོད་མོས་མེད།
ཅེས་བཀའ་ཕེབས་པ་རེད་དོ། །
འོན་ཀྱང་བློ་སེང་བཀའ་ཤག་གིས་སླར་ཡང་༸གོང་ས་མཆོག་ལ་དུས་དབང་ཕྱིར་འཐེན་བྱས་པའི་གནས་ཚུལ་དེ་སེང་གེ་བཀའ་ཤག་གིས་ཁྱབ་བསྒྲགས་བྱས་ཆོག་པར་ཞུས་ཏེ། བློ་སེང་བཀའ་ཤག་གིས་དུས་དབང་ཕྱིར་འཐེན་དགོས་དོན་དེ་ནི་༸གོང་ས་མཆོག་གི་སྐུའི་འཕྲོད་བརྟེན་ཆེད་ཡིན་རབས་དང་། དེ་ཡང་བཀའ་ཤག་གིས་༸གོང་ས་མཆོག་ལ་ཡར་ཞུ་བྱས་པ་ཡིན་རབས་སོགས་ཁྱབ་བསྒྲགས་བྱས་པ་མ་གཏོགས་གོང་གསལ་བདེན་པའི་དངོས་ཡོད་གནས་ཚུལ་ཚིག་གཅིག་ཁྱབ་བསྒྲགས་མ་བྱས་པ་རེད་དོ། །
དེ་སྔོན་ཕྱི་ལོ་༡༩༩༤་ལོར་མདོ་སྟོད་དབུས་རྒྱུན་ཚོགས་གཙོ་ལི་ཐང་ཨ་ཐར་ཟེར་བ་དེས་ཐེ་ཝན་བོད་སོག་ལས་ཁུངས་ལ་གསང་བའི་འབྲེལ་བ་བྱས་ཏེ། མདོ་སྟོད་དང་བོད་སོག་ལས་ཁུངས་བར་གསང་བའི་གྲོས་ཆོད་བཞག་པར་་མ་ཟད། དངུལ་དངོས་གང་མང་གསང་ལེན་བྱས་པ་སོགས་ལ་བརྟེན། སྐབས་དེར་༸གོང་ས་མཆོག་གིས་གཙོས་སྐབས་དེའི་བཀའ་ཤག་དང་། སྤྱི་འཐུས་སོགས་དང་། བོད་མི་བསམ་ཡོད་ཚང་མ་ཧ་ཅང་ཐུགས་ཕམ་ཚད་མེད་བྱུང་བ་དང་། སྐབས་དེར་ལི་ཐང་ཨ་ཐར་ཅན་གྱིས་གཙོས་དྷི་ལིའི་མདོ་སྟོད་དབུས་རྒྱུན་གྱིས་༸གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་ལ་མཐའ་གཅིག་ཏུ་ངོ་རྒོལ་རྒྱབ་གཏོད་བྱས་པ་དང་། དེ་ལ་བརྟེན་མདོ་སྟོད་ཁོངས་གཏོགས་ནས་༸གོང་ས་མཆོག་ལ་དད་འདུན་ཟབ་ཅིང་། བཙན་བྱོལ་བོད་གཞུང་ལ་ལྷག་བསམ་དཀར་བའི་ཤེས་འཇོན་ལྷག་བསམ་ཅན་རེ་ཟུང་ཞིག་གིས་གོང་གསལ་རྡ་རམ་ས་ལའི་ཆུ་སྒང་དབུས་རྒྱུན་གསར་པ་གསར་འཛུགས་གནང་བར་མ་ཟད། ཆེས་ཛ་དྲག་གི་དུས་ཚོད་དེར་བོད་སྤྱི་བའི་རྩ་དོན་ཆེད་རྡ་སའི་མདོ་སྟོད་རྒྱུན་ལས་དེ་༸གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་སེང་གེ་བཀའ་ཤག་གིས་ཤེས་དགོས།
དུས་ཚོད་ཛ་དྲག་སྐབས་༸གོང་ས་མཆོག་དང་། བོད་གཞུང་བཅས་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་མཁན་གྱི་རྡ་རམ་ས་ལའི་མདོ་སྟོད་དབུས་རྒྱུན་དེས་ད་ལྟ་༸གོང་ས་མཆོག་ལ་བརྟན་བཞུགས་ཙམ་འབུལ་འཆར་ཡོད་པ་དེ་ཡང་འབུལ་མི་བཅུག་པར་སེང་གེ་བཀའ་ཤག་གིས་རྩིས་མེད་གཏང་དགོས་དོན་གང་ཡིན་ནམ།
ཕྱི་ལོ་༡༩༩༤་ལོར་དུས་ཚོད་ཛ་དྲག་སྐབས་༸གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་མཁན་གྱི་རྡ་རམ་ས་ལའི་མདོ་སྟོད་ཆུ་སྒང་དབུས་རྒྱུན་དེ་དེང་སྐབས་བོད་གཞུང་གིས་ངོས་ལེན་མེད་པའི་ཆུ་སྒང་ཞེས་གཏན་འབེབས་བྱས་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་དང་། བོད་གཞུང་ལ་མཐའ་གཅིག་ཏུ་རྒྱབ་འགལ་དང་ངོ་རྒོལ་བྱེད་མཁན་གྱི་ལི་ཐང་ཨ་ཐར་གྱི་ཕྱོགས་་གཏོགས་ཀྱི་རྡི་ལིའི་མདོ་སྟོད་ཆུ་སྒང་དེ་དེང་སྐབས་བོད་གཞུང་གིས་ངོས་ལེན་ཡོད་པའི་ཆུ་སྒང་ཞེས་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱིས་ངོས་ལེན་བྱེད་བཞིན་ཡོད་པ་རེད་དོ། །
ཧ་ཧ་ཧ་ཧ་ཧ་ཧ་ཧ། འདི་འདྲའི་མི་དྲང་པ་ཤ་སྟག་བྱེད་བཞིན་དུ་ང་ཚོས་སྤྱི་མཐུན་གྱི་བསོད་ནམས་ཇི་ལྟར་གསོག་དགོས་སམ། ༸གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་ཆེད་རྒྱག་གཅིག་མཆོང་གཅིག་བྱེད་མཁན་རྣམས་ད་ལྟ་བོད་གཞུང་གིས་ངོས་ལེན་མེད་པར་གྱུར་པ་དང་།
༸གོང་ས་མཆོག་དང་། བོད་གཞུང་ལ་མཐའ་གཅིག་ཏུ་རྒྱབ་འགལ་དང་ངོ་རྒོལ་བྱེད་མཁན་དེ་དེང་སྐབས་བོད་གཞུང་གིས་ངོས་ལེན་ཡོད་པར་པ་སོགས་འདི་རིགས་སྤྱི་མཐུན་གྱི་བསོད་ནམས་འཟད་བྱེད་ཡིན་དང་། སྤྱི་མཐུན་གྱི་བསོད་ནམས་གསོག་བྱེད་ཡིན། སེང་གེ་བཀའ་ཤག་གིས་བསམ་བློ་ཐོངས་ཤིག
སྤེན་ཚེ་ཡིས་དང་བླངས་ཀྱིས་ཁ་ནས་གོང་ས་བགྲང་གིན་སྲིད་སྐྱོང་མཆོག་ལ་མཇུག་མ་གཡུགས་འགོ་བཙུགས་སོང་། བཀའ་བློན་འོས་མིའི་ནང་དུ་མི་འཇོག་ཐབས་མེད་ཡིན་ས་རེད་བསམ་བསམ་ཞིག་འདུག
ལུང་རྟོགས་་་སྙིང་རླུང་ལངས་ན་སྡུག་གྱོང་རེད། སུག་བཞི་ས་མ་བཙུགས་ལབ་ན་ཉན་གྱི་མེད་པ་་་སུག་བཞི་ས་ལ་བཙུགས་ནས་བྲན་གཡོག་བྱས་ཀྱི་བྱུང་བ་འདི་ཕྱི་གཉིས་ཀྱི་དོན་ཡིན་ཟེར་གི་ཡོད་པ་་་བྲན་གཡོག་ལ་རང་དབང་ག་ནས་འོང་ངམ།་་་་ཧཧ ཁ་བཏགས་གཅིག་ཁུར་ནས་སུག་བཞི་ས་ལ་འཛུགས་མཁན་འགྲོ་དགོས་ངེས་རེད་བ། སྙིང་རྗེ་་་ཧ་ཝ་ཌའི་ཁྲིམས་ལུགས་རབ་འབྱམས་པ། ལྕེ་ཡང་རིང་ཙམ་ནར་ཐུབ་ན་དགོངས་པ་དྭངས་མདོག་ཁག་པོ་རེད།
xx སྲིད་སྐྱོང་བློ་བཟང་སེང་གེ་དེང་སང་སྐུ་དྲག་ཚོའི་མིག་ནང་གི་དྲ་མར་གྱུར་ཡོད། འདི་ནི་བུ་ལ་ནུས་པ་དང་རྣམ་དཔྱོད་ཡོད་པའི་རྟགས་རེད། བཙན་བྱོལ་ཚང་གི་ཨ་ཡོད་ནང་གི་ད་ཡོད་དང་སྒོ་ངའི་ནང་གི་སེར་རིལ་ཆགས་ཡོད་པ་ལས་སུ་གང་གི་དྲན་གཡོག་ཆགས་མེད། ཁྱོད་རང་དོན་མེད་སེམས་ཁྲལ་དགོས་དོན་མེད། བོད་དམངས་གཙོའི་གཞུང་གི་བསྟན་པ་མུ་ནས་མུ་ལ་དར་གྱི་རེད། ཉི་མ་ཤར་བ་ལག་པས་ནམ་ཡང་འགེབ་ཐུབ་ཀྱི་མ་རེད། ད་ལོ་དུས་དབང་དང་དོལ་རྒྱལ་སོགས་བེད་སྤྱད་ནས་སྲིད་སྐྱོང་ནག་པོ་བཟོ་བའི་ཐབས་ཇུས་ཇི་ཙམ་སྤྱད་ཀྱང་ནག་པོ་བཟོ་ཐུབ་མེད། ད་ནི་ཁོ་ཚོ་ལ་ངུ་རྒྱུ་མ་གཏོགས་བྱེད་རྒྱུ་གཞན་གང་ཡང་ལྷག་མེད་པ་རེད།
སྲིད་སྐྱོང་རྒྱལ་འགྱུར་ཅིག
ཕྱི་སྲིད་རྒྱལ་འགྱུར་ཅིག
ནང་འཁྲུགས་ཞི་འགྱུར་ཅིག
ནང་མོལ་གྲུབ་གྱུར་ཅིག