འབའ་སྲས།
རབ་ཡངས་རྒྱ་མཚོ་ཆེན་པོའི་ཀློང་།།
གཡོ་བྱེད་རྐང་བས་དཀྲུགས་པ་ཡིས།།
བྱུང་བའི་ཐོས་འཛིན་མྱོས་བྱེད་པའི།།
དབྱངས་དེ་མྱུར་བར་བདག་ལ་སྩོལ།།
བདག་ནི་གདོང་བཞི་གཉིས་པ་སྟེ།།
རིང་ནས་དགའ་ཞིང་མྱང་བའི་སྒྲ།།
ད་དུང་མངོན་པར་ཆགས་བྱེད་ན།།
མཛེས་པའི་བྱད་གཟུགས་བདག་ལ་སྟོན།།
མཆིས་ཀྱང་མི་མངོན་གནས་པ་ཡི།།
གསང་བ་ཟབ་ཀྱི་གཟུགས་རིས་ནི།།
སྙན་པའི་སྒྲ་ལས་ཁྱོད་སྐུ་བཞིན།།
འཛུམ་གྲོལ་གཏེར་གྱི་དཔུང་སྟོབས་མཛོད།།
དབྱངས་ཀྱི་ངེས་པ་རྫོགས་པའི་རྒྱུད།།
ཕྱག་སོར་པད་མས་དཀྲོལ་བས་ན།།
ཀུན་གྱི་ཐོས་འཛིན་དགའ་བྱེད་པ།།
བདག་ཀྱང་དེ་བཞིན་འགྱུར་བར་གཟིགས།།
ཀུན་ཏུ་རྨོངས་པའི་མུན་པའི་སྨག །
དྲུང་ནས་འབྱིན་པའི་རིག་པའི་སྨན།།
ཉིན་མོར་བྱེད་པའི་དཀྱིལ་འཁོར་ནི།།
པད་མའི་ཚལ་ལྟར་ཉེ་བར་སྩོལ།།
གང་ཞིག་ཆགས་ཐོགས་མེད་པ་ཡི།།
སྨྲ་བྱེད་རོ་འཛིན་དང་བྲལ་ན།།
ངག་གི་འདབ་མ་རུལ་གྱུར་པས།།
ཁྱོད་བཞིན་བདག་ཉིད་འགྱུར་བར་ཤོག །
འཕྱོན་མའི་ཁ་ཡི་བུར་ཆང་གིས།།
བཟི་པའི་བ་ཀུ་ལ་བཞིན་དུ།།
སྙན་ངག་ཆང་གིས་མྱོས་པ་ལས།།
སངས་མེད་ཤི་བ་བདག་གྱུར་ཅིག །
༢༠/༡༡/༡༣ དགོང་མོར།
སྙན་པ་ལ་ཚོད་ཅིག་མི་འདུག་་་་
སྙན་ངག་ཟེར་ན་ཚིག་དོན་གཉིས་ཆ་ལྷུན་གྱིས་གྲུབ་པ་འདི་འདྲ་ཞིག་ལ་ངོས་འཛིན་གནང་དགོས་པ་རེད། བཀའ་དྲིན་ཆེ།