ཤར་ཕྱོགས་ཁུག་རྟ།
སྟོང་དང་བྱམས་ཆེན་བརྗོད་པའི་མཁྱེན་རྩལ་དང།།
འཇིག་རྟེན་མངོན་སུམ་ལས་ལ་ཕན་ཐོགས་ཀྱི།།
དོན་དམ་མཁས་དང་ཉམས་ལེན་དབྱེར་མེད་པ།།
དཔལ་ལྡན་བླ་མའི་ཞབས་རྡུལ་སྤྱི་བོས་མཆོད།།
དེང་དུས་ཆེ་ཕྲ་ཕལ་རྣམས་རགས་པ་རེ།།
གོ་རིག་མྱོང་བས་ཚད་དུ་གདའ་ནའང།།
བློ་ཕུགས་ངའོ་སྙམ་པས་རེ་དོགས་ཀྱིས།།
ཆོས་བརྒྱད་གཏིང་ནས་སྒྲུབ་རྣམས་སྐྱོབ་པར་མཛོད།།
རང་གི་རྣམ་རྟོག་འཆར་སྣང་མ་བཏུལ་ན།།
གཞན་ལ་དག་སྣང་སྦྱོང་ཐབས་མི་འདུག་པས།།
དམ་པའི་ཟོལ་དུ་འགྱིང་བའི་སྐྱེས་བུ་ཚོ།།
བློ་ཕུགས་ང་ཆེ་ང་བཙན་ཉུང་ཉུང་མཛོད།།
བདེན་པ་དམ་པ་རིན་ཆེན་གསེར་ནག་ཅེས།།
སྙན་མོའི་ངག་དང་རིགས་པས་འགྲེལ་ནའང།།
ངོ་སྲུང་རྒྱབ་ཀྱི་རང་སྲུང་ཁྲམ་པ་དེའི།།
ཞལ་ལ་ཉན་རྒྱུ་རྟག་ཏུ་ཉུང་ཉུང་མཛོད།།
བསྟོད་དང་བསྔགས་ལ་དགྱེས་དགྱེས་མི་མཛད་ཀྱང།།
སྨོད་པའི་ཚིག་གཅིག་ཐོས་ཚེ་སྙིང་རླུང་ཀྱང།།
ལྐོག་ནས་ལྡིང་སྟེ་མཐོང་ཚད་རེ་དོགས་ཀྱི།།
གཡང་ལ་འདེད་པའི་འཁྲུལ་སྣང་ཉུང་ཉུང་མཛོད།།
བྱས་པའི་ལས་ལ་བཟང་ངན་གཏམ་གྱི་གཤིས།།
གྲུབ་པ་འཇིག་རྟེན་ཕལ་བའི་ལུགས་ཡིན་ཞེས།།
དྲང་སྲོང་ཆེན་པོས་གསུངས་ཞེས་འཆད་ནའང།།
བཟང་ལ་ཉན་རྒྱུ་དགའ་བ་ཉུང་ཉུང་མཛོད།།
༢༠༡༤། ༡༡། ༧། ཉིན་གྱི་ཞོགས་ཀར་ཝཱར་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཎེ་རོ་མགྲོན་ཁང་དུ་ཐོལ་བྱུང་དུ་སྨྲས།།
ཡག་པོ་བྲིས་འདུག་།ཡིག་ཚད་འདྲ་ཡིན་ན་་ཨང་དང་པོ་མ་ལོན་ནའང་་ཨང་་
གཉིས་པ་གཏན་འཁེལ་འདུག་་།ཨཤར་ཕྱོགས་ཁུག་རྟ་རེད་མི་འདུག་ཤར་ཕྱོགས་
ཁ་བརྡ་ཡིན་ས་
རེད་་།ཧ་ཧ་ཧ་ལས་མེང་ཀྱ་དྲ་འབུ་མང་བ་ལ་་ཅ་མ་སྲིང་ཨ་།