སྒོམ་སྡེ་ལྷ་རམས་པ།
བློས་བྱས་ཉི་ཚེའི་སྟོང་པ། ❶ (དགེ་ལུགས) བློས་བྱས་ཀྱི་སྟོང་པ་ནི། རྟེན་འབྲེལ་བཤིག་པའི་སྟོང་པ་ལ་ཟེར་ལ། (རྗེའི་ལྷག་མཐོང་ཆུང་ངུ་ལས། ཆོས་རྣམས་ཡེ་གདོད་མ་ནས་དེ་ལྟར་སྟོང་པ་ལ་སྟོང་པར་ཤེས་པ་ཙམ་ཡིན་པས་བློས་བྱས་ཀྱི་སྟོང་པའང་མིན་ཞིང་། ཤེས་བྱ་ཐམས་ཅད་དེ་ལྟར་འདོད་པས་ཉི་ཚེ་བའི་སྟོང་པའང་མིན་པས། ཞེས་གསུངས་པས་ཤེས་ནུས་སོ) རྟེན་འབྲེལ་བཤིག་པའི་སྟོང་པ་ཞེས་པ་ནི། བུམ་པ་ལྟ་བུའི་ཆ་ཤས་རེ་རེ་ནས་བསིལ་ནས་མཐར་བུམ་པ་མི་རྙེད་པའི་སྟོང་པ་ཙམ་པོ་དེ་ལ་ཟེར། དེ་ཡང་ཚད་ལྡན་གྱི་གཞུང་ཁ་ཅིག་ནས་བུམ་པ་ལ་སོགས་པ་རང་གི་ཡན་ལག་དང་གཅིག་དང་ཐ་དད་དཔྱད་པའི་རིགས་པས་རང་བཞིན་མེད་པ་གཏན་ལ་འབེབས་པར་གསུངས་པའི་དོན་ལ་འཁྲུལ་བ་ཡིན་པར། རྗེའི་ལྷག་མཐོང་ཆེན་མོར་གསུངས་སོ། །ཉི་ཚེ་བའི་སྟོང་པ་ནི། དགག་བྱ་ཉི་ཚེ་བ་སྟེ་ཕྱོགས་རེ་བ་བཀག་པའི་སྟོང་པའི་དོན་ཡིན་ཏེ། དཔེར་ན་བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་དུ་བདེན་པར་སྣང་ཡང་དེར་གྲུབ་པའི་སྟོང་པ་ལྟ་བུ་དང་། སྒྱུ་མའི་རྟ་གླང་དེར་བདེན་པར་སྣང་ཡང་དེས་སྟོང་པ་ལྟ་བུ་ལ་ཟེར་ཏེ། ལྷག་མཐོང་ཆེན་མོ་ལས། སྒྱུ་མ་མཁན་གྱིས་རྟ་གླང་བརྫུན་པར་ཤེས་པ་ཡང་ཉི་ཚེ་བའི་སྟོང་པའོ། །ཞེས་གསུངས་པ་ལྟར་རོ། །རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་བདག་མེད་ལྟ་བུ་ཡང་དེའི་མཚན་གཞིར་འཐད་དོ། །རྗེའི་ལྷག་མཐོང་ཆེ་ཆུང་དང་། གུང་ཐང་རིན་པོ་ཆེའི་གསུང་ལ་གཞི་བྱས། ཡང་དངུལ་ཆུ་དྷརྨ་བྷ་དྲའི་གསུང་དྲི་ལན་ནང་འདི་ལྟར་གསལ་ཏེ། སྨོན་ལམ་ཐོག་མཐའ་མའི་བློས་བྱས་ཉི་ཚེའི་སྟོང་པ་མཆོག་འཛིན་པའི། །ཞེས་པའི་བློས་བྱས་དང་ཉི་ཚེའི་སྟོང་པ་ཇི་ལྟར་ཡིན། ཞེས་པ་ལ། རྗེ་ལྕང་སྐྱའི་གྲུབ་མཐའ་ལྷུན་པོའི་མཛེས་རྒྱན་ལས། སྤྱིར་ཆོས་དེ་དེ་ལྟར་མི་གནས་ཀྱང་གྲུབ་མཐའི་དབང་གིས་དགག་བྱ་བཀག་པའི་སྟོང་ཚུལ་ཞིག་ཆོས་དེ་དང་དེའི་གནས་ལུགས་སུ་འཇོག་པ་ནི་བློས་བྱས་ཀྱི་སྟོང་པ་ཡིན་པས་ན་དབུ་མའི་དོན་མེད་ལ། ཆོས་དེ་དགག་བྱ་དེས་སྟོང་པར་གཏན་ལ་ཕབ་པ་ལྟར་ཆོས་དེ་གནས་ཀྱང་། སྟོང་ཚུལ་དེས་ཆོས་ཅན་དངོས་པོ་མཐའ་དག་ལ་ཁྱབ་པ་མིན་པ་ནི་ཉི་ཚེ་བའི་སྟོང་པ་ཡིན་པས་ཆོས་དབྱིངས་དེ་བཞིན་ཉིད་དུ་མི་རུང་ངོ་། །ཞེས་དང་། རྗེའི་ལམ་རིམ་ལས། ཆོས་རྣམས་ཡེ་གདོད་མ་ནས་དེ་ལྟར་སྟོང་པ་ལ་སྟོང་པར་ཤེས་པ་ཙམ་ཡིན་པས་བློས་བྱས་ཀྱི་སྟོང་པའང་མིན་ཞིང་། ཤེས་བྱ་ཐམས་ཅད་དེ་ལྟར་འདོད་པས་ཉི་ཚེ་བའི་སྟོང་པའང་མིན་པས། ཞེས་གསུངས་པ་ལྟར་ཏེ། སྨོན་ལམ་ཉིད་ལས། ཆོས་ཀུན་གདོད་ནས་སྟོང་པར་རྟོགས་པར་ཤོག །ཅེས་པའི་ཟུར་གྱི་ཆོས་ཀུན་སྟོང་པར་རྟོགས་པར་ཤོག་གིས་ཉི་ཚེ་བའི་སྟོང་པའི་ལྡོག་ཟླ་དང་། གདོད་ནས་སྟོང་པར་རྟོགས་པར་ཤོག་གིས་བློས་བྱས་ཀྱི་སྟོང་པའི་ལྡོག་ཟླ་བསྟན་པར་མངོན་ནོ། །ཞེས་གསུངས་པའང་གོང་དུ་བཤད་པ་དང་གནད་གཅིག་གོ། ❷ (བཀའ་བརྒྱུད) འཇོག་སྒོམ་ལ་མ་ལྟོས་པར་དཔྱད་གཞིག་སྟེ་རྗེས་དཔག་ཁོ་ནས་བཙལ་བའི་ལྟ་བ་ལ། བློས་བྱས་ཀྱི་ཉི་ཚེའི་སྟོང་པ། ཞེས་དྭགས་པ་བཀྲིས་རྣམ་རྒྱལ་གྱི་ཕྱག་ཆེན་རྣམ་བཤད་ཟླ་བའི་འོད་ཟེར་ན་གསལ་ལོ། །
འགྲེལ་བཤད་རིན་ཐང་ཅན་རེད། ད་དུང་ཡང་མུ་མཐུད་དུ་་་་་་་་
གྲྭ་ས་ལ་མི་རབས་ནས་མི་རབས་བར་རྩད་གཅོད་ནས་མ་རྙེད་པ་ཞིག་འདི་ནས་མི་ཐོབ་ཁོ་ཐག་རེད་གོ