ཁང་ཟླ་སྲས།
ངས་དེ་སྔོན་གསར་འགྱུར་གོ་ཐོས་ལྟར་ན། རྒྱ་གར་སྲིད་འཛིན་མུ་རྡིས་ཀྱིས་བོད་ཡིག་གམ་བྷོ་ཌའི་ཡི་གེ་དེ་གཞུང་གི་ངོས་ལེན་ཡོད་པའི་གྲས་སུ་བཅུགས་ཚར་བ་རེད་ཟེར། གནས་ཚུལ་དེས་ཁོ་བོའི་ཡིད་ཧ་ཅང་དགའ་བར་བྱས་མོད། འོན་ཀྱང་། དེ་རིང་སྟེ། ཕྱི་ཟླ་ ༤། ཚེས། ༡༥། སླར་ཡང་ཧི་མ་ལ་ཡིའི་རི་རྒྱུད་དུ་གཏོགས་ཤིང་། དབྱིན་ཇི་བ་ཚོས་བོད་ཆུང་ཆུང་དུ་འབོད་པའི་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་ཧི་མ་ལ་ཡི་མི་རིགས་ཀྱི་སྲོག་རྩར་གྱུར་པའི་སློབ་ཕྲུག་བདུན་སྟོང་ཙམ་གྱིས་བྷོ་ཌའི་སྐད་ཡིག་དེ་ཉིད་རྒྱ་གར་གྱི་རྩ་ཁྲིམས་བརྒྱད་པའི་ནང་ཚུད་དགོས་པའི་རྔམ་སྟོན་ཁྲོམ་སྐོར་ཤུགས་ཆེར་བྱས་ཡོད་པར་གཞིགས་ན། སྐད་ཡིག་གི་གནད་དོན་འདི་ད་དུང་ཐག་ཆོད་མེད་པ་གསལ་པོ་རེད།
ཁོ་བོ་རང་ཉིད་ལ་མཚོན་ན། རྒྱ་གར་གྱི་སྤྱི་འབངས་སུ་གཏོགས་པའི་རི་བོ་ཧི་མ་ཡའི་རི་རྒྱུད་དུ་སྐྱེས་པ་ཞིག་མ་ཡིན་ནའང་། རི་རྒྱུད་དེ་ནས་འཚར་ལོངས་བྱུང་བ་དང་། རང་ཉིད་ཀྱང་མི་ཚེའི་ཁྲོད་བྷོ་ཌའི་སྐད་ཡིག་གཙོ་བོ་བེད་སྤྱོད་གཏོང་མཁན་ཞིག་ཡིན་པའི་ཆ་ནས། སྐད་ཡིག་འདི་ལ་དགའ་ཞེན་དང་། སྐད་ཡིག་འདིའི་རིན་ཐང་གླེང་རྒྱུར་སྤོབས་པ་ཡོད་མཁན་ཞིག་ཡིན། འོན་ཀྱང་། ལས་དབང་ཞིག་གིས་བོད་པ་གཙོ་བྱས་པའི་སྐད་ཡིག་འདི་སྤྱོད་མཁན་གྱི་མི་དག་གི་མགོར་རྒྱལ་ཁབ་ཀྱི་སྤྱི་དམངས་ཐོབ་ཐང་གང་ཞིག་མ་རག་པའི་དཀའ་ངལ་རྒྱུན་མར་ཕྲད་བཞིན་པ་དག་རྣ་བས་ཐོས་ཤིང་། མིག་གིས་མཐོང་ཚེ། ངོ་མ་ཡིད་སྐྱོ་དགོས་པ་རེད། དེ་ནི་སྐད་ཡིག་འདི་དང་། མི་རིགས་འདིའི་བྱས་ཉེས་མ་ཡིན་པར། གཞན་དབང་སྟབས་བསྟུན་གྱི་འཚོ་བའི་ཁྲོད་ན། ཆེན་པོས་ཆུང་ངུར་གཉའ་གནོན་བྱས་པ་དང་། ཕྱུག་པོས་སྤྲང་བོར་མཐོང་ཆུང་བྱས་པ་རང་ཡིན་ཨང་།
དེ་སྔོན་རྒྱ་གར་སྤྱི་འཐུས་ཤིག་གིས་གྲོས་ཚོགས་ནང་བྷོ་ཌའི་སྐད་ཡིག་རྒྱ་གར་གཞུང་གི་ངོས་ལེན་ཡོད་པའི་སྐད་ཡིག་ནང་བཅུགས་ན། དེས་མཐའ་མཚམས་བརྟན་སྲུང་དང་། རྒྱ་གར་ཆིག་སྒྲིལ་ཐད་དམིགས་བསལ་གྱི་ནུས་པ་འདོན་ཐུབ་པའི་སྐོར་གྱི་གཏམ་བཤད་བྱས་མྱོང་བ་རེད། འོན་ཀྱང་དབུས་གཞུང་ནས་དེའི་ཐད་བཟང་ངན་གྱི་བརྡ་ལན་གསལ་པོ་གང་ཡང་མེད་པར་ནར་འགྱངས་སུ་བཏང་བ་དེ་ནི། འཛམ་གླིང་ན་མང་གཙོའི་ལུང་པ་ཆེས་ཆོས་སུ་བགྲང་བཞིན་པའི་རྒྱ་གར་ལ་མཚོན་ན་ཅུང་ཡ་མཚན་དགོས་པ་ཞིག་རེད། མ་གཞི་ནས་རྒྱ་གར་གྱི་ལས་ཀ་བྱེད་སྟངས་མང་པོ་ཞིག་གི་ཐད་ང་ཚོར་རྒྱུས་མངའ་ཡོད་པ་བཞིན། ལྐོག་བརྔན་ཅིག་དང་། དབང་ཤུགས་ཅིག་གི་གཞོགས་འདེགས་མེད་ཚེ། ངོ་གདོང་ལྕགས་ལས་མཁྲེག་ཅིང་། རྒྱུ་མ་ལམ་ལས་རིང་བའི་གཞུང་ཞབས་པ་སྒྱུད་ལུག་དེ་ཚོས་མང་ཚོགས་བསམ་ནས་ཁ་ཚ་དགོས་གཏུགས་ཤིག་སྒྲུབ་ཁག་པོ་ཡིན་རུང་། ང་ཚོས་ཡིད་རྟོན་བྱ་ཆོག་པ་ནི། རྒྱ་གར་ནི་མང་ཚོགས་ཁོ་ནར་དབང་ཞིང་། མང་ཚོགས་ཁོ་ནས་བཟུང་བའི་སྲིད་གཞུང་ཞིག་ཡིན་པས། དུས་ནམ་ཡང་། མང་ཚོགས་ཀྱི་ཕུགས་རེ་དང་ཁ་འབྲལ་ཐབས་ཅི་ལ་ཡོད།
འདས་ཟིན་པའི་ལོ་རྒྱུས་ཁྲོད། རྒྱ་གར་དུ་འཛམ་གླིང་གི་བསམ་པའི་དཔལ་ཡོན་གྱི་འཚོལ་དཔྱོད་མཁན་པོ་དག་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་ནས། ད་ལྟའི་བར་དུ་རྒྱ་གར་ནི་ཤེས་རབ་དང་། འཚེ་མེད་ཞི་བའི་ལམ་བུ་གཙོ་བསྙེགས་བྱེད་པའི་ཨེ་ཤ་ཡའི་མང་གཙོའི་རྒྱལ་ཁབ་སྟོབས་ཆེ་ཤེས་དེ་ཡིན་པས། ཧི་མ་ལ་ཡའི་མི་རིགས་ཀྱི་སྐད་ཡིག་གི་གནད་དོན་འདི་ཡང་། རྒྱལ་ཁབ་ཀྱི་མཚན་མཐོང་དང་། དཔལ་ཡོན་ལ་དམིགས་ཏེ་འཚེ་མེད་ཞི་བའི་ལམ་ནས་ཐག་གཅོད་བརྟན་པོ་ཞིག་གནང་བར་ཡིད་ཆེས་བྱ་ཆོག གལ་སྲིད་རྒྱ་གར་གཞུང་གིས་བྷོ་ཊའི་སྐད་ཡིག་འདི་གཞུང་གི་ཡི་གེར་གཏན་འབེབས་མ་བྱས་ཚེ། ད་ལྟ་ནད་པ་ཞིག་གི་སྐད་ལྟར་ཅུང་གོ་རྒྱུ་ཡོད་པའི་སྐད་ཡིག་འདིའི་ཚེ་སྲོག་གི་རྒྱུ་བ་རི་བོ་ཧི་མ་ལ་ཡའི་འདབས་རོལ་ནས་རྒྱ་གར་གཞུང་ལ་འཁང་ར་དང་བཅས་འཆི་རྒྱུ་ཡིན་པ་གཏན་འཁེལ་རེད།
གལ་སྲིད་དེ་ལྟར་སྐད་ཡིག་འདི་ང་ཚོ་དང་ཁ་བྲལ་སོང་ན། རླབས་ཆེ་བའི་རིག་གནས་ཀྱི་བརྒྱུད་ལམ་ཞིག་བསམ་བཞིན་དུ་དུར་འཇུག་བྱས་པ་ཡིན་ཏེ། དེས་ན། རྒྱ་གར་ཙམ་མ་ཡིན་པར་འཛམ་གླིང་མི་མང་གི་ཆེད་ནུས་པ་འདོན་ཐུབ་པའི་རིག་གནས་ཀྱི་ཁམས་ཆེན་པོ་ཞིག་འགྲོ་བ་མིའི་རིགས་དང་རྦད་དེ་རྒྱང་བཀྱེད་པའི་ལོ་རྒྱུས་ཀྱི་ཉི་མ་ནག་པོ་ཞིག་ཏུ་གྱུར་པ་རེད་ཨང་། ལར་ནས་བྷོ་ཌའི་སྐད་ཡིག་འདི་སྤྱོད་མཁན་མི་གྲངས་ཀྱི་ཐད་ནས་རྒྱ་གར་ནང་མང་པོ་ཞིག་ཟིན་གྱི་མེད་ནའང་ཐང་མོད། ནམ་ཡང་རང་ཉིད་ལ་དགྲ་རུ་ལྟ་བའི་རྒྱ་ནག་གིས་སྤོབས་པ་ཆེན་པོས་བོད་ཡིག་རྒྱ་སྒོར་སྟེང་བཞག་པའི་རྣམ་འགྱུར་དེར་ཡང་བསམ་བློ་ཞིག་གཏོང་རན་ཐག་ཆོད་པ་འདྲ་མོད། ཆབ་སྲིད་པ་མགོ་མཁྲེག་ཚོའི་ཀླད་པའི་ནང་སེམས་ཅན་གདུགས་པ་ཅན་གང་ཞིག་འཛུལ་སོང་བ་སུས་སྨྲ་བར་ནུས་ཨང་།
མདོར་ན། ཉེ་བའི་ལོ་ཤས་རིང་ཧི་མ་ལ་ཡི་མི་རིགས་ཀྱི་སྐད་ཡིག་འདིས་རྒྱ་གར་རང་གི་ལོ་རྒྱུས་རང་བཞིན་པའི་ལྡན་པའི་ནཱ་ལེནྜའི་མཁས་གྲུབ་དག་གི་གསུང་རབ་ལེགས་སྦྱར་ནང་ཁ་འཐོར་བ་དག་གི་སྟོང་ཆ་ཁ་གསབ་དང་། ཉམས་པ་སླར་གསོ། ཡོད་པ་དཔེ་བསྡུར་བཅས་ཀྱི་ཞབས་ཞུ་ཅི་ཙམ་འཁྱོངས་ཡོད་པའི་བདེན་དོན་གྱི་གྲུབ་འབྲས་ལ་དགོངས་པ་བཞེས་ཏེ། ད་ནི་ཅིས་ཀྱང་ཉམས་ཐག་པའི་ཧི་མ་ལ་ཡི་མི་རིགས་འདི་ཚོའི་སེམས་གཏིང་གི་རེ་བ་དེ་དཀྱེལ་ཡངས་ཀྱིས་ཞལ་བཞེས་མཛད་རན་སོང་སྙམ་པ་ནི་ཁོ་བོའི་རྨི་ལམ་ཙམ་མོ། །
གསར་འགྱུར་དེ་གོ་རྗེས་ཁང་ཟླ་སྲས་ཀྱིས་བལ་ཡུལ་གསུང་རབ་སློབ་གཉེར་ཁང་གི་དཔེ་མཛོད་ཁང་དུ་བྲིས།
མདོར་ན། ཉེ་བའི་ལོ་ཤས་རིང་ཧི་མ་ལ་ཡི་མི་རིགས་ཀྱི་སྐད་ཡིག་འདིས་རྒྱ་གར་རང་གི་ལོ་རྒྱུས་རང་བཞིན་པའི་ལྡན་པའི་ནཱ་ལེནྜའི་མཁས་གྲུབ་དག་གི་གསུང་རབ་ལེགས་སྦྱར་ནང་ཁ་འཐོར་བ་དག་གི་སྟོང་ཆ་ཁ་གསབ་དང་། ཉམ་པ་སླར་གསོ། ཡོད་པ་དཔེ་བསྡུར་བཅས་ཀྱི་ཞབས་ཞུ་ཅི་ཙམ་འཁྱོངས་ཡོད་པའི་བདེན་དོན་གྱི་གྲུབ་འབྲས་ལ་དགོངས་པ་བཞེས་ཏེ། ད་ནི་ཅིས་ཀྱང་ཉམས་ཐག་པའི་ཧི་མ་ལ་ཡི་མི་རིགས་འདི་ཚོའི་སེམས་གཏིང་གི་རེ་བ་དེ་དཀྱེལ་ཡངས་ཀྱིས་ཞལ་བཞེས་མཛད་རན་སོང་སྙམ་པ་ནི་ཁོ་བོའི་རྨི་ལམ་ཙམ་མོ། །
ཧཧཧཧཧཧ་གས་ཡོད་མ་རེད་སེམས་ཁྲེལ་མ་གནང་། རྒྱ་གར་ང་ཚོ་བོད་མི་རིགས་དག་གི་སྔ་ཕྱི་བར་གསུམ་གྱི་མགོན་སྐྱབས་
ཡོད་ན་མེད་ན་དེ་རེད་བ། གཉིས་ནས་རྒྱ་གར་རང་དབང་ལུང་པ་རེད་བ་བོད་ཡིད་འམ་བོད་པའི་རིགས་གཞུང་དངོས་ཤུགས་
རྒྱུད་གསུམ་ནས་མེད་པར་བཟོ་ཐབས་ག་བ་བྱེད་ཀྱི་རེད།
ཁང་སྲས་ཟླ་བ་ལགས་ནས་ཡག་པོ་གསུངས་འདུག་པས། ཐུགས་རྗེ་ཆེ། རྒྱ་གར་གཞུང་འདི་སྤྱིར་བཏང་མང་གཙོའི་རྒྱལ་ཁབ་ཡིན་པ་མ་ཟད་འཛམ་བུ་གླིང་ནང་ནས་མང་གཙོ་རྒྱལ་ཁབ་ཨང་གསུམ་པ་བསླེབས་ཡོད་ཀྱང་། འོན་ཏེ་ཆོས་ལུགས་ཐོག་ནས་ནང་བསྟན་ལ་དེ་ཙམ་མི་མངོན་པ་བཟོ་འདྲ་ཞིག་ཡོད། གཅིག་ན་ཐུགས་ཁག་མི་འདུག་ གང་ཞེ་ན་ནང་བསྟན་འདི་མུ་སྟེགས་སམ་ ཧུནྡུའི་ཆོས་ལུགས་ལས་གྱེས་པའམ། སྟོན་པ་སངས་རྒྱས་ནི་ཁྱབ་འཇུག་སྤྲུལ་པ་རེད་ཟེར་བ་དེ་རེད། གཟིགས་གནང་དང་། ལྷོ་ཤར་ཨི་ཤ་ཡ་ཁ་ཆེ་རྒྱལ་ཁབ་ཨིཨིནྡུ་ནིཤ་ལྟ་བུ་ཞིག་ཡིན་ནའང་། དེར་རྒྱ་མི་རིགས་སོགས་ནང་བསྟན་རྗེས་འཇུག་པ་ལ་བརྟེན་སངས་རྒྱས་དུས་ཆེན་ལ་རྒྱལ་ཁབ་ཡང་སྲུང་བརྩི་དང་གུང་སེང་ཡོད་པ་རེད། རྒྱ་གར་རྒྱལ་ཡོང་སྟོན་པའི་དུས་ཆེན་ལ་གུས་སེང་ཡོད་མ་རེད། དཔེ་མཚོན་དེ་ཙམ་ལ་བརྟེན་བྷོ་ཊི་ཡི་གེ་ལ་གཞུང་གི་ནང་གི་ཚུད་པར་དཀའ་ལས་ཏོག་ཙམ་ཡོད། འོན་ཀྱང་ལ་དྭགས་ནི་ཧི་མ་ལ་ཡིའི་ནང་ནས་ནང་བསྟན་ལ་སེམས་ཤུགས་ཨང་དང་པོ་རེད། ངས་ལ་དྭགས་པ་ཡོངས་ལ་བཀའ་དྲིན་ཆེ་འཇུ་ལེ་ཞུས་ཡག་ཡིན།
བོད་ཡིག་རྒྱ་གར་གྱི་རྩ་ཁྲིམས་ནང་འཇོག་པར་ཆ་རྐྱེན་ཚང་འདུག
http://www.tibettimes.net/news.php?showfooter=1&id=9948
བྷོ་ཊའི་སྐད་ཡིག་རྒྱ་གར་རྩ་ཁྲིམས་ནང་ཚུད་དགོས།
http://www.tibettimes.net/news.php?showfooter=1&id=9947
ས་བཀྲ་དེར་བལྟས་པ་ན། ལ་དྭགས་པ་རྐྱང་པས་སྐད་བྱས་པ་ལྟ་བུར་མཐོང་། བྷོ་ཊིའི་སྐད་རིགས་ནི་རི་བོ་གངས་ཅན་གྱི་ལྗོངས་སུ་གནས་པའི་བོད་རིགས་ཀུན་གྱི་སྐད་ཡིག་ཡིན་པར་གསལ། རྒྱ་གར་ཞིང་ཆེན་ཁག་ཇ་མུ་ཀཤྨིར་དང་།་ ཧིམཱཅལ། ཨུ་ཏྟར་ཁཎྜ། པཤྕམཱི་བངྒལ། འབྲས་ལྗོངས། ཨ་རུ་ཎཱ་ཅལ་བཅས་སུ་འཁོད་པའི་བོད་རིགས་རྣམས་ཀྱིས་བཀོལ་བའི་སྐད་རིགས་ཡིན་འདུག སྔོན་དུས་ཤིག་ལ་རྒྱ་བར་གཞུང་གིས་བྷོ་ཊཱི་སྐད་རྒྱ་གར་མི་རིགས་ཀྱི་སྐད་ཡིན་པར་ངོ་འཛིན་བྱེད་པར་མངོན་དུ་ཕྱོགས་ཀྱང་། འབྲས་ལྗོངས་ཀྱི་བོད་རིགས་ལབ་ཅི་ཞེས་པའི་བོད་རིགས་གནའ་བོའི་འབོད་ཚུལ་བཞིན་བོད་སྐད་རྒྱབ་པ་དེ་དག་བྷོ་ཊཱི་སྐད་ཡིག་གི་གྲས་སུ་འོངས་མེད་པས་མིའི་གྲངས་མ་ལྡངས་པས་རྒྱ་གར་གཞུང་གིས་བྷོཊཱོའི་སྐད་ཡིག་ལ་ངོས་འཛིན་བྱེད་མ་ཐུབ་པར་ལུས་པར་ཐོས། འབྲས་ལྗོངས་ཀྱི་ལབ་ཅི་དེ་ཀུན་བྷོ་ཊཱི་སྐད་ཡིག་གྲས་སུ་འོངས་ན། དེ་དག་ལ་འབྲས་གཞུང་ནས་ཐོབ་ཐང་མང་པོ་ཞིག་ཡོད་པ་དེ་ཤོར་འགྲོ་བ་ཞིག་ཐོས།
་
བདག་གིས་ལོ་ཁ་ཤས་སྔོན་འབྲས་ལྗོངས་ནས་འོངས་པའི་གྲྭ་གཞོན་ཞིག་དང་མཉམ་དུ་གཏམ་གླེང་བྱས་པ་ན། འབྲི་བ་ལ་འབོད་ཚུལ་མི་འདྲ་བ་སློབ་དཔོན་བསོད་ནམས་རྩེ་མོས་གསུངས་པ་བཞིན་དུ་འབོད་པར་མཐོང་ངོ་།
་
་་་་་་་་་་་་་་་ བྷོ་ཊིའི་སྐད་རིགས་ནི་རི་བོ་གངས་ཅན་གྱི་ལྗོངས་སུ་གནས་པའི་བོད་རིགས་ཀུན་གྱི་སྐད་ཡིག་ཡིན་པར་གསལ། རྒྱ་གར་ཞིང་ཆེན་ཁག་ཇ་མུ་ཀཤྨིར་དང་།་ ཧིམཱཅལ། ཨུ་ཏྟར་ཁཎྜ། པཤྕམཱི་བངྒལ། འབྲས་ལྗོངས། ཨ་རུ་ཎཱ་ཅལ་བཅས་སུ་འཁོད་པའི་བོད་རིགས་རྣམས་ཀྱིས་བཀོལ་བའི་སྐད་རིགས་ཡིན་འདུག ་་་་་་་་་་་་་་་་