ཆང་སྐྱེས།
རྒྱ་ནག་ཡུལ་་ནས་མཆེད་པའི་རིམས་ནད་འདི།།
ཚན་རྩལ་རིག་པས་འགོག་ཐབས་ཡོད་སྲིད་ཀྱང་།།
བོད་པའི་སྤྱི་ཚོགས་གླིང་གི་ནད་ཡམས་འདི།།
ན་ནིང་དོ་ཚིགས་ཁྱབ་རྒྱ་ཇེ་ཆེ་རེད།།
དཔོན་པོའི་ཞལ་ནས་གསུང་བཤད་སྙན་མོ་ཞིག།
མཁས་པའི་བློ་ན་འཆར་གཞི་ཆ་ཚང་ཞིག།
དམངས་ཀྱི་སེམས་ན་དོགས་པ་སྣ་ཚོགས་ཤིག།
འདྲ་མིན་སྣ་གསུམ་འཛོམས་པའི་རི་གྲོང་ཞིག།
གྲུབ་མཐའི་རྩོད་གྲྭའི་བར་ན་རྙོག་དྲ་ཞིག།
གྲོས་ཚོགས་སྤྱི་འཐུས་བར་ན་འཐབ་རྩོོད་ཅིག།
ཆོལ་ཁའི་ལུང་ཚན་བར་ན་ན་ཚ་ཞིག།
མདོར་ན་སྤྱི་ཚོགས་ཧྲིལ་བོ་ནད་པ་ཞིག།
དགེ་བཤེས་ཁ་བདེ་ཁ་ཤས་ཤ་ཡིས་རྒྱགས།།
སྐུ་ངོ་རིག་རྒོད་ལ་ལ་སྒོར་གྱིས་ཕྱུག།
བར་གྱི་གཞུང་ཞབས་ཕལ་ཆེར་ལྟོ་ཡིས་ཚིམས།།
ད་དུང་ཚོང་པ་རེ་ཟུང་ཞོར་ན་ཡོད།།
སྐྱེས་པ་མང་པོ་འུར་བཤད་གཏམ་ལ་དགའ།།
བུད་མེད་དག་ནི་གཡོ་སྒྱུ་རྫུན་ལ་མཁས།།
གཞོན་སྐྱེས་མང་པོ་རང་རིགས་སྐད་ལ་རྨོངས།།
ད་ནི་འདི་ལྟར་སོང་ན་ཚར་རྒྱུ་རེད།།
རང་ཡུལ་རྒྱང་དུ་བསྐྱུར་བའི་འཁྱམ་པོ་ངས།།
རང་གི་རིགས་ལ་ཕན་ཞིག་མ་ཐོགས་ཀྱང་།།
རང་རེའི་བོད་ཀྱི་ཕ་སྐད་གཙང་མ་བོ།།
རང་གི་ཚོད་ཀྱིས་མ་བརྗེད་ངག་ན་ཡོད།།