དེ་རིང་སྐད་ཆ་ཆུང་ཆུང་ཞིག་སེམས་ལ་འཁོར་བྱུང་། དེ་ནི་སྐད་དང་ཡི་གེའི་སྐོར་ལ་ཡིན། ང་ཚོས་སྐད་དང་སྐད་ཡིག་གི་སྐོར་ལ་ཚོགས་འདུ་མང་པོ་འཚོགས་ནས་བོད་སྐད་འདི་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་སྐོར་བཤད་པ་རེད། ད་དེའི་ཆ་ཤས་ཤིག་འདི་འདྲ་ཡོང་ཐབས་ཨེ་ཡོད། དབྱངས་གསལ་གྱི་སྒྲ་གདངས་སློབ་ཐབས་ལ་ལག་ལེན་གསར་པ་ཞིག་བྱེད་ཨེ་ཐུབ། དཔེར་ན། གསལ་བྱེད་སུམ་ཅུའི་་སྒྲ་གདངས་དེ་དབུས་སྐད་ལྟར་འབྱིན་ཨེ་ཐུབ་ལ་ལྟོས། གང་ཡིན་ཟེར་ན། དབུས་པས་གསལ་བྱེད་ཀྱི་ཕོ་མོ་མ་ནིང་གི་སྒྲ་གདངས་ཧ་ཅང་རན་པོ་ཞིག་འདོན་གྱིན་འདུག དབུས་པའི་སྒྲ་གདངས་ན་ ཀ་དང་ག་ ཅ་དང་ཇ། ཏ་དང་ད། པ་དང་བ། ཙ་དང་ཛ་བཅས་ཀྱི་སྒྲ་གདངས་ལ་ཁྱད་ཕྱེས་ནས་འདོན་གྱི་འདུག འོན་ཀྱང་མགོ་ཅན་དང་འདོགས་ཅན་གྱི་རིགས་ནི་དབུས་པས་ཁྱད་རྩ་ནས་འབྱེད་ཐུབ་པ་མི་འདུག དེ་དག་མདོ་སྨད་པ་དང་བསྟུན་ན་ལེགས་པར་མཐོང་། དབུས་པའི་སྒྲ་གདངས་ལ། མགོ་དང་སྒོ་ལ་ཁྱད་པར་མི་འདུག མདོ་དང་རྡོ་ལ་ཁྱད་པར་མི་འདུག ཏ་དང་རྟ་ལ་ཁྱད་པར་མི་འདུག དེའི་རྗེས་འཇུག་དེ་ཚོ་ཡང་མདོ་སྨད་པ་ལ་བསྟུན་ན་ལེགས་པར་མཐོང་། རྟ་དང་སྟག་ལ་ཁྱད་པར་ཡོད་པ་རེད། ད་དབྱངས་ཀྱི་སྐོར་དེ་དབུས་པ་ལ་བསྟུན་ན་ལེགས། མ་གི་གུ་མི་ (mi) མ་ཞབས་ཀྱུ་མུ་ (mu) འདི་དག་བོད་ཁམས་ཡོངས་རྫོགས་ལ་ཁྱབ་དགོས་པ་འདུག དབྱངས་ཞུགས་པའི་གསལ་བྱེད་དག་ལ་རྗེས་འཇུག་སྦྱོར་སྐབས་ཀྱང་དབུས་པ་རང་ཡག་ག་འདུག ད་དུང་ན་རོ་དང་ཞབས་ཀྱུའི་འཇུག་པ་དཔེར་ན། མཐོང་དང་འཐུང་ལྟ་བུ་ལ་མཚོན་ན་ཡང་དབུས་པ་རང་ཡག་ག་འདུག མདོ་ཁམས་པས་དེ་དག་གི་ཁྱད་པར་འབྱེད་པ་མི་འདུག
དགེན་ལགས་ཀྱིས་བཙལ་བཙལ་མཐར་བརྗོད་གཞི་རྙིང་ལ་བཙའ་རོ་དྲུད་ནས་སླེབས་འདུག འདི་ཡང་གནས་སྐབས་སུ་གླེང་དགོས་ངེས་ཞིག་ཡིན་སྲིད།
ཨོ་རེད། སོ་བཞི་ཅན་པོ་དེའི་མིང་ལ་དབྱངས་གསལ་ཟེར་བ་འདྲ། འུ་ཅག་བོད་ལ་གསལ་བྱེད་སུམ་ཅུ་ཡིན་པ། ཧེ་ཧེ་ཧེ།
ཨ་རོ་བཟོད་རྒྱམ། ད་ལོ་རྒས་སོང་ན་དངོས་གནས་དཀའ་ངལ་འདུག་ད། ཁྱེད་ཀྱི་ནོར་བཅོས་དེ་བཅོས་ཟིན།
དགེན་གྱིས་གླེང་བསླངས་བ་ཧ་ཅང་བཟང་གི
འདི་ཚོ་དག་འདེད་རེ་བྱས་ཏེ་རང་སོ་སོའི་ཡུལ་སྐད་ལས་མི་མཛེས་པ་རྒྱང་དུ་བསྐྱར། གཞན་གྱི་ཡུལ་ལུང་གི་སྐད་དགངས་ཡག་པོ་དང་དག་མོ་དེ་ཚོ་ངག་ལ་བླངས། དབྱངས་སོ་སོའི་དགངས་དང་གསལ་བྱེད་རྣམས་ཀྱི་སྒྲ་ས་སོར་དག་མོ་ཡོང་བར་འབད་ན། འདི་ཙམ་ཡང་བོད་ཀྱི་རིག་གཞུང་གི་ཞབས་ཞུ་དང་མི་རིགས་ཀྱི་མཐུན་སྒྲིལ་ལ་ཕན་གི་རེད།
དཔེར་ན་ལི་ཐང་ཕྱོགས་ཀྱི་ས་ཆ་ལ་ཤོས་སུ་ན་རོ་མི་དགོས། དགོན་པ་ལ་དགན་པ། སྟོན་པ་ལ་སྟན་པ་ཟེར་བ་ལྟ་བུ་མང་། ད་དུང་ཨ་མདོ་བླ་བྲང་ཕྱོགས་ལ་ཡང་ན་རོ་མི་དགོས། ཚོགས་ལ་འཚོགས་པར་ཚགས་འཚགས། ཕྱོགས་བཞི་ལ་ཕྱགས་བཞོ། ད་དུང་ཁ སྔོན་ཤེས་ལྡན་པ་བསང་ཆུ་འབྲུག་བྷེས་མཁས་པ་འཇམ་ནོར་ལ་དྲི་བ་འདྲི་སྐབས། ཞོགས་དུང་ལ་ཞགས་དུང་ཟེར་ནས་ལན་འགར་ཕན་ཚུན་ལ་བརྡ་འཕྲོད་ཁག་ཙམ་བྱས་སོང་ང་། འདི་ཚོ་ཚང་མ་ཅིས་ཀྱང་ཤེས་ཤིང་དང་དུ་བླངས་ཏེ་འགྱུར་བ་གཏང་དགོས་ཀྱི་འདུག་སྙམ།
ངས་འདི་ལྟར་བཤད་ན་སུ་ཞིག་གིས་གཅན་ཚའི་སྐད་ལ་དག་འདེད་རེ་བྱེད་སྲིད་ན་ཐང་། ངས་བལྟས་ནས་བསྡད་ཡོད། ཧེ་ཧེ་ཧེ།
ཏག་ཏག་བདེན་པ་རེད། འདིའི་གྲས་དེ་མཁས་པ་འཛོམས་ནས་རལ་གྲི་གནམ་གཡུགས་ཀྱི་དཔེ་ལྟར་ཐག་ཆོད་པ་ཞིག་མ་རེད། འདི་སློབ་ཆུང་གི་ལོ་རིམ་དང་པོའི་དགེ་རྒན་ཚོ་ནས་མགོ་བཙུགས་ན་ཏན་ཏན་ཕན་ཐོགས་ཡོད་པ་ཤ་སྟག་རེད། ང་ཚོའི་སྐད་འདི་ལ་ཅིག་མ་བྱས་མ་རང་བྱས་རེད་ཅེས་མཁས་པ་ཚོས་ཀྱང་གསུངས་བཞིན་གདའ། གཅན་ཚ་ཕྱོགས་ཀྱང་དབྱངས་ལ་བཟང་སེ་ཡོད་ད། ཆུ་ལ་ཆུ་ཡི་སྒྲ་འབྱིན་པ་མིན་ནམ།
ཨ་ལེ་དེ་འདྲ་རེད་འདུག་ག ཁམས་པ་དེ་ཚོ་སྙིང་རྗེ་ཁོང་ཚོའི་སྐད་བོད་སྐད་ཀྱི་གྲྭལ་ལ་སླེབ་ཀྱི་མི་འདུག
ར་མགོ་ལ་མགོ་སོགས་ཀྱི་སྒྲ་གདངས་དེ་ཚོ་མདོ་ཁམས་ན་ཁྱད་པར་ཡོད་ཅིང་གཞུང་དང་མཐུན་ན་ཁྱབ་སྤེལ་གཏོང་འོས། སྤྱིར་བཏང་ཞིབ་ཏུ་ཉན་ན། དབུས་པའི་ཏ་དང་རྟ་ཡི་སྒྲ་ལའང་དང་རྡ། ག་དང་རྒ་སོགས་ཇི་བཞིན་ཁྱད་པར་ཆེན་པོ་མེད་ཀྱང་ཁྱད་ཧ་ཅང་ཆུང་ཆུང་ཞིག་ཡོད་པ་དེ་དབུས་པ་རྣལ་མ་མིན་པ་ཚོས་འདི་ཚོར་དཀའ་བ་ཡིན། ད་ཚོར་དཀའ་ཟེར་བ་འདི་ལའང་གནད་ཅིག་འདུག དཔེར་ན། ཨ་མདོའི་ཝ་དང་བ་ཡི་སྒྲ་གདངས་ཀྱི་ཁྱད་དེ། དབུས་པས་ཚོར་དཀའ། དེ་ཡིན་དུས། ཨ་མདོ་ན་རྟ་དང་སྟ་ལ་ཁྱད་ཡོད་ཟེར་བ་དེ། སྒྲ་གདངས་མཚོན་བྱེད་ཀྱི་ཡི་གེ་ལྟ་བུས་གསལ་བར་བྱས་ན། ཅི་འདྲ་རེད།
དབུས་སྐད་ཀྱི་ཀ་ཅ་ཏ་པ་ཙ་སྟེ། ཕོ་ཡིག་འདི་ཚོར་མགོ་ཅན་ཅི་འདྲ་ཞིག་སྦྱར་ཡང་སྒྲ་གདངས་ཤུགས་ཆེན་པོ་མི་འགྱུར་བ་དེ་ཡང་ཕོ་ཡིག་ཡིན་པའི་ཆོས་ཉིད་ཀྱིས་རེད། དཔེར་ན། ཀ་རྐ་ལྐ། ཏ་རྟ་སྟ་ལྟ་བུ་རེད།
དེ་མིན་མོ་ཡིག་ ག་ཇ་ད་བ་སོགས་ལ་མགོ་ཅན་སྦྱར་ན། སྒྲ་འགྱུར་འགྲོ་བ་དཔེར་ན། ག་རྒ། སྒ། ལྒ་ལྟ་བུ་རེད། དེས་མ་ནིང་དང་ཤིན་ཏུ་མོ། དེ་སོགས་ལ་འདོགས་ཅན་སྦྱར་མ་སྦྱར་གྱིས་ཁྱད་ཞུགས་ཚུལ་སོགས་རིགས་བསྒྲེ་ནས་བསམས་རྒྱུ་ཡོད། དེར་བརྟེན་མགོ་ཅན་སྦྱར་མ་སྦྱར་གྱིས་སྒྲ་འགྱུར་སྟངས་འདི་ལ་ཆོས་ཉིད་འདྲ་བོ་ཞིག་ལྡན་འདུག་སྙམ།
དེ་ནས་ཡང་བསམ་འཆར་ངན་པ་འདི་ལའང་དགོངས་འོས་ཏེ། སྟ་དང་རྟ་སོགས་ཀྱི་སྒྲ་གདངས་གཅིག་ཏུ་གྱུར་ནས་རིང་མོ་ཞིག་ནི་སོང་བ་འདྲ། གང་ཡིན་ཟེར་ན་ས་པཎ་གྱི་གཡས་གཡོན་ཙམ་ནས་ཡུལ་ཕྱོགས་མི་འདྲ་བའི་མཁས་པས་བརྩམས་པའི་དག་ཡིག་དེ་ཚོའི་ནང་། རྐུ་མ་བརྐུ་བ་ར་རྐུ་ལ། །ས་མཐའ་བསྐོར་བ་ས་བསྐོར་ཡིན།། ཞེས་བཀོད་འདུག ད་ལོ་བརྒྱ་ཕྲག་དེ་ཙམ་གྱི་རིང་ལ་ཡག་ས་ནས་བཤད་ན་འཕེལ་རྒྱས་དང་སྡུག་ས་ནས་བཤད་ན་ཉམས་རྒུད་སོང་ཟིན་པས། རྐ་དང་སྐ་ལྐ་སོགས་སྒྲ་གདངས་གཅིག་ཏུ་བྱས་པར་སྐྱོན་ཞེ་དྲག་ཨ་ཡོད། དེ་ལས་ལྡོག་སྟེ་ཡར་བསྐྱར་ལོག་བརྒྱབ་སྟེ་སྒྲ་གདངས་མི་འདྲ་བ་ཞིག་ཏུ་བསྒྱུར་ན། རྟགས་འཇུག་དང་མཐུན་མ་མཐུན་དང་། སྒྲ་གཞན་ལའང་བསྒྱུར་མ་ཐུབ། ད་ལྟ་ཡོད་པ་དེའང་བརླག་པ་སོགས་ཀྱི་སྐྱོན་ཡང་ཡོད་སྲིད། འཛམ་གླིང་གི་སྐད་རིགས་མང་པོ་ན། ཡི་གེ་མི་འདྲ་ཡང་། སྒྲ་གདངས་གཅིག་ཡིན་པ་མང་པོ་འདུག སྤྱིར་བཏང་ནས། སྐད་ཟེར་བ་འདི་ལ་ཤེས་ཡོན་ཅན་ཚོས་ཚོད་འཛིན་འདྲ་བོ་ཞེ་དྲག་བྱེད་ས་མེད་པ་འདྲ། འདི་ཚོ་བསམ་གཞི་ཙམ་ལས་ང་རང་གི་བསམ་ཚུལ་མཐར་ཐུག་པ་མིན།
༡ རེད་ཡ། གསལ་བྱེད་རྐྱང་པ་དང་དབྱངས་དེ་ཚོ་དབུས་པ་ལྟར་ཀློག་ན་བཟང་། ཨ་མདོར་ཁྱད་པར་མེད་པ་དེ་ཚོར་ཁོང་ཚོར་ཕོ་མོ་མ་ནིང་གི་སྒྲ་གདངས་ལྟར་ཁྱད་པར་འབྱེད་རྒྱུ་འདུག ཁམས་ཀྱི་ས་ཆ་དེ་འདྲའི་ནང་ལའང་ཁྱད་པར་འདུག
༢དབྱངས་བཞི་ལས་གུག་གུ་དེ་མདོ་སྟོད་སྨད་གཉིས་ཀྱི་ཀློག་ཕལ་ཆེར་གཅིག་པ་འདྲ་ཞིག་འདུག ཁྱབ་ཀྱང་མདོ་ཁམས་ཀྱི་ཀློག་སྟངས་དེ་ཆེ། ལ་དྭགས་དང་འབྲུག་སོགས་ནས་ཇི་ལྟར་ཀློག་གི་ཡོད་པ་རེད།
༣ སྔོན་འཇུག་གི་ཀློག་སྟངས་དེ་ཚོ་ཨ་མདོའི་སྐད་ནང་ཁྱད་པར་གསལ་པོ་ཡོད་རེད། དེ་ཚོ་ཨ་མདོ་ལྟར་ཀློག་ན་བཟང་བར་འདོད།
༤ མགོ་ཅན་གསུམ་དེ་ཆོལ་ཁ་འདིའི་སྐད་ལྟར་ཀློག་ཟེར་ནས་བཤད་མི་ཐུབ་ཀྱང་། ཨ་མདོ་ལྟར་གསལ་བཤད་རྐྱང་བ་དང་ཁྱད་པར་ཆེས་ཆེར་ཕྱེ་ནས་ཀློག་དགོས་པ་སྨོས་མེད་ཀྱང་། ཨ་མདོ་ལའང་། མགོ་ཅན་གསུམ་པོ་ལ་ཁྱད་པར་ཡོད་པ་མཐོང་གི་མི་འདུག རྩ་བས་གསལ་བྱེད་རྐྱང་བ་དང་ཁྱད་པར་ཕྱེ་ནས། ལ་མགོ་ལྕེ་གློད་རྒྱ་ཡང་བསྐྱེད། ས་མགོ་སོ་ཡི་བར་ནས་དབྱུང་། ར་མགོ་ལྕེ་རྩེ་རྐན་སྦྱར་འདར་ཞིང་ཀློག
༥ འདོགས་ཅན་བཞི་ལས་ལ་བཏགས་ནི་ལ་སྒྲ་ལས་ཁྱད་ཆེས་ཆེར་ཕྱེ་ནས་ཀློག་དགོས་པར་འདུག ཀ་ལ་བཏགས་ལ་ཟེར་ན་ནོར། མདོ་སྨད་ལྟར་ཁྱད་ཆེས་ཆེར་ཕྱེ་ཐུབ་ན་ལེགས་པར་འདོད།
༦ ར་བཏགས་དེ་ཕལ་ཆེར་བོད་ཡོངས་སུ་ཀློག་སྟངས་གཅིག་མཚུངས་ལྟ་བུར་འདུག ཁྱད་པར་ཅུང་ཟད་རེ་ཡོད་ན་ལས་ཆེན་པོ་མཐོང་གི་མི་འདུག
༧ ད་རྙོག་དྲ་ཚ་ཤོས་དེ་ཡ་བཏགས་བདུན་རེད། དེ་དག་ཇི་ལྟར་ཀློག་ན་བཟང་། དབུས་གཙང་བས་ཡ་བཏགས་ཀྱི་སྒྲ་གསལ་ལ་མ་གསལ་བ་ཞིག་བྱས་ནས་ཀློག དཔེ་བཞག་ན། བདེ་ཀིད་ལྟ་བུ། ཨ་མདོ་བས། ཀྱ་ཅ་ཁྱ་ཆ་གྱ་ཇ་པྱ་གཤའ་ཕྱ་བཤའ་བྱ་བཤའ་མྱ་མཉའ་ཞེས་ཀློག མྱ་སྒྲ་དེ་ཀློག་མཐུན་པ་འདྲ། ཨ་མདོར་བྱ་དང་ཕྱ་གཉིས་སྒྲ་གཅིག་པ་ཡིན་པ་འགྲིག་གི་མི་འདུག་སྙམ།
འདིའི་སྐོར་བགྲོ་གླེང་ཞིབ་ཚགས་དང་ཡིག་འབྲུ་རེ་རེའི་ཀློག་སྟངས་ནས་བགྲོ་གླེང་བྱེད་ཐུབ་ན་བཟང་བར་འདོད།
དེ་ནས་ཡང་མང་པོ་ཞིག་གིས་སྔོན་མ་ཆོས་རྒྱལ་ཚོའི་སྐབས་སུ། འདི་ཚོའི་སྒྲ་གདངས་ལ་ཁྱད་པར་ཡོད་པ་དང་། ཕྱིས་སུ་ཉམས་པ་རེད་ཅེས་སྨྲ་བ་བདེན་སྲིད་ཀྱང་། ཡིག་རྙིང་དང་རྡོ་རིང་གི་དག་ཆ་མང་པོར་དཔྱད་ན། ཆོས་རྒྱལ་ཚོའི་སྐབས་ནས་ཡི་གེ་མི་གཅིག་ཀྱང་སྒྲ་གཅིག་པ་ཡིན་ས་རེད་སྙམ་པ་མང་དུ་འབྱུང་བ་ནི། མགོ་ཅན་སོགས་ཡོད་མེད་ཀྱི་ཡི་གེ་མང་པོ་དོན་གཅིག་ཏུ་བཀོལ་བ་སོགས་ལས་ཤེས་ནུས་པར་འདུག་གོ །
ཞོར་དུ་ཞུ་རྒྱུ་ཞིག་ལ། ངས་བྲིས་པའི་མདོ་ཁམས་ཟེར་བ་དེའི་ནང་ལ། ཁམས་དང་ཨ་མདོ་གཉིས་ཀ་ཚུད་ཡོད་ད། དགེ་འདུན་རབ་གསལ་གྱི་དེའི་ནང་ཚུད་ཡོད་མེད་ཅི་ཆ། རྩེད་མོ་ཡིན།
ཁང་གསར་ཚང་ཕེབས་པ་བཟང་། ཕྱག་གཉིས་པ་ཕེབས་པ་བཟང་། ཞིབ་ཚགས་པོ་རྣམས་ཞིབ་ཚགས་པོ་བྱས་ནས་བཤད་རྒྱུ་བྱས། ད་དབྱངས་བཞི་འདོན་ཚུལ་དེ་ནི་དབུས་པ་བརྒྱ་ཆ་བརྒྱ་ལེགས་པོར་འདུག་སྟབས། དེ་ཙམ་ཞིག་ལ་འགྱུར་བ་རེ་འགྲོ་ཐུབ་ནའང་དགེ་མཚན་ཧ་ཅང་ཆེ་བར་འདོད། དཔེར་ན། ཐོབ་དང་མ་ཐོབ་ཀྱི་གོ་བ་ཡོད་པའི་ཚིག་ “རག་”ཟེར་བ་དེ། དེང་སང་ “རེག་”ཅེས་བྲིས་པ་ཡང་མཐོང་། དབྱངས་ཀྱི་སྒྲ་གདངས་དབུས་པ་ལྟར་བཀླགས་ན། དང་པོ་དེ་ “རག་”རེད་ལ། གཉིས་པ་དེ་ rek ལྟ་བུ་རེད། ཁྱོད་ལ་ཆི་དགོས། ཁྱོད་ལ་ཆུ་དགོས། ལྟ་བུ་དང་། ངས་ཆུ་མཐོང་། ངས་ཆུ་འཐུང་ལྟ་བུའང་སྒྲ་གདངས་ཀྱིས་དོན་ཐ་དད་པ་བསྟན་འགྲོ དེས་ན། དབྱངས་དེ་དབུས་པ་ལྟར་བཀླག་འོས་ཞེས་པའི་གཏམ་འདི་བཀྲམས་པ་ཙམ་གྱིས་ཀྱང་ཕན་ཐོགས་ཆེ་བར་མཐོང་ངོ་།
མགོན་པོ་ཕྱག་གཉིས་པས། སྔོན་འཇུག་གི་ཀློག་སྟངས་དེ་ཚོ་ཨ་མདོའི་སྐད་ནང་ཁྱད་པར་གསལ་པོ་ཡོད་རེད། དེ་ཚོ་ཨ་མདོ་ལྟར་ཀློག་ན་བཟང་བར་འདོད་ཅེས་གསུངས་འདུག་པས། ཁྱད་པར་གསལ་པོ་ཡོད་སྟངས་དེ་དཔེ་མཚོན་གྱི་སྒོ་ནས་གསལ་བཤད་མཛོད།
དབུས་པས་སྐྱིད་ལ་ཀིད་ལྟ་བུ་འདོན་པར་གསུངས་པ་ནི་བདེན་པ་མ་རེད། སྐྱིད་ལ་Kyi ལས་Kiy དབུས་པས་འདོན་པ་མིན། ཡ་བཏགས་དབུས་པས་འདོན་ཚུལ་གཤམ་དུ་འབྲི་ཁུལ་བྱས་ཀྱང་ངས་ཡག་པོ་ཞིག་ཡོང་གི་མི་འདུག བོད་སྐད་ཀྱི་སྒྲ་གཅིག་པ་རྣམས་སྒྲ་གཅིག་པའི་ཡི་གེས་མཚོན་པར་བྱས། གཞན་རྣམས་དབྱིན་ཡིག་གིས་མཚོན་པར་བྱས་ཁུལ་ཡིན་ཏེ། ཡག་པོ་བྱུང་མ་སོང་། སྒྲ་འབེབས་སྟངས་དེ་གཅིག་སྦྱངས་དགོས་ས་རེད།
ཀྱ་=Kya ཁྱ་=Khya གྱ་= Ghya པྱ་=ཅ། པྱ་= ཆ། བྱ་= ཇ མྱ =ཉ
ཨོ་གཅིག་བརྗེད་འདུག མགོ་དང་སྒོ་ མཇེ་དང་རྗེ། མདོ་དང་རྡོ་སོགས་དབུས་པ་ལ་སྒྲ་གཅིག་ཡིན་པ་ནི་དབུས་པས་བཟོས་པའི་ཀློག་དེབ་ཁག་ན་འདུག
གོང་དུ་དགེ་འདུན་རབ་གསལ་གྱིས། མགོ་ཅན་དང་འདོགས་ཅན་གྱི་རིགས་ནི་དབུས་པས་ཁྱད་རྩ་ནས་འབྱེད་ཐུབ་པ་མི་འདུག དེ་དག་མདོ་སྨད་པ་དང་བསྟུན་ན་ལེགས་པར་མཐོང་ཟེར། མགོན་པོ་ཕྱག་གཉིས་པས། ཨ་མདོ་ལའང་། མགོ་ཅན་གསུམ་པོ་ལ་ཁྱད་པར་ཡོད་པ་མཐོང་གི་མི་འདུག ཟེར། ཁྱེད་གཉིས་ཀ་ཨ་མདོ་ནས་ཡིན་པས། སྐད་ཆ་མི་མཐུན་པ་འགལ་བ་ལྟག་སྤྲོད་འདི་འདྲ་བཤད་ཡོང་དུས་གང་ལ་ཆ་གཞག་དགོས་མིན་ཤེས་ཀྱི་མི་འདུག སྔོན་ལ། ཨ་མདོ་ན། མགོ་ཅན་གསུམ་དེ་ཁྱད་ཆེ་ནས་འདོན་གྱི་ཡོད་དམ་མེད། རང་རང་སོ་སོས་རྒྱུ་མཚན་དང་བཅས་གསུངས་རོགས།
དེ་བཞིན་དུ། དགེ་རབ་ཀྱིས་འདོགས་ཅན་གསུམ་མདོ་སྨད་པར་བསྟུན་དགོས་གསུངས་ཀྱང་། མགོན་པོ་ཕྱག་གཉིས་པས། ཨ་མདོ་བས། ཀྱ་ཅ་ཁྱ་ཆ་གྱ་ཇ་པྱ་གཤའ་ཕྱ་བཤའ་བྱ་བཤའ་མྱ་མཉའ་ཞེས་ཀློག མྱ་སྒྲ་དེ་ཀློག་མཐུན་པ་འདྲ། ཨ་མདོར་བྱ་དང་ཕྱ་གཉིས་སྒྲ་གཅིག་པ་ཡིན་པ་འགྲིག་གི་མི་འདུག་སྙམ། ཞེས་གསུངས་འདུག ཡ་བཏགས་ཀློག་སྟངས་འདི་འདྲ་ཡིན་ན་ཇི་ལྟར་བསྟུན་དགོས་རེད།
ཁྱད་ཕྱེ་ནས་ཞེས་བཅོས།
སྔོན་འཇུག་གི་ཁྱད་པར་ཆེན་པོ་ཞེ་དྲག་རེད། འགོ མགོ། བགོ དགོ མདའ། འདའ། བདའ། གདའ། འདི་ཚོ་ཁ་ནས་ཀློག་ན་དག་ཆ་ཇི་བཞིན་དུ་འབྲི་ཆོག་གི་རེད། བརྒྱགས་ལྟ་བུ་འབྲོག་པ་ལ་སྒྲ་ཇི་བཞིན་ཡོང་ཡང་རོང་པ་ལ་སྔོན་འཇུག་མེད་པའི་སྒྲ་ཡོང་བ་རེད།
ར་མགོ་ལ་མགོ་ས་མགོ་རེ་རེའི་ཁྱད་པར་ལུང་ཚན་ཅིག་ཅིག་ལ་ཡོད་པ་རེད་དེ་འདྲ་གོ་མྱོང་བ་མ་གཏོགས་ང་ཨ་མདོའི་ནང་དེ་དག་གི་ཁྱད་པར་སྐད་ཀྱི་ནང་གསལ་པོར་ཕྱེ་ནས་བཤད་མཁན་ཞིག་ལ་ད་སྔ་ཐུག་མ་མྱོང་། དེ་དགེ་འདུན་རབ་གསལ་ལ་དྲིས། ཡིན་ནའང་། འགའ་རེས་རྟ་ཟེར་སྐབས་ཡག་པོར་ཉན་ན་རིར་རྟ་ཧྲིར་རྟ་ཟེར་ནས་རི་དང་ཧྲི་ཡི་སྒྲ་གདངས་ཚོར་ལ་མ་ཚོར་བ་ཞིག་དྲུད་ཡོང་མཁན་དེ་འདྲ་འདུག དེ་ལ་སྟ་ལྟ་གཉིས་ལས་ཁྱད་པར་ཅུང་འདུག་སྙམ།
ཨ་མདོའི་སྐད་ནང་། རྗེས་འཇུག་ན་ལ་གཉིས་ལ་ཁྱད་མ་ཕྱེ་བར་ཀློག་པ་དེ་འགྲིག་གི་མི་འདུག སློབ་མ་ཚོས་དེ་གཉིས་ཀྱི་དག་ཆའང་མང་པོ་ནོར་གྱི་འདུག ལྷ་སའི་སློབ་མ་ཚོས་རྗེས་འཇུག་ད་དང་ས་གཉིས་ཀྱི་ཁྱད་པར་ཡང་ཡང་ནོར་གྱི་འདུག དེ་ཀློག་བསླབ་སྐབས་ཡག་པོར་ཕྱེ་ནས་བསླབ་དགོས་པ་འདུག དེ་ནས་ལྷ་ས་བས། ངན་རན་ཞན་ཟེར་ནས་ཀློག་སྐབས་ངེན་ཞེན་རེན་ཟེར་ནས་འགྲེང་བུའི་སྒྲ་དང་ཉེ་བ་ཞིག་ཀློག་ཡོང་བ་དེའང་འགྲིག་གི་མི་འདུག་སྙམ།
དེ་རིང་ཁང་གསར་རྡོ་རྗེ་འདིར་ཕེབས་པས་མཚམས་འདྲི་ཞིག་ཞུ་མཁན་སླེབས་པ་ཡིན། བཀྲས་མཐོང་འོས་ཤོར་ནས་ཁྱེད་ཡང་མཐོང་གྱི་མེད་པ་འདྲ་ཞིག་ཆགས་སོང་། ཧཧཧ་་་་སྐུ་རྩེད་ཡིན་ད། ཁ་བརྡ་ཚང་དགོངས་པ་མ་འཚོལ། ་དྲ་རྒྱ་འདིའི་ནང་དུ་ཁྱི་དང་ཅོ་རི་ཡོང་མི་ཆོག་ཞེས་སྐད་ཡིག་གསུམ་གྱི་ཐོག་ནས་ཁྱབ་བསྒྲགས་བྱས་པ་ནས་བཟུང་ཡོང་ནུས་མ་བྱུང་། ཡིན་ནའང་དེ་རིང་ཁང་གསར་མཐོང་བ་དང་། བ་དང་ཝ་གཉིས་ཀྱི་སྐོར་ལ་ཅིག་བཤད་བསྡད་ཀྱི་ཡོད་པར་མཐོང་དུས་སུ་དྲ་གྲོགས་རྙིང་པ་སྒོམ་ལྡན་ལྷ་རབས་པ་ཡང་དྲན་བསྡད་མཁན་འདྲ་བྱུང་བས་མཆན་བུ་ཞིག་འདེབས་ཐལ་སོང་་་་ཁང་གསར་ལགས་ཀྱིས་ཀློག་ཚར་དུས་ངའི་མཆན་བུ་འདིར་མ་བསུབ་བཞག་འགྲིག
ཨ་མདོའི་རོང་སྐད་འབྲོག་སྐད་སོགས་ཀྱི་དབང་གིས་མགོ་ཅན་གྱི་ཡི་གེའི་སྒྲ་ཐོན་མིན་སོགས་ཞིབ་ཚགས་མགོན་པོས་གསུངས་པ་ལ་ང་ལ་སྣོན་འདེབས་རྒྱུ་ཅི་ཡང་མི་འདུག ངས་མགོ་ཅན་རྣམས་མདོ་ཁམས་ལེགས་ཞེས་པའི་དོན་ནི་ ག་དང་སྒ་ལ་ཁྱད་འབྱིན་པའི་དོན་འབའ་ཞིག་ཡིན། ད་སྒྲ་འདི་དག་ཅིང་གཞན་དེ་མི་དག་གི་རྩོད་པ་འདི་ལ་ང་ཚོ་ཞུགས་མི་རུང་། ད་རྩོད་པ་བྱས་ནས་ཕན་མི་ཐོགས་པ་ནི་ཕྱི་གསལ་ནང་གསལ་རེད། ད་ལེགས་ཆ་སློབ་པའི་དུས་ལ་སླེབས་པ་རེད། ང་ཚོས་ཨིན་ཇི་སོགས་སྐད་གཞན་རྣམས་སློབ་ཐུབ་ས་ཞིག་ནས་རང་གི་ཕ་སྐད་ཀྱི་གདངས་མ་འདྲ་བ་རེ་ཟུང་སློབ་མི་ཐུབ་པའི་དཀའ་ངལ་ཁྱོན་ནས་ཡོད་པ་མ་རེད། ད་ཆོལ་ཁ་གསུམ་མམ་ཡང་ན་རོང་འབྲོག་གི་སྐད་རྣམས་རང་རང་གི་དེ་ལ་འཇུས་ནས་སྡོད་མི་རུང་བའི་སྐབས་ཤིག་ཤར་བ་རེད། མིང་དང་མང་གཉིས་ཀྱི་སྒྲ་འདི་ཨ་མདོ་བ་ཚོས་འབྱེད་ཤེས་པ་ཞིག་དང་། མདོ་དང་རྡོ་གཉིས་ཀྱི་སྒྲ་དབུས་པས་འབྱེད་ཤེས་པ་ཞིག་བྱུང་ན་དེས་ང་ཚོའི་སྤྱི་སྐད་ལ་ཕན་སོང་བ་རེད། དབུས་པས་ཨ་མདོ་བ་ལ་རྩེད་མཚར་ཚུལ་དུ་བརྗོད་སྐབས། ཨ་མདོའི་སྐད་ལ། འགྲོ་ལ་རྒྱོ་ཟེར་གི་རེད་ཅེས་བགད་མོ་ཤོར་གི་རེད། འོན་ཀྱང་ཨ་མདོ་བས་འགྲོ་ལ་འགྱོ་ཟེར་བ་མ་གཏོགས་རྒྱོ་ཟེར་གི་མ་རེད། དེ་ནི་དབུས་པའི་རྣ་བར་འགྱ་དང་རྒྱ་སྒྲ་གཅིག་པས་རེད། ད་དག་མི་དག་གི་རྩོད་པ་མི་བྱེད། ཕན་ཚུན་ནས་ལེགས་པའི་ཆ་རེ་ལེན།
“ཁྱོད་ཀྱི་ལོ་རྟགས་ག་རེ་རེད།”
“ངའི་ལོ་རྟགས་སྟག་རེད།”
“ཞོན་ཡག་གི་རྟ་འེ” ཟེར་བ་ལྟ་བུ་མ་ཡོང་བ་ཞིག་ལ་རེ།
ཨོ་རེད།
མི་དང་མུ་གཉིས་ཀྱི་སྒྲ་གདངས་གཅིག་མཚུངས་མ་ཡིན་པའི་ཀློག་ཚུལ་ཆུང་ཆུང་འདི་ཙམ་གྱིས་ཀྱང་མདོ་དབུས་དབུས་ཁམས་གསུམ་པོ་སོ་སོར་ཁྱོད་དང་ང་ཟེར་བའི་མི་རིགས་རྡོག་གཅིག་སྒྲིལ་རྩ་དུམ་བུ་གཏོང་བའི་ཆེས་འཇིགས་སུ་རུང་བའི་རྡུལ་ཕྲན་ལྟ་བུའི་ནུས་པ་མེད་པ་མ་རེད།
དོན་དག་དེ་ཤེས་མཁན་ཚོས་དོན་དག་དེ་ནི་རང་དབང་འཐབ་རྩོད་ལས་ཀྱང་གལ་ཆེ་བར་བརྩི་གི་ཡོད་པ་རེད།
དོན་དག་འདི་ལ་ནུས་པ་ཐོན་མཁན་གི་མི་སྣ་ནི་གོང་དུ་དགེ་རབ་ལགས་ཀྱིས་གསུང་པ་ལྟར་སློབ་ཆུང་གི་དགེ་རྒན་དག་ལ་རག་ལས་པ་མ་ཟད། བོད་སྐད་བརྙན་འཕྲིན་དང་རླུང་འཕྲིན་ཁང་གི་རྒྱང་སྒྲོག་མདོ་འཛིན་པ་དག་གིས་ཀྱང་དོ་སྣང་བྱས་ན་ནུས་པ་གང་འཚམ་ཐོན་ངེས་རེད།
སྦྱོར་ཀློག་མི་གཅིག་པའི་མདོ་དབུས་ཁམས་གསུམ་གྱི་དཔེ་མཚོན་གསུམ།
ཨ་མདོ་བས་་རྨ་ཆུ་ལ་་་་་་་་་་་་་་་་་་་་རྨ་ཆི་ཞེས་བརྗོད།
ཁམས་པས་་གངས་རི་ལ་་་་་་་་་་་་་་གོངས་རི་ཞེས་བརྗོད།
དབུས་པས་་བདེ་ལེགས་ལ་་་་་་་་་་་བདེ་ལེ་ཞེས་བརྗོད།
མདོ་དབུས་ཁམས་གསུམ་གྱི་སྐད་གདངས་ཡ་བྲལ་དུ་གཏོང་བྱེད་མཚོན་བྱེད་གཙོ་བོ་འདི་གསུམ་པོ་གཅིག་གྱུར་ཡོང་བར་འབད་པ་བྱེད་ཐུབ་ན་ཡུལ་སྐད་གཅིག་གྱུར་ཐད་ཐག་གཅོད་བྱེད་རྒྱུར་ལས་སླ་བོ་ཡོང་གི་རེད་ཟེར་བཤད་ཆོག
ཡིན་ན་ཡང་ཐོག་མར་རང་ཉིད་ཀྱི་ལུང་སྐད་ནང་གི་མི་དག་ས་དང་མི་འགྲིག་ས་རྣམས་ངོས་འཛིན་ལེགས་པར་བྱེད་དགོས་རྒྱུ་དེ་ངས་བལྟས་ན་ཨང་དང་པོ་རེད། ང་ཚོ་སྡེ་བར་ཀློག་མི་དག་པ་མངོན་གསལ་དོད་པོ་ཅིག་ཡོད་པ་ནི། མར་དང་ཕྱུར་ར་ཟེར་སྐབས་སུ་རྗེས་འཇུག་ར་སྒྲའི་གདངས་དག་པར་མི་འདོན། དཔེར་ན། མད་དང་ཕྱུར་ར་ཞེས་ཟེར་བ་ཡིན། དེང་སང་ཡང་དེ་ག་རང་འདོན་གྱིན་པ་ནི་ཆེས་མ་དག་པར་ངོས་ལེན་བྱེད་དགོས་པ་ཡིན།
གཞན་དག་ནི་མདོ་སྨད་སྤྱི་སྐད་དང་ཕལ་ཆེར་གཅིག་མཚུངས་ཡིན། གཅན་བཟོད་རྒྱམ་གྱིས་གཅན་ཚའི་ཡུལ་སྐད་དག་མོ་ཡིན་མདོག་མདོག་རེད་པ། ཨ་ལེ། ངས་བིས་མདོ་སློབ་གྲྭའི་སློབ་མའི་བྱིས་སྒྲུང་ལ་ཉན་རྗེས་གཅན་ཚ་སློབ་གྲྭའི་སློབ་མའི་བྱིས་སྒྲུང་ལ་ཉན་པ་ཡིན། བིས་མདོ་གི་ཡུལ་སྐད་དེ་ཡང་ཐབས་སྐྱོ་བོ་ཞེ་དྲག་རེད་མི་འདུག་སྙམ་བྱུང་། ཧཧཧ
མིའི་མིང་སྐལ་བཟང་ཟེར་བ་འདི།
ལྷ་སའི་ཁ་སྐད་དུ་ཀེ་སངས་ཟེར། ངའི་ཚོ་བའི་ཁ་སྐད་ནང་། སྐབས་བཟང་ཟེར། བླ་རུ་མགུལ་གྱི་ཁ་སྐད་དུ། སྐར་བཟང་ཟེར། ཁ་སྐད་ཡིག་སྐད་གཉིས་ཀྱི་བར་ཐག་རིང་པོ་རིང་པོ་གདའ།
གོང་གསལ་དགེ་རབ་ཀྱི་ལོ་རྟགས་ཟེར་བ་དེ་ལ་ངའི་ཕ་ཡུལ་དུ། ཁྱོའི་ལོ་རུས་ཆི་ཟིག་རེད་ཟེར། ནམ་མཁའི་ཟླ་བ་ལ་རྫ་བ་ཟེར། རྫ་ཤར་དང་ཟིག རྫ་བ་དང་བོ་སོགས་ཟེར།
གོང་དུ་ཞིབ་འཇུག་པ་རྣམ་པས་གསུངས་ཡས་ལ།
དབུས་པས་མདོ་དང་རྡོ་གཉིས་སྒྲ་གཅིག་པར་འདོན་པ་དང་། བདེ་ལེགས་ལ་བདེ་ལེ་ཞེས་འདོན་གསུངས་པར་ཁོ་བོས་དེ་འདྲ་གཏན་ནས་མ་རེད་ཞུ་འདོད་བྱུང་
གང་ཡིན་ཞེ་ན། སྤྱིར་ཡུལ་མི་བྱེ་བྲག་པ་ངག་ལྡབ་ལྡིབ་སྨྲ་བ་སོགས་ཀྱིས་དེ་ལྟར་འདོན་པ་ཡོད་ནའང་དེ་ནི་དབུས་པ་སྤྱིའི་སྐད་མ་རེད། དེ་ནི་རང་གི་འདོན་སྟངས་མ་འགྲིགས་པ་ཙམ་ལས་སྒྲ་ཡང་དག་པའམ་ཇི་བཞིན་པ་མེད་པ་མ་རེད། ད་དུང་གོང་དུ་དངོས་ཡོད་ཀྱི་སྒྲ་གདངས་དང་མི་མཐུན་པ་མང་པོ་དཔེ་མཚོན་དུ་བཀོད་འདུག་ཀྱང་རེ་ཞིག་དེ་གཉིས་ཀྱིས་འཐུས་པར་བྱའོ།།
མི་རེ་གཅིག་རེ་གཉིས་ཀློག་སྟངས་མི་འགྲིགས་པ་སྲིད་ཀྱང་ཞིབ་འཇུག་རྒྱ་ཆེན་པོ་དང་
སྤུས་དག་པོ་དགོས་གལ་ཆེ་བས་དེ་ལུགས་ཀུན་གྱིས་དགོངས་འཇགས་བཅས་ཡུལ་བྱེ་བྲག་པ་གང་དང་གང་གི་སྒྲ་དག་པ་དང་གསལ་བ་ཡོད་མིན་བརྟག་དགོས་སྙམ།།
རྡོ་དགོན་གསང་བདག་རྡོ་རྗེ་དང་ཉི་སྐུ་བླ་ཡིས་བརྩམས་པའི་བོད་ཀྱི་སྤྱི་སྐད་སློབ་དེབ་ཏུ། གདངས་གཅིག་པའི་ཡི་གེའི་ཁྲོད་དུ།
ཀ་ རྐ ལྐ སྐ དཀའ་
ཏ་ རྟ་ ལྟ་ སྟ བཏའ་
ཙ་ རྩ་ སྩ་ གཙའ་ བཙའ་
པ་ ལྤ་ སྤ་
ཅ་ གཅའ་ བཅའ་
ཏ་ གཏའ
ཞ་ གཞའ་ བཞའ་
ཟ་ གཟའ བཟའ་
ཤ་ གཤའ་ བཤའ་
ས་ གསའ་ བསའ་
ད་དུང་འགའ་རེ་འདུག
ད་སྐེ་སངས་ ཞེས་བཀླག་མཁན་ལ་ སྐལ་བཟང་ཞེས་བཀླག་རོགས་ཀྱི་འབོད་སྐུལ་ཞུ།
ད་དུང་དེབ་དེར་སྒྲ་གདངས་གཅིག་པའི་གྲས་ན།
རྒ་དང་མགའ
རྗ་དང་མཇའ་
རྡ་དང་མདའ་
སོགས་འདུག
བྱ་རུང་ཁ་ཤོར་གྱི་རྒྱན་ཆའི་ཚོང་ཁང་ཞིག་ནང་། འདིར་གཡི་ཚོང་རྒྱུ་ཡོད། ཅེས་བྲིས་པ་མཐོང་བས་ངས་ཚོང་བདག་གམ་བྲིས་མཁན་དེ་ཨ་མདོ་བ་ཞིག་ཡིན་པར་ཐག་བཅད། འགྲིག་འདུག་གམ།
གོང་དུ་གཅིག་གིས་དབྱིན་ཡིག་ཐོག་ནས་ (ཀྱ་=Kya ཁྱ་=Khya གྱ་= Ghya པྱ་=ཅ། པྱ་= ཆ། བྱ་= ཇ མྱ =ཉ) བྲིས་ཏེ་སྒྲ་མདངས་ངོ་སྤྲོད་ཐབས་གནང་འདུག་སྟེ། དེ་ཡང་མ་ངེས་པའི་རྒྱུ་མཚན་ཏེ། མདོ་དབུས་ཁམས་གསུམ་གྱིས་སྒྲ་མདངས་སོ་སོར་ཀློག་པས་སོ།།
དཔེར་བོད་མིང་གི་རིགས་བོད་ནང་གི་བོད་པའི་འབྲི་སྟངས་དང་ཡུལ་གྱར་བོད་པའི་འབྲི་སྟངས་སོ་སོ་བཞིན་ནོ།།
བོད་ནང་ x འདི་བཀོལ་སྤྱོད་ཤིན་ཏུ་མང་།
དཔེར་ན་ new York ལ་ང་ལྟར་ན་ནེའུ་ཡོག་འབྲི། དེ་ཚོའང་དབྱིན་ཇིའི་སྒྲ་གདངས་སོ་སོར་འདོན་པ་ལས་བྱུང་བ་མིན་ནམ།
ཅོ་རི་ཉི་མ་ལགས། འདིར་སླར་ཡང་ཕེབས་པ་བཟང་།
Welcome
སྔ་མོ་སྐད་ཡིག་གསུམ་གྱི་སྒོ་བྲིས་མཁན་དེ་ང་མིན་དྲན། དེ་ཡིན་ན་དགོངས་དག་ཞུ་གི་ཡིན། ལར་ནས་འདི་འདྲ་སྣ་ཐུང་ཐུང་བྱེད་རྒྱ་མེད། ཁ་སང་བན་བོན་རྩ྄ོད་ས་ལ་ཁྱོད་ཡོད་ན་ཏན་ཏན་ཁྱོད་ཀྱིས་གྲི་འཕྱར་ནས་མདུན་གྱི་ཀམ་པུ་ཀྲར་བཅག རང་ཉིད་ཟས་མ་ཟོས་པར་ཉལ་བསྡད་ཡོད་པ་ཐག་གཅོད། དེ་འདྲས་ག་རེ་ཕན་གི་རེད།
ང་མིན་ནམ་དྲན། ཞེས་བཅོས།
འདིར་མདོ་དབུས་ཁམས་གསུམ་ཀ་ལ་ཀློག་སྟངས་ལེགས་ཉེས་གཉིས་ཀས་མཁྱབ་པ་མེད། ངའི་བསམ་ཚོད་ལྟར་ན་དེ་གསུམ་ནས་ཨ་མདོ་ལེགས་པར་སྣང་། ཨ་མདོ་ལའང་ནང་གསེས་ཀློག་སྟངས་མི་འདྲ་བ་འདྲ་ཡོད་དམ། དེའི་སྐོར་ང་ལ་རྒྱུས་ཆེར་མེད།
ཨ་མདོ་བའི་སྐད་ནང་ནས་རྔ་པའི་སྐད་འཁྲེགས་ཤོས་ཡིན་པ་ཞིག་གོ་མྱོང་། ཡང་སྙིང་མི་ཤེས།
ད་དུང་སྐད་ཡིག་གཅིག་ལྷག་འདུག །འདི་ནི་སྟོད་ཀྱི་སྐད་རེད། སྟོད་ཟེར་དུས་སྟོད་མངའ་རིས་དང་སྟོད་པ་གཉིས་ཀ་ཚུད་ཡོད། ཕལ་ཆེར་གཉིས་ཀ་འདྲ་སེ་ཡོད། དེང་སང་བཙན་བྱོལ་ནང་དུ་མི་རབས་རྒན་པ་ཕུད་སྟོད་སྐད་བཀོལ་སྤྱོད་བྱེད་མཁན་དཀོན་པོར་གྱུར་ཡོད། ཁྱབ་ཆེ་ཤོས་ནི་སྟོད་ཕྱོགས་དང་ས་འབྲེལ་ཡིན་པའི་བལ་ཡུལ་ནང་ཡོད།
ཀ་སོགས་གསལ་བྱེད་སུམ་བཅུ་དང་། དབྱངས་བཞི་བཅས་ལ་མདོ་དབུས་ཁམས་གསུམ་གྱི་མིའི་སྒྲ་གདངས་ལ་དབུས་སྒྲ་དང་ཨ་མདོའི་སྒྲ་ལས་ཁམས་པའི་སྒྲ་གདངས་དག་ཆེ་་བ་ཡོད། དེ་ཡང་ཆོལ་གསུམ་གང་གི་སྒྲ་གདངས་དག་གྲས་ནས་ཞུས་བ་ཡིན། ཨ་མདོ་བས་དབྱངས་དང་རྗེས་འཇུག་མང་པོར་ནོར་སྐྱོན་ཤིན་ཏུ་ཆེ་བའི་སྒྲ་གདངས་ཐོན་ཡོང་གི་ཡོད། དཔེ་ན། ཁྱོད་ལ། ཆོ་དང་། དཀར་པོ་ལ། དཀའ་རོ། དམར་པོ་ལ། དམའ་རོ་ཞེས་པ་ལྟ་བུ་མང་ནི་རེད། དབུས་སྒྲའི་ནང་དུ་རྗེས་འཇུག་སོ་སོའི་སྒྲ་གདངས་གསལ་ཁ་ཐོན མི་ཡོང་། དཔེ་ན། སྐྱིད་དང་ཅིག་གཉིས་ཀྱི་སྒྲ་གདངས་ལ་ཁྱད་པ་མེད་པ་ལྟ་བུ་རེད། དབུས་སྐད་ནང་དུ་མགོ་ཅན་དང་འདོག་ཅན་གྱི་སྒྲ་གདངས་མང་ཆེ་བ་འདྲ་པོ་རང་རེད། ལྷག་པར་དུ་འདོགས་ཅན་གྱིས་མིང་གཞི་སོ་སོའི་སྒྲའི་གསལ་ཁ་ཐོན་གྱི་མ་རེད། དཔེ་ན། ཡ་བཏགས་ཅན་། ཀྱ་ཁྱ་གྱ། ཅ་ཆ་ཇ་དང་། པྱ་ཕྱ་བྱ་མྱ་། ཅ་ཆ་ཇ་ཉ། ཞེས་པ་དེ་རང་ལས་སྡེ་པ་དང་པོ་དང་སྡེ་པ་གཉིས་པའི་དབར་སྒྲ་གདངས་ལ་ཁྱད་པ་མི་ཐོན། དེར་ཨ་མདོའི་སྒྲ་གདསང་ནི་གོང་དུ་གསུངས་སོང་བས་འདི་མི་བཤད། དེར་ཁམས་པའི་སྐད་གདངས་ཐོག་ནི། ཀྱ་ཁྱ་གྱ། ཅ་ཆ་ཇ་དང་། པྱ་ཕྱ་བྱ་མྱ། བཤའ་ཤ་ཞ་ཉ་ཞེས་པའི་སྒྲ་གདངས་སྟོན་གྱི་རེད། སྔ་རབས་བོད་ཀྱི་རིག་གནས་ཀྱི་ཕ་ས་ཁམས་སྡེ་དགེ་ཕྱོགས་ཀྱི་ཡིག་སྐད་དེ་བོད་མདོ་དབུས་ཁམས་གསུམ་གྱི་མི་སུ་འདྲ་ཞིག་ཡིན་ཡང་ སྒྲ་དག་གསལ་གསུམ་ཚུལ་གྱིས་གོ་རྟོགས་ཐུབ་ཀྱི་ཡོད་པས་མ་ཟད། སུམ་རྟགས་དག་གསུམ་དང་མཐུན་པའི་སྒྲ་གདངས་ཆེས་འཕུལ་དུ་བྱུང་བའི་བོད་ཀྱི་ཡིག་སྐད་དེ་ཡིན་ཞུ་ན་དོན་དུ་གནས་སོ།
ལྷ་ས་བས་ལྷ་ས་ལབ་མི་ཤེས། ལྷེ་ས་ཟེར།
ཁམས་པས་མང་པོ་ཟེར་མི་ཤེས། མོང་པོ་ཟེར།
ཨ་མདོ་བས་གཡུ་ཟེར་མི་ཤེས། གཡི་ཟེར།
གཙང་པས་རྒྱལ་བ་ཟེར་མི་ཤེས། རྒྱ་བ་ཟེར།
ཡང་སྲ་ལ། ཀྲ༽ ས༽ ཧྲ༽ ཞེས་སོ་སོར་ཀློག
བསྟན་འཛིན་ལགས། ༼དབུས་སྒྲའི་ནང་དུ་རྗེས་འཇུག་སོ་སོའི་སྒྲ་གདངས་གསལ་ཁ་ཐོན མི་ཡོང་། དཔེ་ན། སྐྱིད་དང་ཅིག་གཉིས་ཀྱི་སྒྲ་གདངས་ལ་ཁྱད་པ་མེད་པ་ལྟ་བུ་རེད། ༽འདི་ལ་ངོས་ལེན་ཞུ་ཐུབ་ལ་མིན་འདུག
སྐྱིད་དང་ཅིག་རྦད་དེ་རང་གིས་སོ་སོར་འདོན་པ་དང་གཞན་གྱིས་སོ་སོར་ཐོས་ཐུབ། གང་ཡིན་ཟེར་ན་སྔ་མོ་ཨ་མདོ་སོགས་བོད་ས་གནས་འདྲ་མིན་གྱི་བོད་པ་གྲོགས་པོ་ཚོ་མཉམ་དུ་མང་དུ་གླེང་མྱོང་། དེ་སྐབས་ཨ་མདོ་བས་བཀའ་དང་དཀའ་ལ་གདངས་ཁྱད་པར་ཡོད་རབས་བཤད། རེ་རེ ནས་་བཀླགས། ཡིན་ནའང་ངས་རྣ་ཤུགས་ཆུང་བས་སམ་གང་ཡིན་མི་ཤེས་ཏེ་སྒྲ་གཅིག་རང་ཐོས་གི་འདུག
དིང་གི་མཁས་པ་རྣམས་ཀྱིས་བོད་སྒྲའི་འབོད་ཚུལ་སྒྲ་གདངས་བགྲོ་གླེང་མཛད་པས། བོད་སྐད་སྒྲ་གདངས་སྐོར་ལ་འཇུག་པ་བསྟན་པར་དགའ་བ་སྐྱེས།
བོད་སྐད་སྒྲ་གདངས་སྐོར་ལ་ད་ལྟ་ཙམ་མ་ཡིན་པར་༡༡༤༣ནས་༡༡༨༢བར་བཞུགས་པ་ས་སྐྱ་པ་རྗེ་བཙུན་བསོད་ནམས་རྩེ་མོ་དང་། རྗེས་སུ་༡༧༠༠ ནས་༡༧༧༤བར་བཞུགས་པ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་བོད་སྐད་སྒྲ་གདངས་ལ་དཔྱད་པ་མཛད། བོད་སྐད་དང་། ལེགས་སྦྱར་ལ་སྦྱངས་པ་དང་། རང་སྟོབས་ཀྱི་ཤེས་རབ་ཆེ་བས། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས། རྗེ་བསོད་ནམས་རྩེ་མོས་གཏན་འབེབས་མཛད་པ་བཞིན་གནའ་བོའི་འབོད་ཚུལ་བཞིན་སྒྲ་གདངས་དགོས་ཚུལ་ལ་བསྔགས་བརྗོད་མཛད།
རྗེ་བཙུན་བསོད་ནམས་རྩེ་མོས་བོད་ཀྱི་ཡི་གེ་ཀློག་ཚུལ་བྱིས་པ་བདེ་བླག་ཏུ་འཇུག་པའི་བོད་ཀྱི་བཀླག་ཐབས་ན་གསུངས། གང་གིས་གསུངས་པ་བཞིན་དུ་བོད་ཀྱི་མཐའ་མཚམས་ཡོངས་ལ་གནའ་བོའི་སྒྲ་གདངས་དེ་ད་ལྟ་ཡང་ལུས་ཡོད་འདུག ༢༠༠༦ལོར་ལན་ཀྲུ་སློབ་གྲྭ་ཆེན་མོར་ཁོ་བོས་ལ་དྭགས་གཤམ་ཕྱོགས་དང་། སྦལ་ཏིའི་བོད་སྐད་སྒྲ་གདངས་འབོད་ཚུལ་བོད་ཀྱི་མཁས་པ་སློབ་དཔོན་དང་། སློབ་མ་འགའ་ལ་ཞུས་པ་ན། སློབ་དཔོན་ཆེན་པོ་ཨ་བླ་དོར་ཞིས་ཤར་ཕྱོགས་ཀྱི་ལུང་པ་ཞིག་ན། སྐྲ་ཞེས་པར་ས་ཀ་ར་ཞེས་པ་ཡོད་གསུངས། འདི་འདྲ་ལ་རྗེ་བཙུན་བསོད་ནམས་རྩེ་མོས། གལ་ཏེ་མ་ཕྱིན་གྱུར་པ་ན། ཡི་གེ་ཕྲལ་ལ་བཀླག་པར་བྱ། དཔེར་ན། སྒྲ་ལ། ས་གྲ་བཞིན་ཞེས་གསུངས་ཡོད། དེ་ཡང་སྐྲ་ལ། དབུས་གཙང་པ་དག་གིས་ས་མེད་པར་། ཀྲ་སྟེ། ཊ་ཞེས་འབོད། ངའི་ལུང་པར་ཀ་མེད་པར་སྲ་ཞེས་འབོད།
དིང་སང་བོད་ཀྱི་ཡི་གེ་ཐོབ་ཐང་བཞིན་ཨིན་ཡིག་ཏུ་བྲིས་པ་ཞིག་བོད་སྐད་གཏན་ནས་གོ་མ་མྱོང་བ་ཞིག་ལ་ཀློག་ཏུ་འཇུག་ན། གནའ་བོའི་འབོད་ཚུལ་ཇི་ལྟ་བ་བཞིན་འབོད། དེ་ཡང་བདག་གིས་ལོ་རྒྱུས་ཤིག་ཐོས། ཕྱི་ལོགས་པ་དབུས་སྐད་ལེགས་པར་སྦྱངས་པ་ཞིག་མཐའ་མཚམས་ཀྱི་ལུང་པ་ཞིག་ལ་སླེབས་ཏེ། དབུས་སྐད་རྒྱབ་པ་ན། དེ་ཀའི་མི་དག་གིས་མ་གོ་བ་ན། ཡི་གེ་ཐོབ་ཐང་བཞིན་བྲིས་པ། སྒྲ་གདངས་ལེགས་པར་འཐོན་པར་བྱས་ཏེ། སྐད་རྒྱབ་པ་ན། ལུང་པ་དེའི་མི་དག་གིས་སྐད་གོ་བ་ཡོད་པའི་ལོ་རྒྱུས་ཐོས།
སོག་པོ་གྲྭ་པ་རྣམས་ཀྱིས་བོད་ཡིག་ཀློག་པ་ན། སྒྲ་གདངས་ཡོངས་རྫོགས་འབོད་པས་དབུས་གཙང་པ་དག་གིས་མི་གོ་ཞིང་རྣ་བས་ཉན་པ་ལ་མི་དགའ། དེ་ཡང་ཁལ་ཀ་རྗེ་བཙུན་དམ་པས་གནའ་བོའི་འབོད་ཚུལ་དེ་འབོད་དགོས་ཞེས་གསུངས་པ་ཐོས།
བདག་གིས་བོད་ཀྱི་ཡིག་སྐད་སྦྱོང་བ་པོ་རྣམས་ལ་དང་པོ་ཡི་གེ་ཡོངས་རྫོགས་འཐོན་པར་བྱས་ཏེ་ཀློག་དགོས་པ་དང་། དེའི་རྗེས་གཞན་དང་མཉམ་དང་དུ་གཏམ་གླེང་བ་ན། དིང་སང་གི་ཡུལ་སོ་སོའི་སྒྲ་གདངས་བཞིན་འབོད་དགོས་པར་བཤད།
དེས་ན་བོད་ཀྱི་གཞོན་ནུ་རྣམས་ལ་སྦྱོར་ཀློག་གི་ཚབ་ཏུ་གནའ་བོའི་ཀློག་ཚུལ། གཅིག་ གཉིས་ གསུམ་ལ་ ཀི་གུ་དང་ཞབས་ཀྱུ་དེ་སྔོན་འཇུག་དང་མིང་གཞི་གཉིས་ཀ་ལ་འཇུག་པར་བྱས་ཏེ་ཀློག་དགོས་ཏེ། རྗེ་བཙུན་བསོད་ནམས་རྩེ་མོས། ཚེག་བར་གཅིག་ན་ཡི་གེ་གྲངས།
དུ་ཡོད་དེ་དག་ཐམས་ཅད་ཀྱིས།
གུག་ཀྱེད་མཉམ་པར་ཐོབ་པ་ཡིན།
དེ་བཞིན་ར་ལ་ས་རྣམས་ཀྱི་མགོ་ཅན་ཇི་ལྟར་ཀློག་ཚུལ་ཡང་གསུངས། ཚིག་མང་དུ་དོགས་ན་མ་བྲིས་སོ།།
གང་ལྟར་ཁྱེད་ཚོས་གང་བཤད་ཀྱང་ཆོག་སྟེ་དོན་དངོས་གོང་དུ་བཤད་པ་བཞིན་རྡོ་དང་མདོ།སྒ་དང་མགོ།ཞེས་བརྗོད་པར་ལྟར།དཔེར་ན་དབུས་པས་རྐང་པ་ལ།རྐང་ཀ་དང།ལག་པ་ལ་ལག་ཀ་དང།ཁང་པ་ལ་ཁང་ཁ་ཞེས་པ་ལྟར།ཨ་མདོ་བས་ལྷ་དབང་ལ་ལྷ་ཨང་།ཤ་ལ་ཧ་བཟོ་ལྟ་བུ་བརྗོད་བཞིན་ཡོད།མདོ་སྟོད་པས་ཀྱང་སྒྲ་མདངས་མི་མཚུངས་པ་མང་པོ་ཡོད་རེད་དེ།མདོར་དོན་ཕན་ཚུན་ཁེངས་དྲེག་མེད་པའི་ཐོག་ནས་བོད་པའི་སྐད་གཅིག་མཚུངས་ཡོང་རྒྱུར་ལེགས་ཆ་སྤུངས་ན་དངོས་ནས་ཕན་ངེས་རེད།
ཀློག་དགོས་ཏེ། ཞེས་པར་ཀློག་ཏུ་འཇུག་དགོས་ཏེ། ཞེས་བཅོས་སོ།
དགེ་རབ་སོགས་ཀྱི་རྩོམ་ནང་། དབུས་པ་ཞེས་འཁོད་པ་དབུས་གཙང་ལ་ཟེར་རྒྱུ་མིན་ནམ། གོང་དུ་དྲྭ་གྲོགས་ཤིག་གིས་གསུངས་པ་ལྟར། དབུས་པའི་སྐད་ལ་འདི་ལྟར་འབོད། ཅེས་རལ་གྲི་གནམ་གཡུགས་མཛད་མི་འོས་ཏེ། ལྷོ་ཁ་དང་། ནག་ཆུ། ཀོང་པོ། གཙང་། སྟོད་བཅས་ཀྱི་སྒྲ་གདངས་འདོན་ཚུལ་མི་འདྲ་བ་ཡོད་དོ།།
དབུས་པ་རྣམས་ཀྱིས་མདོ་ཁམས་པའི་སྐད་གདངས་མི་ཤེས་ལ་མདོ་ཁམས་པ་རྣམས་ཀྱང་དབུས་གཙང་གི་སྐད་གདངས་གསལ་བོ་མི་ཤེས་པས་ཆོལ་ཁ་གསུམ་པོ་གང་ཡིན་རུང་ཡུལ་ལུང་སོ་སོའི་སྐད་གདངས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་སྙམ།
གོང་གི་དགེ་རབ་དང་མགོན་པོ་ཕྱག་གཉིས་བ་གཉིས་གཙོ་བོ་བྱས་ནས་ཞུ་རྒྱུ་ཞིག་ལ། མཁས་བ་འཆུག་ན་འདོམ་གང་དང་གླེན་པ་འཆུག་ན་མཐོ་གང་ཟེར་བ་ལྟར། རང་གི་ཡུལ་ལུང་ག་གེ་མོ་ཞིག་ན་འདི་དང་འདི་འདྲ་བའི་དགེ་སྐྱོན་ཡོད་པ་དང་ཡུལ་ལུང་གཞན་སོགས་ཆོལ་ཁ་གང་དང་གང་དག་ན་ཡང་མཁས་མང་འཛིན་པ་འདྲ་ཡོད་ན་དེས་འདི་དང་འདི་འདྲ་བའི་སྒྲ་མ་དག་པ་དང་མི་དག་པར་ཀློག་པ་སོགས་ཀྱི་སྐྱོན་གསལ་འདོན་བྱས་ཚར་ནས་ད་གཟོད། འདི་དག་པ་དང་འདི་མི་ཡག་པ་སོགས་ཀྱི་གླེང་མོ་བྱས་ན་བཟང་ཕྱོགས་སུ་འགྲོ་བའི་དགེ་མཚན་ཡོད་པ་ལས། གཞན་ལྷ་ས་དང་ཁམས་ཨ་མདོ་སོགས་ནས་འདི་འདྲ་ཟེར་བ་རེད་ཞེ་ཆ་རྒྱུས་དེ་ཙམ་མེད་པའི་ཡུལ་ལུང་གི་སྐད་གདངས་ལ་མ་ཉེས་ཁ་གཡོག་མི་གནང་བར་ཞུ།
མགོན་པོ་ཕྱག་གཉིས་པ་ལགས། ཁྱོའི་ས་ནས་སྐལ་བཟང་ལ་སྐབ་བཟང་ཀློག་གི་ཡོད་པ་བདེན་པ་རེད་ཡིན་ཡང་དེ་ཀློག་པའི་སྐབས་སུ་ཁྱོ་ལ་རྗེས་འཇུག་ས་ཞིག་གང་ནས་རེག་སོང་ངམ། འགྲོ་ལུགས་འདི་ཡ་མཚན་པོ་ཅང་མ་རེད། དཀོན་མཆོག་ལ་དཀོམ་མཆོག། ཨ་མདོ་ལ་ཨམ་མདོ་སོགས་རང་རང་གིས་བརྗོད་བདེ་བའི་ཕྱིར་དུ་རྗེས་མཐུན་འདྲེན་པ་རེད། འདིའི་རིགས་འདི་ཆོལ་ཁ་གསུམ་ན་ཡོད་པ་རེད་བསམ་སོང་།
དེ་ནས།
དགེ་རབ་ལགས། ཨམ་སྐད་ལ་ཞབས་ཀྱུའི་སྒྲ་དང་གི་གུ་སྒྲ་ལ་ཁྱད་པར་མེད་པ་བཤད་འདུག་པ་དེ་ནི་བདན་པ་མ་ཡིན་དེ། དགོན་པ་དང་སློབ་གྲྭའི་ཉེས་སྐྱོན་མ་ཕོག་ས་ན་འདི་ལ་ཁྱད་པར་ཡོད་པ་འདི་ལྟར་ཡིན། ཤ་རུལ་བ། ལུང་བ། ཡུལ་བ། འདུག་ཤུལ་སོགས་ད་དུང་གསོན་པོར་གནས་ཡོད། ཡིན་ན་ཡང་ཆུ་སོགས་མིང་ཁ་ཤས་ཤིག་གི་ཞབས་ཀྱུའི་སྒྲ་་འགྱུར་ཚར་ཡོད་ས་རེད།
ཚིག་སྒྲིབ་གི་འགྲོ་སྟངས་སྤྱིའི་ཆ་ནས་ཨ་མདོ་ཡོངས་དང་ཁམས་དང་ནག་ཆུ་ལ་སོགས་ཀྱི་འབྲོག་ཕྱོགས་ཚང་མ་སྡེ་ཚན་གཅིག་ལ་འདུ་བར་འདོད།
སྐད་ཡིག་བཤད་ན་སྐད་ཆ་དྲང་མོར ཤོད། ཞེན་ཁོག་གིས་སྐད་ཆ་མ་བཤད། ལུང་ཚན་ཀྱི་ཁ་སྐད་དང་བོད་སྤྱིའི་ཡིག་སྐད་གཉིས་ཁག་ཁག་ལ་དབྱེ་ནས་ཤོད། ང་ཚོས་སྐད་ཡིག་གི་གཅིག་གྱུར་བཤད་སྐབས་སྤྱིའི་སྦྱོར་ཀློག་གི་ཆ་ནས་བཤད་པ་ལས་ལུང་ཚན་སྒྲ་གདངས་བརྩད་ནས་ཡོང་རྒྱུ་ཡོད་མ་རེད་པྭ།
རྗེས་འཇུག་ས་ཡིག་མ་རེད་ཡང་འཇུག་ས་ཡིག་ལ་བཅོས། མགོན་པོ་ལགས།
ལྷན་རྒྱས་ལ་ཞུ་བ་ཞིག་ཡོད། དེ་ནི་གསལ་བྱེད་སུམ་ཅུ་དང་། དབྱངས་བཞིའི་སྐོར་ལ་ཡིན། དོན་དུ་གསལ་བྱེད་ཉེར་དགུ་དང་། དབྱངས་ལྔ་ཡིན་ཀྱང་། གྲངས་སུམ་ཅུ་ལོངས་པའི་ཕྱིར་དུ། ཨ་ཡིག་ལ་གསལ་བྱེད་ཅེས་མིང་བཏགས་པ་ཞིག་ཏུ་རྟོགས། ཨ་ཡིག་ལེགས་སྦྱར་ཏེ། བོད་ཀྱི་བརྡ་སྤྲོད་ཀྱི་དཔེ་བཅོལ་ས་ལྟ་བུ་ཡིན དེ་ན་ཨ་ཡིག་དབྱངས་སུ་འདོད་པ་ལྟ་ཅི་སྨོས། ཐ་ན་ཨིན་སྐད་དུ་ཡང་། ཨ་ཡིག་དབྱངས་ཡིན་པར་འདོད། དེ་དག་ཏུ་མ་ཟད་བོད་ཀྱི་བརྡ་སྤྲོད་ལ་མཁས་པའི་ཡང་རྩེར་སོན་པ། ཤཱཀྱའི་དགེ་སློང་ངག་དབང་ཆོས་ཀྱི་རྒྱ་མཚོ་དབྱངས་ཅན་སྙེམས་པའི་སྡེས། བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ་ན། དབྱངས་ལྔ་ཡ་ར་ལ་བའི་འདོགས། ཞེས་གསུངས་པ་ལས་ཀྱང་ཤེས་ཐུབ་བོ།།
ཐོན་མིས།
ཨཱ་ལི་གསལ་བྱེད་ཨི་སོགས་བཞི།།
ཀཱ་ལི་སུམ་ཅུ་ཐམ་པ་འོ།།
ཞེས་གསུངས་པ་ལས། བོད་ཡིག་དབྱངས་བཞི་དང་གསལ་བྱེད་སུམ་ཅུ་ཡོད་པ་ཐག་བཅད་དེ་གསུངས་
པ་མ་རེད་དམ།
དབྱངས་ལྔར་འདོད་མཁན་ཐོག་མ་དེ་བརྡ་སྤྲོད་མཁན་པོ་སུ་ཞིག་ཡིན་ནམ། དེས་ཁུངས་གཞུང་གང་ལ་གཏུགས་པ་ཡིན་ནམ།
རྣམ་པ་ཚོར་ཞོགས་ཀ་བདེ་ལེགས།
ཁྱེད་ཚོས་རང་རང་གི་དགོངས་ཚུལ་གསུངས་པ་ལེགས། ཨ་མདོའི་ཡུལ་སྐད་འགའ་ལ་ དབྱངས་དང་རྗེས་འཇུག་ཅན་གྱི་ཡི་གེ་དཔེར་ན་ ལུང་དང་ལིང་ལྟ་བུ་ལ་ཁྱད་པར་ཡོད་པ་གོང་ནས་གསུངས་འདུག དེ་དེ་བཞིན་ནོ་ཞུ་རྒྱུ་ཡིན། ད་རྩོད་པ་ཚ་བོ་དང་ཞིབ་ཚགས་པོའི་ནང་བསྐྱོད་རྒྱུ་མིན། ཐོག་མར་ང་ཚོས་འབད་བརྩོན་ཞིག་བྱེད། དེ་ནི། གཤམ་གསལ་གྱི་དོན་ཚན་གཉིས་ཀྱི་ཐོག་ནས་བལྟ།
དབྱངས་བཞིའི་འཇུག་པ་དེ་དབུས་པ་ལྟར་བཀླག་རོགས།
རྗེས་འཇུག་གི་འཇུག་པ་དེ་མདོ་ཁམས་པ་ལྟར་བཀླག་རོགས། དེ་ཡང་གལ་ཆེན་གྱི་རིགས་དཔེར་ན། རྗེས་འཇུག་གི་ཡི་གེ་
ག་ སྟག་ལྟ་བུ།
ད་ དེད་ལྟ་བུ།
ར་ ཡར་ལྟ་བུ།
ལ་ ཡལ་ལྟ་བུའོ།།
བཀླག་སྟངས་འདི་ཙམ་ཞིག་གིས་ཀྱང་ང་ཚོ་ཕན་ཚུན་བོད་སྐད་ཐོག་ནས་གོ་བརྡ་འཕྲོད་པ་ལ་ཕན་ཆེན་པོ་ཐོགས་ཀྱི་རེད་དྲན། རྒྱ་གར་དུ་ཨ་མདོ་དང་དབུས་པའི་བར་སྐད་བསྒྱུར་བཙུགས་མྱོང་ཡོད་པ་རེད། བོད་ནང་དུ་ཆོལ་ཁ་ཕན་ཚུན་བར་བོད་སྐད་ཀྱིས་གོ་བརྡ་མ་འཕྲོད་པའི་སྐབས་དེ་ལ་རྒྱ་སྐད་སྤྱོད་པ་རེད།
ཨོ་གཅིག་བརྗེད་འདུག ད་དབྱངས་དང་རྗེས་འཇུག་གི་འཇུག་པ་འདི་ང་ཚོ་རང་ཉིད་ནས་མགོ་འཛུགས། ངས་དོ་སྣང་ཆེན་པོས་སྦྱངས་པ་ཡིན། དབྱངས་ཀྱི་འཇུག་པ་རྣམས་དབུས་པ་དང་ཐག་ཉེ་སེ་ཞིག་ཀློག་ཐུབ། མགྱོགས་པོར་ཀློག་སྐབས་ངས་སྦྱངས་པའི་དབྱངས་ཀྱི་འཇུག་པ་དེ་དག་ཤོར་ཉེན་འདུག་མོད། མུ་མཐུད་ནས་སྦྱང་གི་ཡིན། ད་རྣམ་པ་ཚོས་ཀྱང་དེ་ལྟར་གནང་རོགས། ཆུང་དང་མཆོངས་གཉིས་ཀྱི་སྒྲ་ལ་ཁྱད་པར་ཨེ་ཡོང་ལ་གཟིགས། དེས་ཁྱེད་ཀྱི་དབྱངས་ལ་ཚོད་ལྟ་ཞིག་བྱེད་ངེས་རེད།
ཆུང་དང་མཆོངས་ལ་ཁྱད་པར་མནམ་ས་ལྟ་བུ་འདུག་མོད། ཆོང་། མཆོང་། འཆོང་ལ་སྒྲ་གདང་སྤུ་ཙམ་ཡང་མེད།
ཡང་གསོན་ཅིག
ཏིག་ཏ་སྨན་ལ་གི་གུ་ཡོད། །འགྲིག་པའི་ཏག་ལ་གི་གུ་མེད། །ཅེས་པ་ཨ་མདོ་བའི་དག་ཡིག
མཚུངས་པའི་དཔེ་ལ་མགྲེང་བུ་ཡོད། །དཔལ་ལྡན་དཔལ་ལ་མགྲེང་བུ་མེད། །ཅེས་པ་དབུས་པའི
སྟེང་གི་གོང་ལ་ན་རོ་ཡོད། །སྤྱི་སྒྲ་གང་ལ་ན་རོ་མེད། །ཅེས་པ་ཁམས་པའིའོ།།
དཔེར་ན། རྒྱལ་བའི་བཀའ་ནི་བ་བཀའ་ལ། །ངལ་བའི་དཀའ་བ་ད་དཀའ་ཡིན། །ཅེས་པ་བཀའ་དང་དཀའ་ཁྱད་ཆེས་ནས་ཀློག་མཁན་ལ་ནུས་མེད་མིན་ནམ།
ཆུང་དང་མཆོམས་གཉིས་ཀྱི་སྒྲ་གདངས་ང་ཚོ་ལྟར་ན་ཕལ་ཆེར་སྒྲ་གཅིག་པ་ཐོན་བཞིན་ཡོད། དབུས་གཙང་གིས་དེ་གཉིས་ཀྱི་སྒྲ་གདངས་ལོག་ག་འདུག་བསམ། དཔེར་ན། ཆུང་ལ་ཆོན་གི་སྒྲ་དང་མཆོང་ལ་ཆོམ་གྱི་སྒྲ་འདྲ་བ་ཞིག་ཏུ་ཀློག
མེ་ཏོག་གིས་ཀྱང་ཁྱད་པར་གནམ་ས་ལྟ་བུ་རེད་ཟེར། ག་འདྲ་ཡོད་མེད་མི་ཤེས།
མཉམ་འཇོག་ཞིབ་མོ་བྱས་ན་མདོ་དབུས་གཉིས་་་སྐབས་མང་པོར་གཅིག་པ་འདྲ་ཞིག་འདུག དཔེར་ན།
ཕ་ཡུལ་དང་མཆོད་འབུལ་ལྟ་བུ། ཡིན་ཡང་། དེང་གི་རྒྱ་བཙུགས་སློབ་གྲྭ་ནས་ཀ་ཁ་སྦྱངས་མཁན་ཞིག་ཡིན་ན་ཕ་ཡུལ་དང་མཆོད་འབུལ་གཉིས་ཀྱི་སྒྲ་གདངས་དག་པར་འདོན་མི་ཐུབ། དོན་དག་དེ་རྣམ་པ་ཚོ་གསལ་ཆ་ཡོད་ངེས་རེད།
དོ་སྣང་བྱེད་དགོས་ས་གཞན་ཞིག་ནི་རྒྱ་མཚོ་དང་ཨ་མདོ་ཟེར་པའི་ཚིག་འདི་གཉིས་རེད། ཚིག་འདི་གཉིས་ཀྱི་སྟེང་ནས་མདོ་དབུས་གཉིས་སྒྲ་གདངས་གཅིག་གྱུར་ལ་ཕན་པའི་ལེགས་ཆ་ལེན་ཐུབ་པ་འདུག་སྙམ། ཚོད་ལྟ་ཞིག་གྱིས་དང་།
དབུས་པ་རྣམས་ཀྱིས་ཨ་མདོ་ཞེས་ཀློག་སྐབས་ཨམ་མདོ་ཞེས་མི་བརྗོད་དམ། དེ་བཞིན་དུ་མདོ་ཁམས་པ་དག་གིས་རྒྱ་མཚོ་ཞེས་ཀློག་དུས་རྒྱམ་མཚོ་ཞེས་བརྗོད་པ་མིན་ནམ། ད་དུང་གཞན་དག་མང་ན་ཡང་རྣམ་པ་ཚོས་དཔྱད་ན་ལེགས།
དྲ་གྲོགས་རྣམ་པ་ཚོའི་རང་རང་གིས་དགོངས་དཔྱད་ལས་བོད་ཡིག་གི་སྒྲ་གདངས་མདོ་དབུས་ཁམས་གསུམ་གྱི་དབར་མཐུན་ཕྱོགས་སུ་སྤྱོད་རྒྱུ་དང་། དེ་ཡང་ལེགས་སྤེལ་ཉེས་འགོག་གིས་བོད་པ་ཚང་གི་སྐད་ཡིག་གཅིག་གྱུར་ཡོང་ཆེད་དུ་འབོད་པར་དགའ་བསུ་དང་ཡི་རང་ཞུ། སྤྱིར་བོད་ཀྱི་དབྱངས་གསལ་སོ་བཞི་འདིས་མི་རིགས་ཀྱི་སྐད་ཡིག་ཞིག་ལ་མཚོན་ན། འཛམ་གླིང་སྐད་ཡིག་གི་ནང་ནས་ཡར་ཐོན་གྲལ་དུ་ཡོད་ཀྱང་། གོང་དུ་དྲ་གྲོགས་ཚོས་གསུངས་པ་ལྟར་མདོ་དབུས་ཁམས་གསུམ་གྱི་སྐད་ཡིག་གང་ཞིག་སྐོལ་སྤྱོད་ཐད་ལ་ལེགས་ཆ་དང་ཉེས་ཆ་རེ་ཡོད་་པ་ནི་གཅིག་མཚུངས་ཡིན། འོན་ཀྱང་། ཆོལ་གསུམ་ཡོངས་ཁྱབ་ཏུ་བོད་ཀྱི་སྐད་ཡིག་དག་གཙང་གཅིག་གྱུར་ཞིག་སྐོལ་སྤྱོད་མེད་པས་མི་རིགས་འདིར་གྱོང་ཁ་མི་ཉུང་བ་ཞིག་ཀྱང་ཁུར་དགོས་བྱུང་ཡོད། དེ་ཡང་བོད་ཀྱི་ས་ཁྱོན་ཆེ་ལ་མི་འབོར་ཉུང་བ་དང་། ལམ་ཐག་རིང་ལ་ལམ་འཕྲང་དོག་པ་དང་། མཁོ་སྤྲོད་ཉུང་ལ་འབྲེལ་འདྲིས་ཞན་པས་ས་ཁུལ་ཕན་ཚུལ་བར་སྐབས་རེ་སྐད་བརྡ་མ་འཕྲོད་པས་དཀའ་ངལ་ཡང་ཉུང་ཉུང་ཞིག་རྩ་བ་ནས་མིན། ཆེ་ས་ནས་ཞུ་ན། ཆོལ་གསུམ་བོད་མིའི་དབར་དུ་སྐད་བརྡ་མི་གཅིག་པས་མི་རིགས་གཅིག་གྱུར་གྱིས་འདུ་ཤེས་དང་། མེས་རྒྱལ་གཅིག་གྱུར་གྱིས་ལ་ཞེན་དག་ལ་ཡང་དོ་ཕོག་བཏང་མྱོང་ཡོད། དེ་བཞིན་རང་སྐད་ཀྱིས་མ་འདངས་བས་རང་གི་མི་རིགས་ལ་ཕྱིའི་རྒྱ་སྐད་དང་ནང་གི་ལག་པས་ལྐུག་བརྡ་སོགས་ཀྱིས་གོ་བརྡ་སྤྲོད་དགོས་ཡང་བྱུང་ཡོད། དེ་དག་ཡོང་རྐྱེན་གཙོ་བོ་ནི། གོང་དུ་ཞུས་པའི་འཁོར་ཡུག་དེ་དག་དང་། ངེད་ཚང་གི་ཡུལ་སྐད་དང་ལུང་སྐད་རེར་ཞེན་ཆགས་ཆེ་དྲག་པའི་ཡིན་པས། དེས་ན་མི་རིགས་ཀྱི་ལ་རྒྱལ་སོམས་ན། སྐད་ཡིག་གཅིག་གྱུར་དགོས། མི་དམངས་ཀྱི་མཐུན་སྒྲིལ་སོམས་ན། སྐད་ཡིག་གཅིག་གྱུར་དགོས། སྔོན་ཐོན་གྱིས་མདུན་སྐྱེད་སོམས་ན། སྐད་ཡིག་གཅིག་གྱུར་དགོས། ཉི་མ་དེ་རིང་ནས་འགོ་ཚུགས་ཀྱིས། མདོ་དབུས་ཁམས་གསུམ་གྱི་མཁས་པ་དག་གིས་རང་ལྟ་མཆོག་འཛིན་འདི་དོར་ནས་ལེགས་སྤེལ་ཉེས་འགོག་གིས་སྐད་ཡིག་གཅིག་གྱུར། ལེགས་སྤེལ་ཉེས་འགོག་གིས་སྐད་ཡིག་གཅིག་གྱུར། ལེགས་སྤེལ་ཉེས་འགོག་གིས་སྐད་ཡིག་གཅིག་གྱུར་ལ་འབད་རོགས།
རྒན་འཇམ་དཔལ་ལགས
སྤྱིར་བཏང་ཨ་ཨི་ཨུ་ཨེ་ཨོ་འདི་ཚོ་དབྱངས་རེད། ང་ཚོའི་བོད་ཡིག་ནང་ཨ་དབྱངས་ཡིག་ནང་འཇོག་མི་དགོས་པའི་རྒྱུ་མཚན་ནི་གསལ་བྱེད་རྐྱང་བ་སུམ་ཅུ་བོ་རེ་རེ་ནས་དབྱངས་ཨ་དང་ལྡན་པའམ་ཨའི་དོན་ཅན་ཡིན་པས་རེད། ཀ་ka ཁ་kha ག་ga ང་། nga འདི་ལྟར་བོད་ཡིག་ལ་དབྱིན་ཡིག་ལྟར་དབྱངས་ཨ་དེ་མི་དགོས་པ་རེད།
དབྱིན་ཡིག་དང་ཧྥ་ཡིག་སོགས་ལ་མཚོན་ན། གསལ་བྱེད་རྐྱང་བ་རྣམས་དབྱངས་ཨ་ཡི་དོན་ཅན་མིན་པ་རེད། དཔེ་བཞག་ན། ཨེ་པི་སི་ལྟ་བུ་རེད། དེ་འདྲ་ཡིན་ཙང་ same sad ཟེར་ནས་དབྱངས་ཨ་དེ་ངེས་པར་དགོས་པ་རེད།
ཨ་དེ་དབྱངས་ཡིན་ཡང་ང་ཚོའི་བོད་ཡིག་ནང་དབྱངས་ཨ་ལ་བེད་སྤྱོད་མེད་པར་གྱུར་པའི་རྒྱུ་མཚན་གོང་གསལ་ལྟར་རེད། ཨ་དེ་དབྱངས་ཡིན་པ་མ་ཟད་གསལ་བྱེད་ཀྱང་རེད། དཔེ་བཞག་ན། ཨ་མ། ཨ་ཕ། ཨུ་མ། ཨོག་ཚོམ་ལྟ་བུའོ།
དབྱིན་ཡིག་ལའང་དེ་ལྟར་དེ། apple, add, ant ལྟ་བུའོ།
ཤཱཀྱའི་དགེ་སློང་ངག་དབང་ཆོས་ཀྱི་རྒྱ་མཚོ་དབྱངས་ཅན་སྙེམས་པའི་སྡེས་དབྱངས་ལྔ་ཡ་ར་ལ་ཝའི་འདོགས་ཟེར་ནས་ཨ་དབྱངས་ལ་བཞག་པ་དེ་དགོངས་པ་ཅུང་ཙམ་བཞེས་པའི་བདེན་པའི་སྐད་ཆ་ཞིག་རེད་དེ་བོད་ཡིག་ནང་དབྱངས་ཨ་ལ་བྱེད་ནུས་ཡོད་མེད་སྐོར་དགོངས་པ་འཁོར་མེད་པ་འདྲ།
རྩ་བ་འཇུག་སྟེ། ༼དབུས་པའི་སྒྲ་གདངས་ན་ ཀ་དང་ག་ ཅ་དང་ཇ། ཏ་དང་ད། པ་དང་བ། ཙ་དང་ཛ་བཅས་ཀྱི་སྒྲ་གདངས་ལ་ཁྱད་ཕྱེས་ནས་འདོན་གྱི་འདུག༽
ངས་ཀྱང་དེ་ཚོར་སྒྲ་གདང་སོ་སོར་འདོན།
༼འོན་ཀྱང་མགོ་ཅན་དང་འདོགས་ཅན་གྱི་རིགས་ནི་དབུས་པས་ཁྱད་རྩ་ནས་འབྱེད་ཐུབ་པ་མི་འདུག ༽
ངས་ཀྱང་དེ་དག་ལ་ཁྱད་ཆེས་མི་ཤེས།
༼དབུས་པའི་སྒྲ་གདངས་ལ། མགོ་དང་སྒོ་ལ་ཁྱད་པར་མི་འདུག མདོ་དང་རྡོ་ལ་ཁྱད་པར་མི་འདུག ཏ་དང་རྟ་ལ་ཁྱད་པར་མི་འདུག ༽
ངས་ཀྱང་ཁྱད་པར་འབྱེད་མི་ཤེས།
༼ རྟ་དང་སྟག་ལ་ཁྱད་པར་ཡོད་པ་རེད། ༽
དེ་ལ་ཁྱད་པར་ཤིན་ཏུ་ཆེ།
༼མ་གི་གུ་མི་ (mi) མ་ཞབས་ཀྱུ་མུ་ (mu) འདི་དག་བོད་ཁམས་ཡོངས་རྫོགས་ལ་ཁྱབ་དགོས་པ་འདུག ༽འདི་ལ་ཁྱད་མ་འདྲེས་པར་འདོན་ཐུབ།
༼ དབྱངས་ཞུགས་པའི་གསལ་བྱེད་དག་ལ་རྗེས་འཇུག་སྦྱོར་སྐབས་ཀྱང་དབུས་པ་རང་ཡག་ག་འདུག ད་དུང་ན་རོ་དང་ཞབས་ཀྱུའི་འཇུག་པ་དཔེར་ན། མཐོང་དང་འཐུང་ལྟ་བུ་ལ་མཚོན་ན་ཡང་དབུས་པ་རང་ཡག་ག་འདུག ༽ འདི་ལ་ཁྱད་པར་འབྱེད་ཤེས།
ཁ་ཞེས་པ་དབྱངས་ཨའི་མཐའ་ཅན། རི་ཞེས་པ་དབྱངས་ཨིའི་མཐའ་ཅན་དང་། ཆུ་ཞེས་པ་དབྱངས་ཨུའི་མཐའ་ཅན་དང་། བདེ་ཞེས་པ་དབྱངས་ཨེའི་མཐའ་ཅན་དང་། མགོ་ཞེས་པ་དབྱངས་ཨོའི་མཐའ་ཅན་དང་། དེ་བཞིན་ཏུ། བདག་ཅེས་པ་སོགས་རྗེས་འཇུག་གི་མཐའ་ཅན་བཅུ་དང་། ན་ར་ལ་གསུམ་ལ་ད་ཡང་འཇུག་ཡོད་པ་ད་ལྟ་འབྲི་སྲོལ་མེད་ཀྱང་། དེའི་བཤུལ་ཚིག་ཕྲད་མི་འདྲ་བ་འབྲི་དགོས་པས་བདག་གིས་ད་བཤུལ་ཅེས་མིང་བཏགས། དེ་ལ་བསྟན་ཏོ། གྱུར་ཏོ། སྩལ་ཏོ། དེ་ཡང་། ན་ར་ལ་རྫོགས་ཚིག་ནོ་དང་། རོ། ལོ་དགོས་པ་ལས། དེ་ལྟ་མིན་པར་རྗེས་འཇུག་དེ་རྣམས་ལ་རྫོགས་ཏོ་ཡོད་ན། དེ་ན་ད་བཤུལ་ཡོད་པ་དངོས་སུ་ཤེས་ཐུབ། ད་བཤུལ་ཅེས་པ་ད་དྲག་ལས་གོ་སླ་ཞིང་། དེ་མིན་བདག་ལྟ་བུས་དྲག་ཟེར་ན་ཅི་འདྲ་ཞིག་ཡིན་ནམ་ཞེས་བསམས་ཀྱང་དོན་མི་གོ་བ་ཞིག་འདུག དེས་ན་བོད་ཀྱི་སྒྲ་གང་ཡིན་ཀྱང་། མཐའ་ཅན་བཅོ་བརྒྱད་ཀྱི་གང་རུང་ཞིག་ཡིན་དགོས་པར་མཐོང་།
གོང་གསལ་སྒྲ་རྣམས་ཨིན་ཡིག་ཏུ་ཕབ་པ་ན། kha, ri, chu, bde, mgo, and for rjes ‘jug: bdag, etc.
ཨཱ་ལི་གསལ་བྱེད་ཨི་སོགས་བཞི།།
ཀཱ་ལི་སུམ་ཅུ་ཐམ་པ་འོ།།
ཚིགས་རྐང་གཉིས་པོ་འདི་སོགས་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ་གཉིས་ཆོས་རྗེ་ས་པཎ་སོགས་ཀྱི་མེད་པར་བོད་སྒྲའི་བསྟན་བཅོས་ལ་གཞུང་མེད་པ་ལ་ས་པཎ་གྱིས་ཐུགས་སྐྱོ་ཚུལ་ལ་སྒྲུབ་བྱེད་ཡོད་དམ། སུམ་རྟགས་དར་བའི་སྔོན་དུ་སྨྲ་སྒོ་མཚོན་ཆ་ཆེས་དར་སྲོལ་ཆེ་བ་དང་། སུམ་རྟགས་དར་སྲོལ་ཆེར་གྱུར་པ་ན། སྨྲ་སྒོ་མཚོན་ཆ་ལ་དོ་སྣང་མེད་པར་སོང་བ་ལ་རྒྱུ་མཚན་རིགས་པ་དང་མཐུན་པ་ཞིག་ཡོད་དམ། ཞེས་སོ།།
དབུས་དབུས་ཞེ་མང་པོ་ཞིག་གིས་མང་པོ་ཞིག་ལབ་སོང་རེད། དབུས་ཟེར་ན་གང་དུ་གོ་འམ། ལྷ་ས་རང་ངམ་དེའི་ཉེ་འཁོར་གྱི་གྲོང་ཚོ་དག་ཚུད་ཡོད་དམ་མེད། ཡང་ན་མདོ་དབུས་ཁམས་གསུམ་བཤད་པའི་སྐབས་ཀྱི་དབུས་ལ་ངེས་འཛིན་ནམ། གང་ལ་གོ་དགོས། ལྷ་ས་རང་དང་དེའི་ཉེ་འཁོར་གྲོང་གསེབ་སོ་སོ་ལ་སྒྲ་མ་འདྲ་མ་འདྲ་མང་པོ་ཡོད་པ་རེད། ཁྱེད་ཅག་གིས་གསུངས་ཡ་དེ་གང་ཡིན་ནམ། ལྷ་སའི་དབུས་སྐད་དམ་བོད་ཀྱི་སྤྱི་སྐད་སོགས་བོད་སྤྱི་སྐད་ཡིན་མདོག་མདོག་གིས་དབུས་སྐད་དུ་བྲིས་ཡོད་པ་ནམ་ཀློག་དང་ངོ་ཚ་དགོས་པའི་གནས་ཤིག་མ་རེད་དམ།
དབུས་བྱས་པ་དབུས་གཙང་སྤྱི་ལ་གོ་དགོས།
ད་མང་པོ་བཤད་མི་དགོས་དབུས་པ་ཚོས་ཨམ་སྐད་དང་ཁམས་སྐད་སྦྱོང་། ཨ་མདོ་ཚོས་དབུས་སྐད་དང་ཁམས་སྐད་སྦྱོང་། ཁམས་པ་ཚོས་དབུས་སྐད་དང་ཨམ་སྐད་སྦྱོང་དང་ཉིན་གཅིག་སྐད་ཡིག་ཅིག་གྱུར་ཆགས་ཡོང་། བོད་ནང་ལ་མཚོན་ན་འདི་འདྲ་བྱེད་ཀྱི་ཡོད་པ་གོ་རྒྱུ་འདུག་ལ། སློབ་ཆེན་པ་རྣམས་ནས་ཀྱང་མཉམ་དུ་ཚོགས་ནས་དབུས་པའི་སློབ་ཕྲུག་གིས་ཨམ་སྐད་བཤད་པ་དང་། ཨ་མདོའི་སློབ་ཕྲུག་གིས་དབུས་སྐད་བཤད་པ་སོགས་བྱེད་ཀྱི་ཡོད་པ་གོ་སོང་། འདི་ལྟར་བྱས་ན་ཆོལ་ཁ་གསུམ་པའི་སྐད་མཉམ་འདུས་ཀྱི་སྤྱི་སྐད་ཅིག་རང་བཞིན་གྱིས་ཡོང་ངེས་རེད། དེ་ནི་སྐད་ཡིག་ཅིག་གྱུར་གྱི་ཐབས་ལམ་ཡག་ཤོས་རེད།
ལུང་རྟོགས་རེད། ངས་བཤད་ཡ་དེ་ཡང་དེ་ཡིན། ཡིན་ན་ཡང་ཆོལ་ཁ་གསུམ་པོས་གཅིག་གི་གཅིག་གི་སྐད་གོ་ཐུབ་པ་ཞིག་བྱས་ན་འགྲིག་པ་རེད། རྒྱག་ཡ་དེ་ཕལ་ཆེར་མེད་ན་ཡག་ས་རེད། མ་གཏོགས་ད་ལྟ་ང་ཚོས་མཐོང་བཞིན་པ་འདི་རེད། ཨ་མདོ་བས་རང་སྐད་གཡུག་ནས་དབུས་སྐད་ཡིན་མདོག་གིས་ཅིག་བཤད་ཁུལ་བྱེད་བཞིན་ཡོད་པ་རྣམས་ལ་ཉོན་དང་། དབུས་སྐད་ལ་བརྡབས་གསིག་ཆེན་པོ་བཏང་བའི་ནག་ཉེས་བསགས་ཡོད་པ་རེད། དཔེར་ན། ཀོའུ་ཆེ་ཀོའུ་ཆེ་ལྟ་བུ། སྐུ་མཁྱེན་སྐུ་མཁྱེན་གྱི་སྒྲ་ཟུར་ཙམ་ཡང་ཐོན་གྱི་ཡོད་པ་མ་རེད། ཨ་མདོ་བ་ཁ་ཤས་རང་སྐད་དེ་གཡུག་གཞན་སྐད་དེ་ལྷད་པའི་ཉེས་ཅན་པ་རེད། གོ་ཐུབ་པ་ལ་འབོད། ང་ནི་ཀློག་སྒྱུར་བ་དང་གདངས་ཡག་པོ་སྡུད་ཞོར་ལ་ས་ཆ་གང་ཡིན་པའི་སྐད་ཀྱི་གསོན་ཉམས་ཤོར་ན་ཡིད་ཕངས་བ་ལ།
བདེན་པ་རང་རེད་་་་་་སྐད་གཅིག་གྱུར་ཡོང་བར་མདོ་དབུས་ཁམས་གསུམ་གྱི་སྐད་ལ་དོ་སྣང་གནང་དགོས་ཉག་ཅིག་ལས་ཐབས་གཞན་ཡོད་མི་སྲིད། སྐད་གཅིག་གྱུར་ཡོང་ཐབས་ལ་སློབ་གྲྭ་ཁག་ཏུ་མདོ་དབུས་ཁམས་གསུམ་གྱི་སྐད་ལབ་མཁན་དགེ་རྒན་རེ་བཀོད་བཞག་གནང་དགོས་པ་རེད། སྔོན་དང་མི་འདྲ་བར་དེང་སང་འགྲིལ་འགྲུལ་སྟབས་ཇེ་བདེ་སོང་ཡོད་པས་ལྷ་སའི་སློབ་མ་ཁག་ཁམས་དང་ཨ་མདོའི་ཕྱོགས་སུ་སློབ་གྲྭར་གཏོང་། ཨ་མདོ་དང་ཁམས་ཀྱི་སློབ་མ་ཚོ་དབུས་ཕྱོགས་སུ་གཏོང་ཐུབ་ན། ལོ་མང་བོ་མི་དགོས་པར་སྐད་གཅིག་གྱུར་ཡོང་རྒྱུ་ཉག་ཅིག་རེད། དེ་མིན་སྐད་གཅིག་གྱུར་ཡོང་ཐབས་སུ་འཚོགས་འདུ་འདྲ་ག་ཚད་འཚོགས་ཀྱང་མང་ཚོགས་ནང་ལ་ཅང་ཕན་གྱིན་འེ་ཡོད་ན་དྲན། བཙན་བྱོལ་བའི་སློབ་གྲྭ་ཁག་ལའང་དེ་དེ་བཞིན་ཏུ་ཆོལ་ཁ་གསུམ་གྱི་དགེ་རྒན་རེ་འཇོག་དགོས་པ་རེད། གཞན་ཡང་་་་བོད་ཆོལ་ཁ་གསུམ་པོར་ཡི་གེ་གཅིག་པ་ཡིན་ཙང་ཚང་མས་དོ་སྣང་ཞིག་གནང་ན་སྐད་གཅིག་གྱུར་ཆགས་པར་དཀའ་མོ་ཞེ་དྲག་ཡིན་རྒྱུ་མ་རེད་འདོད།
བཙན་བྱོལ་གཞིས་ཆག་ཁག་གིས་སྤྱོད་བཞིན་པའི་སྐད་འདི་ནི་ཨ་མདོ་བ་ཉུང་བའི་རྐྱེན་གྱིས་ཨམ་སྐད་ཉུང་བ་ལས། སྤྱིར་དབུས་སྐད་ཤས་ཆེ་བའི་ཆོལ་ཁ་གསུག་ཀའི་སྐད་འདྲེས་སྡད་པ་ལྟ་བུ་ཞིག་རེད། འོན་ཀྱང་སྐད་འདིའི་ནང་ལ་བོད་རང་གི་བརྡ་སྤྲོད་དང་མི་མཐུན་པའི་སྐད་དཔེར་ན། ང་སོང་ཡིན་ཞེས་པ་ལ་ང་འགྲོ་ཡིན་ཞེས་པ་ལྟ་བུ་སོགས་མང་དག་ཞིག་འདུག་ན་འདི་དག་ནི་སྐད་ཡིག་ལ་དོ་སྣང་དེ་ཙམ་མ་ཐུབ་པར་སྐད་ཡིག་ཉམ་རྒུད་སོང་བའི་རྟགས་རེད་སྙམས། དེས་ན་འདི་ལ་ལེགས་བཅོས་བཏང་སྟེ་སྤྱི་སྐད་ཀྱི་སྒྲོམ་གཞི་ཞིག་བཟོ་རུང་མིན་དགོངས་པ་བཞེས་ས་ཤིག་ཡོད་པར་སེམས།
ངས་བལྟས་ན་བཙན་བྱོལ་སྤྱི་ཚོགས་ཀྱི་སྐད་དེ་སྟོད་སྐད་དང་ཁམས་སྐད་འདྲེས་མ་ཡིན་པ་གསལ་པོ་རེད།
དེང་སང་སྟོད་ཕྱོགས་སོ་མ་རྒྱ་གར་དུ་ཡོང་མཁན་ཚོས་ཨ་མདོ་འབྲོག་ཕྱོགས་ཀྱི་སྐད་ཆ་མང་པོ་ཞིག་གོ་ཐུབ་ཀྱི་འདུག་ཅེས་གསུང་གི་འདུག་པ་འདི་ཡང་དོན་ལ་ཨ་མདོའི་སྐད་དང་ཡི་གེ་འབྲི་བ་དེ་སྤྱི་སྐད་ཅིག་དང་ཐག་ཉེ་བ་བསྟན་པ་རེད་སྙམ་གྱི་འདུག་་་་་དེ་མ་ཚད་སྤུ་ཏིའི་ཕྱོགས་ནས་ཁ་སྐད་མང་པོ་ཞིག་ཨ་མདོ་འབྲོག་སྐད་དང་གཅིག་པ་གཅིག་རྐྱང་རེད།་་་་ཁོང་ཚོས་མནའ་བསྐྱལ་ན་ཨ་མདོ་ནང་བཞིན་ཨ་མའི་ཤ་ཞེས་སྐྱེལ་གྱིན་འདུག་་་་དེ་དང་དེ་ལ་སོགས་པ་དག་ལའང་བསམ་ཞིབ་ཏན་ཏན་ཞིག་བྱེད་དགོས་པ་རེད་སྙམ།
བཙན་བྱོལ་བའི་སྐད་འདི་སྤྱི་སྐད་དུ་འདོད་མཁན་ཚང་མ་སྨྱོ་ནད་གིས་བཟུང་བ་ཡིན་རྒྱུ་རེད། དེ་མིན་ན་སྐད་ཟེར་ཡ་འདིའི་རིན་ཐང་ཤེས་འི་མེད་པར་གཡམ་རྒྱུག་བྱེད་ཀྱི་ཡོད་པ་རེད། མགོ་བཀའ་བློན་བློ་སེང་ནས་མཇུག་མི་མང་བར་ལྟོས་དང་། མིང་ཚིག་བེད་སྤྱོད་ཀྱི་ཆ་ནས་རྒྱ་ཆ་ཉི་ཤུ་ཙམ་དང་ལས་ཚིག་གི་ཆ་ནས་རྒྱ་ཆ་བཅུ་ཙམ་མ་གཏོགས་བཀོལ་སྤྱོད་ཤེས་འི་མེད་པ་ཨ། གཏམ་དཔེ་ལུང་དཔེ་སོགས་ཀྱི་སྐད་ཀྱི་བརྗིད་ཉམས་ཕར་ལ་བཞག མཐའ་ན་དུས་གསུམ་ཁེད་ཐུབ་ནིའི་ཁ་ཐུག་གི་སྐད་ཆ་ཞིག་ལ་ཡང་དབྱིན་སྐད་ཧིན་སྐད་སོགས་ཀྱི་རོགས་སྐྱོར་མེད་ན་འགག་ནས་འདུག་ཡ་ཡིན་པ། འདི་འདྲ་ཞིག་ལ་སྤྱི་སྐད་གཞི་བཅོལ་འི་ཡིན་ཟེར་ན། ཁྱེད་ཚོ་ངོ་མ་ཡ་འཚེར་རེད།
བྲོ་ཚལ། ༼སྤུ་ཏི༽ འདི་ས་གནས་ག་བ་རེད། སྤི་ཏི་ཟེར་བ་ཞིག་རྒྱ་གར་ནང་ཡོད། སྤུ་ཏི་ཟེར་བ་ནེ་པ་ལིའི་སྐད་ལ་སྟུ་ལ་ཟེར་གི་ཡོད་རེད་ད། ཧ་ཧ་ཧ་ཧ་ཧ་
རྣམ་པ་ཚོར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག་སླར་ཡང་དོན་ཚན་འགའ་ཞུ་གི་ཡིན།
ས་པཎ་སོགས་སྔོན་གྱི་མཁས་པའི་ལུང་དྲངས་པ་འགའ་རེ་འདུག ང་ཡང་ལུང་དེ་ཚོ་ལ་དགའ་པོ་ཡོད། ཡང་ཡང་དྲངས་མྱོང་། དཔེར་ན། སྔོན་ཆད་དབུས་པས་ཀྱང་། “འགྲོ་ལ་འགྱོ་དང་གྲི་ལ་གྱི་”ཞེས་བཀླགས་པ་དེབ་དེ་དག་ན་གསལ་འདུག ད་ ཡི་གེའི་དག་ཆ་དང་ཡི་གེའི་སྒྲ་གདངས་གཉིས་ཆ་སྔོན་གྱི་དེ་དག་ད་ལྟའི་ང་ཚོའི་ཁ་ལག་ལ་འཇོག་ཐུབ་རྒྱུ་དཀའ་མོ་རེད། སྒྲ་གདངས་དེ་དེད་ནས་ཡར་སོང་ན། ང་ཚོས་འབྲུ་རེ་རེ་བཞིན་སྒྲ་འབྱིན་པའི་རྩོལ་བ་བྱེད་དགོས་པའི་རྣམ་པ་དེ་འདྲ་ཡོང་ཐབས་མེད་པ་རེད། དཔེར་ན། “ཡོད།” ཡོ་ད་”ལྟ་བུ་ཡོང་གི་མ་རེད། ད་དག་ཆ་དེ་ཡང་། མིང་རྐྱང་གི་དག་ཆ་དང་བྱ་ཚིག་གི་དག་ཆ་གཉིས་སུ་ཕྱེ། བྱ་ཚིག་དེ་སྔོན་གྱི་མཁས་པ་ཚོའི་དུས་གསུམ་རྣམ་གཞག་དེ་ལ་གཞིར་ཞོག ད་དེ་ནས་ ང་ཚོས་བྲིས་པའི་ཡིག་ཆ་དཔེར་ན། བོད་ཕྱི་ནང་གི་གྲགས་ཅན་རེ་དཔེ་མཚོན་དུ་ཞོག བསྒྲུབ་བྱ། སྒྲུབ་བྱེད་ བསྒྲུབས། སྒྲུབས་སོགས་ཀྱི་རིམ་པ་ཏག་ཏག་ཅིག་བེད་སྤྱོད་གཏོང་མཁན་ག་ཚོད་འདུག བརྒྱ་ཆ་ལྔ་བཅུ་འདུག་གམ། ངས་མཁས་པ་ཞིག་ཏུ་རྩོམ་ཞིག་ཏུ་ ” ཐོག་མར་རྩོམ་སྒྲིག་ཚོ་ཆུང་ཞིག་གཟུགས་དགོས་”བྲིས་པ་མཇལ། འདི་འདྲའི་རིགས་ཀྱིས་ང་ཚོའི་བྲིས་རྩོམ་གྱི་བརྒྱ་ཆ་ག་ཚོད་ཅིག་ལ་སླེབས་ཐུབ་ཀྱི་ཡོད། ངས་ཚོགས་འདུ་འཚོགས་པ་རེད་ཅེས་བྲིས་ན་དག་ཡིག་དང་མཐུན་ཤག་བྱས་པ་ཡིན། འཚོགས་ཟེར་བ་འདི་མ་འོངས་པའི་བྱ་ཚིག་དང་དེའི་འདས་ཚིག་ལ་ཚོགས་ཡིན་པ་མ་ཤེས། འདི་འདྲའི་ཞིབ་ཚགས་ཀྱི་རྣམ་དབྱེ་དེ་དག་ཡོད་པ་རེད། ཀློག་སྟངས་ལ་ཡོད་རེད། འབྲི་སྟངས་ལ་ཡོད་རེད། མཁས་པའི་གསུང་ན་ཡོད་རེད། ཁུངས་དང་ལུང་ཡོད་རེད། ད་དེ་དག་ང་ཚོའི་ཉིན་རེའི་ལག་ལེན་ནང་ཐེབས་ཀྱི་ཡོད་མེད་དེ་ནི་སྐབས་ཐོག་གི་དྲི་བ་རེད། ངའི་འཆར་སྣང་ལ་ ང་ཚོས་དེ་དག་ལག་ལེན་ལ་ཐེབས་ཀྱི་ཡོད་མ་རེད། དེའི་རྒྱུ་མཚན་ནི། ང་ཚོས་ རྒན་བློ་བཟང་འཇམ་དཔལ་ལྟ་བུས་བྲིས་པ་དེ་དག་ཁྱད་མཚར་ཞིག་ཏུ་མཐོང་གི་ཡོད་པ་དེས་ཤེས་པ་རེད། ད་སྔོན་གྱི་ཁྲིམས་སྲོལ་འདི་དག་ད་ཆ་མ་འབྱོར་ན་དེར་ཨུ་ཚུགས་རྒྱག་རྒྱུ་ཡོད་མ་རེད་དྲན། དེ་ལས་ང་ཚོ་ལ་གང་མཁོ་བ་ཞིག་བྱེད་རྒྱུ་དེ་རེད། ད་ང་ཚོས་དག་ཆའི་རྣམ་གཞག་བརྒྱ་ཆ་བརྒྱ་གཞུང་དང་མཐུན་པ་མེད་ན་བོད་སྐད་ཀྱིས་ཕན་ཐོགས་མེད་པ་དེ་འདྲ་ཡང་མ་རེད། རྩོམ་འདིའི་མཆན་རྣམས་ལ་གཟིགས་དང་། ང་ཚོས་གོ་བརྡ་འཕྲོད་འགྲོ་གི་ཡོད་པ་རེད། དེས་ན། གཞུང་དང་ཕུན་སུམ་ཚོགས་པ་ཞིག་མ་མཐུན་ན་ཡང་། ང་ཚོ་ལ་བེད་སྤྱོད་ཡོད་པ་རེད།
དེ་ནས་ལུང་ཚན་གྱི་སྐད་དང་སྤྱི་སྐད་ཅེས་པ་དེ་རེད། དེང་སང་བོད་ཀྱི་ཕྱི་ལོགས་ན་ཡང་སྐད་གདངས་བྱེ་བྲག་པ་ལུང་ཚན་ཆུང་ཆུང་དེ་ཚོའི་སྐད་ཀྱང་སྲུང་སྐྱོབ་བྱེད་རྒྱུ་ཞེས་པའི་གཏམ་འདི་རྒྱ་ཡན་དུ་གྲགས་ཡོད་པ་འདྲ། སྐད་བརྡ་རིག་པ་བ་དེ་ཚོས་འདི་འདྲའི་ཐོག་ལ་སེམས་ཤུགས་དང་བཅས་སྲུང་སྐྱོབ་ཀྱི་ལས་འགུལ་རྩོམ་གྱི་ཡོད་པ་འདྲ། འོན་ཀྱང་ང་ཚོ་བོད་ལ་འཕྲད་པའི་དཀའ་ངལ་ནི། བོད་ཟེར་བ་འདི་དང་བོད་ཡིག་བོད་སྐད་ཟེར་བ་འདི་གནས་དང་མ་གནས་ཀྱི་དཀའ་ངལ་དེ་རེད། དཀའ་ངལ་འདི་དཀའ་ངལ་རེད་ཅེས་ང་ཚོས་ད་བར་དུ་རྩོད་པ་བྱས་ནས་རྩོམ་བྲིས་པ་རེད། དེབ་རྒན་མཐུག་པོ་དེ་འདྲ་སྟོན་རྒྱུ་ཡོད་པ་རེད། འོན་ཀྱང་ན་ཚ་འདི་ལ་སྨན་བཅོས་བྱེད་མཁན་དང་ན་ཚ་འདི་ལ་དགོས་པའི་སྨན་གཉིས་ཆ་ང་ཚོ་ལ་ཡོད་པ་མ་རེད། ད་དོན་དག་ཆེན་པོ་དང་ཐབས་ལམ་ཟབ་པོ་དེ་ཚོ་གཡུགས་ནས། མི་གཅིག་དང་གཉིས། གསུམ་དང་བཞི། ལྔ་དང་དྲུག་སོགས་བརྩིས་ཏེ་རང་ངོས་འགྱུར་བ་གཏོང་བའམ་ཕན་ཚུན་གྱི་ལེགས་ཆ་ལེན་པ་དེ་ཅི་ཙམ་ཆུང་ཡང་། རྨ་ལ་ཕན་ན་ཁྱི་ཚིལ་ཡིན་ཡང་འགྲིག་པའི་དཔེ་རེད། དེའི་ཡན་ལག་ཏུ་དབྱངས་ཀྱི་གི་གུ་དང་ཞབས་ཀྱུ་དེ་དབུས་པ་ལྟར་བཀླག་དགོས་པ་འདི་རེད། པེ་ཅིང་། ནན་ཅིང་། སོགས་ཀྱི་ཚིག་འདི་དག་གཅིག་གྱུར་ཞིག་ཡོང་རྒྱུ་ཡིན་པ་རེད། རེབ་གོང་ན་སེང་གེ་གཤོང་ཟེར་བའི་སྡེ་བ་ཞིག་ཡོད། དེ་ཚོས་ཀྱང་། མགོ་དང་སྒོ་ཡི་སྒྲ་ནོར་ནས་འདོན་གྱི་རེད། ཆུང་དུས་དེ་ལ་བསྙད་ནས་བརྙས་པ་ཡང་དྲན་གྱི་འདུག ད་འདི་དག་ལ་བཅོས་ཐབས་ཤིག་རྙེད་ན་དེས་ཀྱང་ཕན་ཆེན་པོ་ཞིག་ཐོགས་རྒྱུ་ཡིན་པ་ནི་གདོན་མི་ཟ་བ་ཞིག་རེད།
ད་ང་ཚོའི་བོད་སྐད་འདི་ འཛམ་གླིང་གི་སྐད་ཀྱི་ཁྲོད་ནས་སྔོན་ཐོན་གྱི་སྐད་ཅིག་དང་། ཚན་རིག་དང་མཐུན་པའི་སྐད། མདོ་སྔགས་ཀྱི་གནད་ཡོད་ཚད་སྟོན་ནུས་པའི་སྐད་ཉག་གཅིག་སོགས་བསྟོད་པ་གཏོང་གི་ཡོད། བསྟོད་པ་གཏོང་མཁན་དེ་ང་ཚོ་ཡིན། ད་སྐད་འདི་སྤྱད་ནས་ང་ཚོས་ཅི་ཞིག་བྱེད་ཐུབ། སེམས་སྐྱིད་པའི་ཐབས་སུ་སྒྲུང་རྩོམ་ཞིག་ཀློག་ཐུབ་བམ། ག་ཚོད། ས་ཡ་དྲུག་ལ་དེབ་མང་ཤོས་ཁ་གྲངས་ག་ཚོད་ཅིག་དགོས་པ་རེད། སྟོང་གཅིག སྟོང་གཉིས། ས་ཡ་དྲུག་གི་བརྒྱ་ཆ་ག་ཚོད་ཅིག་རེད།
ད་དུང་དོན་ཚན་རེ་གཉིས་ཤིག་ཡོད། རིམ་གྱིས་ཞུས་པ་ཆོག་པ་ཞུ། ཚིག་ཉོག་སོང་། དགོངས་འགལ་མེད་པ་ཞུ།
ཡ་འདིར་མཁས་དབང་རྣམ་པས་བོད་ཡིག་འདོན་སྟངས་སྐོར་གྲོ་གླེང་བཟང་པོ་ཞིག་གནང་བཞིན་འདུག ཁྱེད་མཁས་དབང་རྣམ་པའི་དྲུང་དུ་ངས་ཀྱང་བདག་ཅག་འབྲུག་པ་རྣམས་ཀྱི་འདོན་སྟངས་ཤིག་འབུལ། དགྱེས་གཟིགས་གནང་རེ་ཞུ།
དེ་ཡང་འབྲུག་པ་སྤྱི་ཡོངས་ཀྱིས་གསལ་བྱེད་སུམ་ཅུ་སོ་སོ་ལ་སྒྲ་སོ་སོར་འདོན། དབྱངས་བཞི་ལ། གི་ཀུ། ཞབས་ཀྱུ། འགྲེང་བོ། ན་རོ་ཞེས་འདོན། འོན་ཀྱང་ཁེངས་པ་འགའ་ཞིག་གིས་ཙ་དང་ས་གཉིས་སོ་སོར་འབྱེད་མི་ནུས་པར་ཙ་དང་ས་གཉིས་ཀ་ལ་ས་ཞེས་སྒྲ་གཅིག་པར་འདོན། ཤར་ཕྱོགས་ཀྱི་ལུང་པའི་མི་འགའ་ཞིག་གིས་ཞ་དང་ཡ་གཉིས་ནོར་བར་འདོན་ཏེ། དཔེར་ན་ཞབས་ལ་ཡབ་དང་ཡབ་ལ་ཞབས་ཞེས་འདོན། དེ་ནི་དབྱངས་གསལ་སྤྱིའི་འདོན་ཚུལ་ཡིན།
རྗེས་འཇུག་དང་སྔོན་འཇུག་སོགས་སྦྱོར་སྐབས་ཀྱི་འདོན་ཚུལ་ལ་ནི་རྫོང་ཁའི་སྐབས་ཀྱི་འདོན་ཚུལ་ཞིག་དང་། ཆོས་སྐད་སྐབས་ཀྱི་འདོན་ཚུལ་ཞིག་སྟེ་གཉིས་སུ་མཆིས། སྤྱིར་རྫོང་ཁ་དང་ཆོས་སྐད་གང་གི་སྐབས་ཡིན་ཀྱང་རྗེས་འཇུག་ད་ན་ལ་ས་རྣམས་ཡོད་ཚེ་མིང་གཞི་ལ་དབྱངས་ཨི་མ་གཏོགས་པའི་གཞན་དབྱངས་ཡོད་མེད་གང་ལྟར་ཡང་དབྱངས་ཨེ་ཡོད་པ་ལྟ་བུའི་སྒྲ་གདངས་བཅས་ཏེ་འདོན། དཔེར་ན་བཀའ་བསྩལ་ལ་བཀའ་བསྩེལ། དགོན་པ་ལ་དགེན་པ། ལྟ་བུའོ༎ འོན་ཀྱང་དབྱངས་ཨུ་ཡོད་ན་ཨེའི་སྒྲ་གང་ཡིན་པ་མི་ཐོན་པར་ཨུ་དང་ཨེ་གཉིས་ཀའི་སྒྲ་གདངས་འདོན་པར་བྱེད། དཔེར་ན་འདུན་ལ་དབྱིན་ཡིག་ཏུ་duen ཞེས་བྲིས་པ་ལྟ་བུར་འདོན་པར་བྱེད་དོ༎
དེ་ནས་ཆོས་སྐད་ཀྱི་སྐབས་སུ་མང་ཆེ་བར་རྗེས་འཇུག་གི་སྒྲ་གསལ་པོར་བཏོན་ནས་འདོན་ཡང་རྗེས་འཇུག་ས་ལ་སྒྲ་གསལ་པོར་བཏོན་པར་མི་བྱེད། དཔེར་ན་ཤེ་དང་ཤེས་ལ་ཁྱད་པར་མེད་པར་འདོན་པ་ལྟ་བུའོ༎ འོན་ཀྱང་རྗེས་འཇུག་ས་ཡོད་མེད་གཉིས་ཁྱད་པར་མེད་པ་ནི་མ་ཡིན་ཏེ། དཔེར་ན་ཤ་དང་ཤས་ལ་ཤ་དང་ཤེ་ཞེས་འདོན་པ་ལྟ་བུའོ༎ རྫོང་ཁའི་སྐབས་སུ་ནི་མང་ཆེ་བར་རྗེས་འཇུག་གི་སྒྲ་གསལ་པོར་མི་བཏོན་ཞིང་ལྷག་པར་དུ་ཡང་རྗེས་འཇུག་ད་ལ་ས་གསུམ་གྱི་སྒྲ་མི་གསལ་ལོ༎
ཆོས་སྐད་དང་རྫོང་ཁ་གཉིས་ཀར་དབྱངས་དང་རྗེས་འཇུག་མེད་ཚེ་ཡ་བཏགས་བདུན་པོར་ཅ་ཆ་ཇ་ཉའི་སྒྲ་དང་དབྱེར་མེད་དུ་འདོན་ཡང་། ཡ་བཏགས་དང་པོ་གསུམ་སྟེ་ཀྱ་ཁྱ་གྱ་གསུམ་ལ་དབྱངས་དང་རྗེས་འཇུག་ཞུགས་ཏེ། ཀྱི་ཁྱི་གྱིའམ་སྐྱེད་ཁྱད་བརྒྱད་ལྟ་བུར་གྲུབ་ཚེ་ཀི་ཁི་གི་དང་ཀེད་ཁེད་གེད་ཅེས་འདོན། དམིགས་བསལ་རྫོང་ཁའི་ཐ་སྙད་ཀྱི་སྐབས་སུ་ནི་པ་ཕ་བ་གསུམ་ལ་ཡ་བཏགས་སྦྱར་ཚེ་མཆུ་བཙུམས་ནས་འདོན་དགོས་ཏེ། དཔེར་ན་སྤྱ་ཕྱག་བྱག་ལྟ་བུ་ལ་པཅའ་ཕཆག་བཇག་ལྟ་བུར་འདོན་པར་བྱེད་དོ༎
རྫོང་ཁ་ལ་ཡང་ཤར་ཝང་སྤར་གསུམ་གྱི་རྫོང་ཁ་ཐ་དད་ཡོད་པས་ཡི་གེའི་ཀློག་ཚུལ་ཡང་ཐ་དད་ཡོད། དཔེར་ན་ཤར་པ་རྣམས་ཀྱིས་རྐང་པ་ལ་རྐོངཔ། ལག་པ་ལ་ལག་ཀ བསོད་ནམས་ལ་བསོད་ན་མ་ཞེས་ཀློག་པར་བྱེད་དོ༎
འབྲུག་པས་ཀུན་ལ་ཀིན་འདོན་ཏེ kinly ཞེས་འབྲི་བའི་ཕྱིར་དང་། དཔལ་ལ་དཔེན་ཞེས་འདོན་ཏེ། Penjor ཞེས་དང་། སྒྲོལ་མ་ལ་སྒྲེན་མ་སྟེ། Denma ཞེས་འབྲི་བའི་ཕྱིར་རོ།།
མེ་དཀར་ལགས་ཀྱིས་འབྲུག་པའི་འདོན་ཚུལ་ཁ་སྐོང་བ་ཤིན་ཏུ་ལེགས། འོན་ཀྱང་kinley ཞེས་བྲིས་པ་ནི་མ་དག་པ་ཡིན་ཟེར་ན་རུང་། གང་ཡིན་ཟེར་ན་ངག་ནས་འདོན་དུས་མང་ཆེ་བས་kuenley ཞེས་པ་ལྟ་བུ་ཞིག་འདོན་པ་ལས་kinley ཞེས་མི་འདོན། རང་མིང་རང་སྐད་ཀྱི་སྟེང་ནས་འབྲི་རྒྱུ་ཕར་ཞོགས། རང་སྐད་ཀྱི་སྟེང་ནས་བརྗོད་སྒྲ་ཙམ་ཡང་འདོན་མི་ཤེས་པའི་འབྲུག་པ་ཐབས་སྐྱོ་པོ་དེ་འདྲ་མང་པོ་ཡོད་རེད། དེ་བཞིན་Denma ཞེས་པ་ཡང་འབྲི་སྟངས་ནོར་བ་རེད། ངས་གོང་དུ་ཞུས་པ་ལྟར་སྒྲེ་མ་ཞེས་འདོན་པ་ལས་སྒྲེན་མ་ཞེས་མི་འདོན། དབྱིན་སྐད་དུ་འབྲི་དུས་ཀྱང་མང་ཆེ་བས་Dema ཞེས་འབྲི། སྔ་ལོང་པ་དག་གིས་སྒྲེམ་ཞེས་ཀྱང་འདོན་པར་བྱེད། བརྗོད་ཚུལ་དེ་དང་བསྟུན་ནས་སྒྲོལ་མ་ལ་དེང་སང་རྫོང་ཁའི་ནང་དུ་སྒྲོལམ་ཞེས་བྲི་བར་བྱེད་དོ༎
དཔལ་དཔེན་ཞེས་པ་ནི་གཙོ་བོ་དཔལ་འབྱོར་གྱི་བརྗོད་སྒྲ་ནས་རིགས་མཚུངས་བསྒྲེས་པ་མིན་ནམ་སྙམ། དེ་ཡང་དཔལ་འབྱོར་ལ་ཐོག་མར་དཔལ་ཞེས་འདོན་མཐར་འབྱོར་ཞེས་པ་འདོན་དུས་སྔོན་འཇུག་འའི་སྒྲ་བཏོན་ནས་འདོན་ན་འན་འབྱོར་ཞེས་པ་ཞིག་རང་ཤུགས་ཀྱིས་བྱུང་། དེས་ན་དཔལ་འན་འབྱོར་ཞེས་པ་མྱུར་བར་འདོན་ཚེ་དཔེན་འབྱོར་ཞེས་ཐོན་པ་འདྲ་སྙམ། དེ་ལ་བརྟེན་ནས་དཔལ་ལྡན་ལ་ཡང་དཔེན་ལྡན་ཞེས་འདོན་པ་མིན་ནམ་སྙམ། དཔལ་མ་ཧཱ་ཀཱ་ལ་ཞེས་པའི་སྐབས་སུ་ནི་དཔེ་མ་ཧཱ་ཀཱ་ལ་ཞེས་འདོན་པ་ལས་དཔེན་ཞེས་འདོན་པར་མི་བྱེད་དོ༎ འོན་ཀྱང་དེང་སང་དཔལ་ལྡན་ལ་དཔེན་ལྡེན་ཞེས་འདོན་མཁན་ཆེས་ཉུང་དུ་སོང་བ་མ་ཟད། མང་ཆེ་བས་དཔེལ་འབྱོར་དང་དཔེལ་ལྡན་ཞེས་རྗེས་འཇུག་ལའི་སྒྲ་ཡང་བཏོན་ནས་འདོན་བཞིན་འདུག་པས་འབྲུག་པའི་ཆོས་སྐད་འདོན་ཐངས་ཀྱི་ཤན་ཞུགས་པ་ཡིན་པ་འདྲ།
འདིར་གསལ་ཁ་ཞིག་ཞུ་དགོས་པ་ནི་ངས་ཆོས་སྐད་དང་རྫོང་ཁའི་འདོན་སྟངས་ཞེས་ཞུས་ཡོད་ཀྱང་དངོས་གནས་བྱས་ན་ཤར་ཕྱོགས་པའི་འདོན་སྟངས་དང་ནུབ་ཕྱོགས་པའམ་སྔ་ལོང་པའི་འདོན་སྟངས་ཞེས་བརྗོད་ན་ཆེས་འོས་པར་མཐོང་། རྫོང་ཁ་ཞེས་པ་གཙོ་བོ་ནུབ་ཕྱོགས་པའི་སྐད་ཡིན། ནུབ་ཕྱོགས་པ་རྣམས་ཀྱི་གྲལ་དུ་ཡང་རྫོང་ཁ་མ་ཡིན་པའི་སྐད་རྒྱབ་མཁན་ཞིག་ཡོད། ཁོང་རྣམས་ཀྱིས་ནི་ཀྱ་ཁྱ་གྱ་རྣམས་ལ་ཀ་ཡ་ཁ་ཡ་ག་ཡ་ཞེས་འདོན་ཅིང་། རྒྱུར་ལ་ཡང་གུཡུར་ཞེས་འདོན་པར་བྱེད། དེ་ཡང་ཁ་སྐོང་ཙམ་ཡིན་ནོ༎
ད་དངོས་གནས་དགོངས་ཚུལ་གནད་ལ་སྨིན་པོ་དེ་འདྲ་གསུངས་འདུག ཐུགས་རྗེ་ཆེ། འབྲུག་པའི་ཀློག་ལ་ཡང་རྒྱུས་ཅུང་ཙམ་སླེབས་སོང་། འདི་ཡང་གལ་ཆེན་པོ་རེད། སྐད་ཀྱི་གདངས་ལ་དཔྱད་པ་བྱེད་སྐབས་དཔྱད་གཞི་ཡོད་ན་མེད་ན་དེ་ནི་སྐད་དེ་རེད། ད་ང་ཚོ་ལ་རྒྱུ་ཆ་འཛོམས་པོ་ཡོང་གི་འདུག ལ་དྭགས་ནས་སོག་པོ་ལ་ཐུག་གི་བར། ཨ་མདོ་ནས་འབྲུག་ལ་ཐུག་གི་བར་དུ་ཡོང་གི་འདུག འདི་ཚོ་མཐོང་ནས་སེམས་སྤྲོ་བཞིན་ཡོད། མུ་མཐུད་ནས་ཡིན་དཱ།
ང་ཚོས་བོད་སྐད་ཡིག་གཅིག་གྱུར་ལ་བསམ་ཚུལ་འདོན་ན་གཡུ་འབྲུག་དཀར་པོ་ནང་བཞིན་བྱེད་དགོས་པ་འདུག རང་གི་ལུང་སྐད་ནས་འགོ་བཙུགས་ཏེ་མ་དག་པ་ཚང་མ་ཁ་བརྡ་ཚང་གི་སྒྲོག་ཙེ་ཐོག་སྤུངས་ཐུབ་ན་སྐད་ཡིག་གཅིག་གྱུར་ཐད་ལ་རྒྱུ་ཆ་དང་རྒྱུ་རྐྱེན་སྣ་མང་པོ་ཞིག་ངོས་འཛིན་གསལ་བོ་ཐུབ་རྒྱུ་ཉག་གཅིག་རེད།
སྐད་ཟེར་བ་དེ་མཐའ་ཡས་པའི་རྒྱ་མཚོ་ལྟ་བུ་ཞིག་ཡིན་ན། བཀའ་འགྱུར་བསྟན་འགྱུར་དང་ད་བར་དར་བའི་ཡིག་ཐོག་གི་རིག་གནས་ནི་མཚོ་ཆུང་ལྟ་བུ་ཞིག་ལས་མིན་པ་རེད། ཡིག་སྐད་འདི་ཕུན་སུམ་ཚོགས་པ་ཞིག་ཏུ་མ་ལག་འཛོམས་པོ་ཞིག་ཏུ་གཏོང་འདོད་ན་ང་ཚོས་མུ་མཐུད་དུ་སྐད་སོ་སོའི་ནང་ཡིག་ཐོག་ཏུ་མ་བཀོད་པར་ལྷག་ཡོད་པ་རྣམས་ཡིག་ཐོག་ཏུ་ལེན་དགོས་པ་རེད། ཞིང་འབྲོག མགར་ལས། བཟོ་ལས། ཨར་ལས། བཟའ་བཅའི་ཟས་རིགས་སོགས་ལས་རིགས་འདྲ་མིན་གྱི་ཐ་སྙད་རྒྱ་ཆེན་པོ་དང་མཐའ་ཡས་པ་ཞིག་ད་རུང་ཡིག་ཐོག་ལེན་རྒྱུ་ལྷག་བསྡད་ཡོད་པ་དེ་ཚོའང་ཡིག་ཐོག་ལེན་དགོས་པ་རེད།
གོང་དུ་དགེ་རབ་ཀྱིས་དུས་གསུམ་སྐོར་ཅིག་གསུངས་འདུག་པ་ལྟར། དུས་གསུམ་སྐོར་ལའང་ད་རུང་སྐད་ལས་ཁ་སྐོང་བྱེད་དགོས་པ་མང་པོ་ཞིག་ལྷག་ཡོད་པ་འདྲ། དཔེ་བཞག་ན་ཟེར་ལ་མཚོན་ན་ཡིག་སྐད་ནང་དུས་གསུམ་གྱི་ཁྱད་པར་མེད་པ་རེད། སྐད་ཀྱི་ནང་། མདོ་སྨད་སྐད་ལ་མཚོན་ན། དུས་འདས་པ་ལ། བཟེས། མ་འོངས་དང་ད་ལྟ་ལ་ཟེར། སྐུལ་ཚིག་ལ་ཟོས་ཟེར། འདི་ཟ་མ་ཟོས་ཟེར་བའི་སྐུལ་ཚིག་གི་སྒྲ་དང་མི་འདྲ། ཡང་ན་ཡིག་སྐད་དུ། བརྫས། རྫོ། ཟེར།རྫོས་ཟེར་དགོས་པ་མ་ཡིན་ནམ། ཁམས་སྐད་དུ། ཆི་རྫོ་ལེ་ཟེར་བ་ལྟ་བུ་ཡོད་པ་ལྟར་རེད།
འགའ་རེས་ཡིག་སྐད་ནང་འབྲི་རྒྱུན་མེད་པ་དེ་ཚོ་བྲིས་ཡོང་ན་སྐད་ཡིག་གཅིག་གྱུར་ལ་གནོད་ཚུལ་བཤད་པ་དེ་ནི་ནོར་འཁྲུལ་རེད། སྐད་གཅིག་གྱུར་དང་སྐད་ཕུན་སུམ་ཚོགས་པ་ཆགས་དགོས་ན་འབྲི་རྒྱུན་མེད་པ་དེ་ཚོ་འབྲི་བའི་མགོ་འཛུགས་དགོས་པ་རེད། སྤྱིར་བཏང་། སྔོན་མའི་མཁས་པ་ཚོའི་སྐབས་ནས་མགོ་ཆུང་ཙག་ཅིག་བཙུགས་ཚར་ཡོད་པ་རེད། སྔོན་མའི་མཁས་པ་དག་གི་གསུང་ན་ཚིག་མཛོད་ཁག་ནང་བཙལ་དུ་དང་རྙེད་དུ་མེད་པའི་ལུང་སྐད་མང་དུ་ཡོད་པ་ལྟར་རེད། མངོན་གསལ་ཆེ་ཤོས་ཤིག་བཤད་ན། པོ་ཏོ་བའི་དཔེ་ཆོས་ལྟ་བུ་རེད།
ད་ལྟའི་སྐབས་འདི་སྐད་ལ་འཕེལ་རྒྱས་ཆེན་པོ་ཞིག་འགྲོ་བཞིན་ཡོད་པའི་སྐབས་རེད། མངོན་བརྗོད་དང་བརྡ་རྙིང་སློབ་པ་ཡག་པོ་རེད་དེ། དེ་ལས་གལ་ཆེ་བ་དང་ཕན་ཐོགས་པ། བསླབ་བདེ་བ་ནི་ཡུལ་ལུང་ཕན་ཚུན་གྱི་སྐད་སློབ་རེས་བྱེད་པ་དེ་རེད། དེ་སློབ་པའི་ཆ་རྐྱེན་དུ། སྐད་སོ་སོའི་ཚིག་མཛོད་བཟོ་བ། ཡིག་ཐོག་འབྲི་བ་སོགས་འདི་དག་ནི་སྐད་ཡིག་གཅིག་གྱུར་དང་སྐད་ཡིག་ཡར་རྒྱས་སོགས་ལ་མེད་དུ་མི་རུང་བའི་ཆ་རྐྱེན་དང་པོའི་གྲས་ཡིན་པ་ཤེས་པ་གལ།
ངའི་ཕ་ཡུལ་ལ། ང་ལ་བདག་དང་། ང་ཚོ་ལ་བདག་སོགས་ཟེར། ངའི་ཕ་ཡུལ་གྱི་ཡུལ་སྐད་ཉན་དུ་འགྲོ་མི་འདོད་དམ། ཧ་ཧ་འདི་ཀུ་རེ་མིན་ནོ། །
དགོངས་འཆར་འདི་འབྲེལ་གྱི་རྩོམ་ཞིག་ངས་མི་འགྱངས་པར་འབྲི་ངེས། ཡིན་ནའང་དགོངས་འཆར་འདི་བོད་ཀྱི་སྤྱི་སྐད་དང་འབྲེལ་བ་ཡོད་པ་ཞིག་རེད། ངས་བོད་ཀྱི་སྤྱི་སྐད་སྐོར་གྱི་རྩོམ་མང་པོ་བྐླགས་པ་ཡིན། མཁས་པ་ཁ་ཤས་ཀྱི་ཚིག་ཕྲད་སྦྱོར་ལུགས་དང་སྒྲ་འབྱིན་སྟངས་སོགས་ཀྱི་སྐོར་གླེང་རྗེས། སྐད་གསར་བཅད་བཞི་པ་ཞིག་འབྱུང་ན་སྙམ་པ་དེ་རེད། གཉའ་གོང་དཀོན་མཆོག་ཚེ་བརྟན་གྱི་བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས་སུ་བསྡུས་པའི་སྒྲ་སྦྱོར་བམ་གཉིས་ལས་‘‘ཐེག་པ་ཆེ་ཆུང་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཅིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་’’ཅེས་ཁྲིམས་ལྟ་བུ་བཟོས་ཡོད་ནའང་། ཁྲིམས་འདི་ཡིག་སྐད་དུ་ཁྱབ་པ་མ་གཏོགས་ཕལ་སྐད་དུ་ཁྱབ་ཐུབ་མེད། ཕལ་སྐད་དུ་ཁྱབ་མ་ཐུབ་པའི་རྐྱེན་གྱིས་ང་ཚོར་སྐད་གཅིག་གྱུར་གྱི་དཀའ་ངལ་འདི་བྱུང་བ་རེད། ད་ནི་བོད་སྐད་གཅིག་གྱུར་གྱི་དཀའ་ངལ་འདི་སེལ་དགོས་ན་ད་ནི་བོད་མི་བརྒྱ་ཆ་གོ་གྲངས་ཙམ་གྱིས་བོད་ཀྱི་ཡིག་སྐད་འདི་ཤེས་དགོས་པ་གལ་ཆེན་རེད་དྲན། དེང་སང་ཡིག་སྐད་ཤེས་པའི་དབུས་གཙང་བ་ཞིག་དང་ཡིག་སྐད་ཤེས་པའི་ཨ་མདོ་བ་གཉིས་ལྷན་དུ་ཐུག་ནས་ཡིག་སྐད་ཀྱི་གྲོས་མོལ་བྱེད་སྐབས། བརྡ་ཁྱོན་ནས་མི་འཕྲོད་པའི་དཀའ་ངལ་མི་འདུག་བཤད་མཁན་བྱུང་། གཙོ་བོ་ཡིག་སྐད་འདི་དམངས་ཁྲོད་དུ་ཁྱབ་ཐུབ་ཚེ་རང་བཞིན་མེད་པར་འགྱུར་བ་ཞིག་འགྲོ་ངེས་ཤིང་། སྤྱི་སྐད་འདི་ཡང་དམངས་ཁྲོད་ནས་འཁྲུངས་པར་མ་ཟད་འཚར་ལོངས་འབྱུང་གི་རེད་སྙམ།
མགོ་པོ་ཕྱག་གཉིས་པ་འདི་ངའི་སྐུ་གསུངས་ཐུགས་གསུམ་ཀྱི་སྤྲུལ་བ་ཞིག་ཡིན་ཐག་ཆོད་རེད། ཁྱེད་ཀྱི་མཆན་བུ་༦༣པ་དེ་ངས་འབྲི་འདོད་རུང་ཡིག་རྩལ་གྱིས་མ་འདང་བར་འབྲི་མ་ཐུབ་པར་ལྷག་ཡོད་པ་དེ་ཡིན།
དེ་ནས་ང་ཁྱོ་ལ་བཀའ་འདྲི་ཞིག་ཡོད། ཨ་མདོ་བས་རྟས་དགུག་ནས་ཐང་ལ་བརྒྱབས་སོང་ཟེར་བ་འདིའི་(དགུག)་གི་དག་ཆ་ག་འདྲ་ཟེ་འབྲི་བ་རེད། སྒུལ་ཡིན་རྒྱུ་མ་རེད་པཨ། ལྷ་ས་བས་འདི་ལ་རྟས་རྐུབ་ཙོག་བརྒྱབས་ནས་མར་གཡུག་བྱུང་ཟེར་བ་རེད། ད་དུང་མང་པོ་ཡོད། ཉིད་ལ་འདོད་པ་ཡོད་ན་འདྲི་རྐྱང་ཡིན།
ངེད་ཚོའི་ཁ་སྐད་ནང་དགུག་ཟེར་ནས་སྔོན་འཇུག་ད་ཡི་སྒྲ་མེད། བསྒུག་ཟེར་ནས་སྔོན་འཇུག་བ་སྒྲ་ཅན་ཡིན།
༡ དེས་ན། རྟ་ཞོན་དུས་འོ་ལེབ་བཏབ་ནས་ཞོན་ཟེར་བའི་འོ་ལེབ་ཀྱི་དག་ཆ་ཇི་ལྟར་འབྲི། འོབ་ཆེན་དང་འབྲེལ་ཏེ་འོབ་ལེབ་ཡིན་རྒྱུ་ཨེ་རེད། ཡུལ་ལུང་གཞན་དུ་འདི་ལ་ཅི་ཟེར།
༢ ཟོག་ཞོགས་སོང་ཟིག་ལུག་ཞོགས་སོང་ཟིག་ཟེར་བའི་ཟོག་ལུག་རྣམས་མགྱོགས་པོ་དང་མྱུར་པོ་རྒྱུག་ནས་ས་ཕྱོགས་གཞན་དུ་ཕྱིན་སོང་བའི་ཞོགས་དེ་ཇི་ལྟར་འབྲི་དགོས་པ་རེད།
༣ ཟོག་གི་ལྕི་བ་དགུན་དུས་འཁྱག་རེངས་ཐེབས་ཡོད་པའི་མིང་། ཝ་ཐི་ཟེར་བ་དང་དར་དང་ཆུ་ལྕི་བ་སོགས་འཁྱག་པའི་བྱ་ཚིག་ ཝ་ཐས་ཟེར་བའི་དག་ཆ་ཇི་ལྟར་འབྲི།
༤ ཟོག་ཉག་གའི་ཕ་རོལ་དུ་སོང་བའི་དོན་ཅན། ཟོག་ཉག་ག་བརྡབ་ཟེར་བ་དེ་ཇི་ལྟར་འབྲི།
༥ རི་གཟར་མོའི་ངོས་ཅན་ལ་ཤ་བཙག་ཟེར་བ་འདི་ཇི་ལྟར་འབྲི།
༦ བྲག་ངོས་འབར་འབུར་མེད་པའི་ཡུག་ཡུག་ཅན་ལ་བྲག་ཕྱ་ཕྱ་ཟེར་བ་དེ་ཕྱ་ལེབ་བའི་ཕྱ་འདི་ཡིན་ནམ། ཡིན་པ་འདྲ།
༧ དབྱར་དུས་ཟོག་ལུག་ལ་འབུ་ཚགས་བྱས་ནས་ཡར་རྒྱུག་མར་རྒྱུག་དང་རྔ་ཚུབ་བྱེད་པ། མགོ་གཡུག་པ་སོགས་བྱེད་པའི་ངང་ཚུལ་བཙའ་འབུ་བྱས་ཟེར་བ་དེའི་དག་ཆ་ཅི་ལྟར་འབྲི།
༨ བེའུ་འབྲིའི་ཁོག་ཏུ་ཡོད་སྐབས་ཤི་ནས་མར་རྩེབས་པ་ལ་འབྲི་དེ་མཆིས་འདུག་ཟེར་དེའི་དག་ཆ་ཅི་ཡིན།
༩ ལུ་གུ་ཞིག་གི་ཨ་མ་ཤི་ན་མ་མོ་གཞན་ཞིག་བཏགས་ནས་ཉིན་ཁ་ཤས་ལ་ཨ་མའི་སྦྱོང་བརྡར་སྤྲད་ན་མཐར་མ་མོ་དེས་ལུ་གུ་དེར་རང་གི་ཕྲུ་གུ་བཞིན་འོ་མ་སྟེར། དེ་ལ་སྦྲ་ཟེར། མ་མོ་སྦྲ་འདོགས་བྱེད་ཟེར། དེ་ནི་འདྲ་ཡིན་ནམ་སྦྲ་ཡིན།
༡༠ རྟ་ཡི་དཔྱི་ཡི་ནང་ངོས་ཀྱི་དོང་དོང་ཡོད་ས་དེར་ཐེར་ཁུག་ཟེར་བ་དང་ཐེར་ཞབས་སུ་ད་མོའི་ནང་ཟེར། དེ་ཚོ་ཇི་ལྟར་འབྲི།
༡༡ རྟ་ཡི་ལག་པ་གཉིས་ཀྱི་ཀླད་ཞོན་སའི་མདུན་ཏག་ཏག་དེ་ལ་རྟ་ཡི་ཟེས་ཁ་ཟེར་བ་དེ་ཟེས་ཡིན་ནམ་ཡང་ན་ཟེ་ཁ་ཡིན། ད་རུང་དེ་འདྲ་འབྲི་རེས་འབྲི་ཚད་རེད། ད་ཅི་བྱེད། ཡུལ་ལུང་གཞན་དུ་འདི་དག་ལ་ཅི་ཟེར། དེ་ཚོ་ཕྲིས་དང་ཀློག་འདོད་དང་སྦྱངས་འདོད་ཡོད། དེ་ཚོ་སྐད་གཅིག་གྱུར་ལ་ཕན།
ཨ་མདོའི་སྐད་ཆ་ཕལ་ཆེ་བའི་བར་མཚམས་སུ་ཚིག་གྲོགས་ཤིག་ལ་་་་ཙི་ཀ་་་་་ཟེར་བ་ཞིག་འདུག་དེ་ཅི་རེད། རྒྱ་སྐད་ཡིན་ནམ་བོད་སྐད་ཡིན།
ཆི་ཟིག་ག ཅིའི་ཕྱིར། གང་ཟིག་ག གང་ཞིག་ལ། མྱི་ཟིག རྟ་ཟིག ཟོག་ཟིག་སོགས་ནི་ཞིག་གི་དོན། ཙི་ཀ་ཟེར་ན་མི་ཤེས་གི ཚིག་གྲུབ་ཆ་ཚང་ཕྲིས་ར།
bonbo ལགས་ལ། ཙི་ཀ་ཟེར་ནི་མ་རེད། ཙིག་ཟེར་ནི་རེད། དེ་ནི་ཞིག་ཤིག་ཅིག་གསུམ་དང་དོན་གཅིག་རེད། ཨ་མདོ་ཁོ་ནའི་མིན་པ་འདྲ། བློ་སྦྱོང་ཏིང་རི་བརྒྱ་རྩ་མ་ཟེར་བའི་ལམ་རིམ་དེའི་ནང་ན་ཡང་། ངེད་ཏིང་རི་བ་རྣམས་ཀྱི་ཅི་ཙིག་བྱེད་ཟེར་ནས་བྲིས་འདུག བྱས་ཙང་སྟོད་པས་ཀྱང་དེ་ལྟར་ཅིག་ཤིག་ཞིག་གསུམ་གྱི་ཚིག་ཕྲད་ལ་ཙིག་འབྲི་བཞིན་ཡོད་པར་མ་ཟད། ཅི་ཙིག་ཟེར་ནས་བཤད་བཞིན་ཡོད་པ་ཡང་འདྲ་འདུག བཀའ་གདམས་རྙིང་མའི་ཆོས་སྐོར་ན་ཚིག་འདི་འདྲ་ཤིན་ཏུ་མང་པོ་མཐོང་རྒྱུ་ཡོད་དོ།།
ལུང་པ་སོ་སོའི་ཡུལ་སྐད་དམ་ཁ་སྐད་དྭངས་མ་རྣམས་ང་ཚོ་བོད་པ་ཚང་གི་གཅེས་ནོར་ཡོད་ན་མེད་ན་དེ་རེད། སྐད་རིགས་འདྲ་མིན་སྣ་ཚོགས་ཡོད་པ་འདིས་ང་ཚོ་ལ་རིག་གཞུང་གི་གཞི་རྩ་བརྟན་པོ་ཞིག་ཡོད་པ་མཚོན་ཐུབ་ཀྱི་ཡོད་པ་རེད། དཔེར་ན་རྒྱ་གར་ལ་ཆ་མཚོན་ན་མངའ་སྡེ་རེ་ལ་སྐད་ལུགས་རེ་དང་ཡི་གེ་རེ་འདུག་བ། དེ་རྣམས་ཀྱིས་རྒྱ་གར་ཚང་གི་རིག་གཞུང་ཕྱུག་པོ་ཡིན་པ་སྟོན་པ་མ་གཏོགས་སྤྲང་པོ་ཡིན་པ་མི་སྟོན། བོད་པ་ཚང་ལ་ཞང་ཞུང་དང་བོད་ཀྱི་ཡི་གེ་སོགས་ཁ་ཤས་ཤིག་ཡོད་ཀྱང་སྐྱོན་ཆེན་པོ་དེ་འདྲ་ཡིན་གྱི་རེད་མི་དྲན། ད་དུང་བོད་ཡུལ་གྱི་ལུང་ཚན་རེ་ལ་སྐད་ལུགས་རེ་ཡོད་པ་འདི་ནི་ཤིན་ཏུ་ངོ་མཚར་ཆེན་པོ་རེད། ངས་སྔོན་མ་ནས་བཤད་ཡོད། ལུང་པ་སོ་སོས་དུས་རྒྱུན་རྒྱག་བཞིན་པའི་ཁ་སྐད་གང་ཡོད་པ་དེ་རྣམས་ཡིག་ཐོག་པ་ཕབ་ནས་གཞོན་སྐྱེས་ཚོས་དེ་དག་ལ་སློབ་སྦྱོང་བྱེད་དགོས་པ་རེད། དེ་ཚོ་ང་ཚོ་བོད་པས་མ་བྱས་ན་སུས་བྱེད། བྱེད་ཤེས་ཀྱི་ཡང་མ་རེད། གཙོ་བོ་ཕ་ཡུལ་གྱི་སྐད་དེ་དུས་ནམ་ཡང་ཉམས་ཆགས་གཏོང་མི་ཉན། དེ་ནི་ང་ཚོའི་བླ་སྲོག་ངོ་མ་དེ་ཡིན། སོ་སོས་ཕ་ཡུལ་ལུང་པའི་ཁ་སྐད་རྒྱག་དུས་ངོ་ཚ་རྩ་བ་ནས་བྱེད་མི་ཉན། དགོན་པ་གྲྭ་ཚང་བོད་ཀྱི་རིག་གཞུང་བདག་གཉེར་བྱེད་པོ་དངོས་གནས་དེ་ཡིན་མིན་བརྟག་པ་བྱེད་དགོས། བོད་ཀྱི་རིག་གཞུང་ངོ་མ་དེ་རྒྱ་ཆེ་བའི་བོད་མའི་ཁྱིམ་ཚང་རེ་རེའི་ནང་ལ་ཡོད་དགོས་པ་དང་དེར་བདག་པོ་ངེས་པར་དུ་བྱེད་ཤེས་དགོས་པ་རེད། །
འོ་ལེབ་གོ་མ་མྱོང་།
ཨ་མདོའི་ཝ་འཐས་ལ་དབུས་གཙང་གི་འ་འཐས།
ཨ་མདོའི་ཕྱོགས་སོང་ལ་དབུས་གཙང་གི་ཕྱོགས་གཞན་སོང་།
ཉག་ག་འདའ། འདས།
ཤ་བཙག་གོ་མ་མྱོང་། འོན་ཀྱང་རུང་བའི་ཤ་སགས་ཟེར་ནས་ཞིང་ཁ་རྨོས་རྗེས་ཤ་སགས་ཟེར་བ་ཞིག་གིས་འབར་འབུར་སྙོམས་གི་རེད།
བྲག་ཕྱ་ཕྱ་ནི་ཕྱ་ལེ་བའི་དོན།
བཙའ་འབུ་མ་རེད། ཙད་འབུ་རེད། ཙད་པ་འམ་ཚད་པ་ཟེར་ན་ཚ་བ་ཆེ་བའི་དོན། ཚ་བ་ལ་འཁོར་བའི་འབུ་དག་གིས་ཕྱུགས་རིགས་ལ་སོ་བརྒྱབ་ན། ཚད་པའམ་ཙད་པ་མེད་སར་སོང་ན་འབུ་དེ་རིགས་མི་ཡོང་། ཤ་སྦང་སོགས་སྦྲང་བའི་རིགས་ཁ་ཤས་སོ།
མཆིས་འདུག་མ་རེད། འཆི་འདུག་རེད།
སྦ་མ་རེད། སྤྲད་རེད།
ཐེར་ཁུག་གོ་མྱོང་ན་ཡང་། ད་མོའི་ནང་གོ་མ་མྱོང་།
ཟེ་ཁ་ཡིན་རྒྱུ་རེད། དོན་ནི་རྔོག་ཁ་ཡིན་ན་ཡང་མང་ཆེ་བས་ཁ་རྔོག་ཟེར་ནོ་དེ་རེད། ལ་བཞེས་གཞོན་ནུ་འགུགས་པའི་ལྕགས་ཀྱུ་ན། སྟོད་སོག་པོ་རྟ་ར་ནང་ན།། རྟ་ཨ་ན་མ་ན་གཉིས་ཡོད། ། དེའི་གཅིག་གི་ཁ་རྔོག་ནང་ལ། ། ངས་དར་མཚོན་སྣ་ལྔ་བཏགས་ཡོད།། རྟ་བསམ་པ་ཅན་ཞིག་ཡིན་ན།། སྒ་གང་ཡིན་རྒྱབ་ལ་ཆི་ལེན།། ཞེས་གསུངས་པའི་ཕྱིར།
ད་དུང་བོད་ཡུལ་གྱི་ལུང་ཚན་རེ་ལ་སྐད་ལུགས་རེ་ཡོད་པ་འདི་ནི་ཤིན་ཏུ་ངོ་མཚར་ཆེན་པོ་རེད་དུ་བཅུག་ཀྱང་། ལུང་པ་སོ་སོས་དུས་རྒྱུན་རྒྱག་བཞིན་པའི་ཁ་སྐད་གང་ཡོད་པ་དེ་རྣམས་ཡིག་ཐོག་པ་ཕབ་ནས་གཞོན་སྐྱེས་ཚོས་དེ་དག་ལ་སློབ་སྦྱོང་བྱེད་དགོས་པ་རེད་པར་འདོད་པ་ནི་དུས་ཚོད་འཕྲོ་བརླག་རང་རེད། ཡང་། དེ་རྣམས་ཀྱིས་རྒྱ་གར་ཚང་གི་རིག་གཞུང་ཕྱུག་པོ་ཡིན་པ་སྟོན་པ་མ་གཏོགས་སྤྲང་པོ་ཡིན་པ་མི་སྟོན་ཞེས་གསུངས་མོད་དེ་དེ་ནི་སྔ་མོ་འགྲིམ་གྲུལ་སྟབས་བདེ་མེད་པ། གཅིག་གྱུར་རིག་གནས་ཀྱི་ཁྱབ་ཚད་ཆུང་བའམ་དེ་འདྲའི་རྐྱེན་ལ་བརྟེན་ནས་ཁ་སྐད་མང་པོ་ཆགས་པ་རེད། ཁ་སྐད་ཆུང་ཆུང་དེ་ཚོ་རྩ་མེད་གཏོང་དགོས། རྩ་ཡན་མ་བཀོག་ན་མེ་ཏོག་ཡག་པོ་སྐྱེ་མི་བཅུག
བོད་སྐད་ཀྱི་སྒྲ་གདངས་སྐོར་གྱི་རྩོམ་འདི་ཁ་སང་དང་པོ་ནས་མཐོང་སོང་ཡང་དེའི་འགོ་སྟོད་ཀྱི་མཆན་དེ་དག་ནི་ང་རྒྱལ་འམ་རང་མཆོག་འཛིན་གྱི་སྐྱོན་འདུག་པས་མཆན་འབྲི་འདོད་མ་བྱུང་ཡང་དེ་རི་རིང་དེ་ལྟར་མ་ཡིན་པར་བགྲོ་གླིང་ཡག་པོ་ཞིག་གནང་འདུག་པས་གུས་པས་ཀྱང་མཆན་ཞིག་འདེབས་འདོད་སྐྱེས་བྱུང་།
གུས་པས་ད་ཐེངས་འདིར་གླེང་འདོད་པ་ནི་ཁམས་སྐད་བྱིངས་ཀྱི་སྒྲ་འདོན་སྟངས་དེ་ཡིན། ཁམས་པའི་ཡི་གེ་ཀློག་སྟངས་སམ་སྒྲ་འདོན་སྟངས་ལ་གསལ་བྱེད་སུམ་ཅུ་རེ་རེ་ལ་སྒྲ་མི་འདྲ་བ་རེ་འདོན་ལ་དབྱངས་བཞི་ལ་ཡང་སྒྲ་མི་འདྲ་བ་རེ་འབྱུང་། མདོར་ན་འདོན་སྟངས་འདི་ནི་དབུས་པའི་འདོན་སྟངས་དང་ཁྱད་པ་མེད་པ་ཞིག་ཡིན།
མགོ་ཅན་གྱིས་སྒྲ་གདངས་སྒྱུར་འགྲོ་བ་ཁ་ཅིག་ཡོད་ལ་མ་སྒྱུར་བ་འང་ཁ་ཅིག་ཡོད། སྒྲ་གདངས་སྒྱུར་འགྲོ་བ་དག་གི་དཔེ་ནི། རྒ་རྔ་རྗ་རྙ་རྡ་རྣ་རྦ་རྨ་རྫ་རླ་བཅས་དང་། མགོ་ཅན་གྱིས་སྒྲ་གདངས་མ་སྒྱུར་བ་ནི། རྐ་རྟ་རྩ་བཅས་ཡིན།
ལ་མགོ་ཅན་རྣམས་ར་མགོ་ཅན་དང་མཚུངས་པ་ཡིན། ས་མགོ་ཅན་གྱི་ནང་ནས་གོང་གི་དེ་གཉིས་དང་མ་འདྲ་བ་རྣམས་ནི་སྔ་སྙ་སྣ་སྨ་སླ་བཅས་ཡིན། མགོ་ཅན་གྱིས་སྒྲ་གདངས་སྒྱུར་འགྲོ་བ་འདི་དག་དབུས་པའི་སྒྲ་གདངས་ཀྱི་བོད་ཡིག་ཐོག་འབྲི་རྒྱུ་ཡོད་པ་ཞིག་མིན་ལ་དབྱིན་ཡིག་ནས་སྒྲ་ཚུལ་བཞིན་འདོན་མི་ཐུབ་པ་ཞིག་རེད།
སྔོན་འཇུག་གི་རང་སྒྲ་ཟུར་ཙམ་ཡང་མི་གསལ་ཡང་དེས་སྒྲ་སྒྱུར་འགྲོ་བ་ཡོད་ལ་མ་སྒྱུར་པའང་ཡོད་ཀྱང་འདིར་བཀོད་ན་མི་ཤོང་། རྗེས་འཇུག་དག་གི་སྒྲ་འདོན་ཀྱང་ཤུགས་ཞན་པའི་སྐྱོན་ཆེན་པོ་འདུག ཁམས་སྐད་གྱི་སྐྱོན་ཆེ་ཤོས་ནི་རྗེས་འཇུག་ང་ཡིན་ན་ན་རོ་ཡོད་མེད་ལ་ཁྱད་པ་མེད་པ་དེ་དང་རྗེས་འཇུག་གི་སྒྲ་ཞན་དྲག་པ་དེ་རེད། དམིགས་བསལ་ཞིག་ལ་ཁ་ནས་བཤད་པ་དང་ཡི་གེ་འབྲི་བ་གཉིས་མི་མཚུངས་ས་ནི་སློབ་ལ་རྩོབ་ཟེར་བ་སོགས་མང་ཡང་འདིའི་སྐོར་ལ་ལོ་འགའི་སྔོན་ལ་ཧོ་ཙོང་འཇིགས་མེད་ལགས་ཀྱིསདཔྱད་བརྗོད་སྤེལ་སོང་ལ་མཆན་འདེབ་མཁན་ཡང་མང་པོ་བྱུང་སོང་བས་འདིར་རྒྱས་བཤད་མི་དགོས་སེམས། དེ་དང་འདྲ་བ་ཞིག་ནི་ཟློ་ཟེར་བ་འདི་རེད། ཚིག་འདི་ནི་མདོ་ཁམས་པའི་ཡུལ་གྲུ་མང་པོ་ཞིག་གིས་སྤྱོད་ཀྱིན་ཡོད་པ་མཐོང་། ཟློ་ཞེས་པ་འདི་ནི་ཡི་གེ་ཀློག་པ་དང་ཁ་ནས་བཤད་པ་སྒྲ་མི་འདྲ་བ་ཡིན། དཔེ་ན་བཟློ་ཟློ་ཟློས་ཟེར་བའི་ཚབ་ལ་བརྫོ་རྫོ་རྫོས་ཟེར་བ་འདི་ནི་བསྡ་རྙིང་ཡིན་ཡང་ད་དུང་སྤྱོད་བཞིན་པ་ཡིན། དེ་ཡིན་པའི་དཔེ་ནི། ཟླ་སྟོད་ཡུལ་ལ་རྫ་སྟོད་དང་། ཟླ་ཆུ་ལ་རྫ་ཆུ། ཟླ་གར་ལ་རྫ་གར། ཟླ་བ་གཅིག་དང་གཉིས་ལ་རྫ་བ་གཅིག་དང་གཉིས་ཟེར་བས་ཀྱང་ཤིན་ཏུ་གསལ། དེས་མ་ཚད་ཁམས་བྲག་ཡབ་དང་སྤོ་བོ་སོགས་ཀྱི་ཡུལ་མིས་བཟློ་ཟློ་ཟློས་ལ་བརློ་རློ་རློས་ཟེར། ཟླ་གར་ལ་རླ་གར་དང་ཟླ་བ་ལ་རླ་བ། ཆབ་མདོའི་ཟླ་ཆུ་ལ་རླ་ཆུ་ཟེར། གོང་དུ་ཨ་མདོའི་སྐད་དུ་ཟེར་ལ་དུས་གསུམ་དབྱེ་བ་ཡོད་གསུང་པ་ཡང་འདི་དང་འབྲེལ་བ་འདུག་སྙམ་མོ། ཁ་མ་གསལ་བ་འདུག་ན་འདྲི་རོགས། ང་ནི་ཁྱོལ་ཁ་གསུམ་པོའི་སྐད་གོ་མཁན་ཞིག་ཡིན་པས་ང་ལ་མཚོན་ན་སྤྱི་སྐད་ཟེར་བ་ཞིག་གསར་སྐྲུན་མི་དགོསསོ།
ཧོ་ཙོང་འཇིགས་མེད་ཨེ།
བཀྲ་རྣམ། ཆོལ་ཁྱོལ་སྒྲ་གདང་གཅིག་རེད་འདུག ངས་དེ་གཉིས་སྒྲ་གདང་མ་འདྲེས་་པར་ཀློག་ཐུབ།
མགོན་པོ་ཕྱག་གཉིས་པ་ལགས། ཙི་ཀ་ཟེར་ན་མི་ཤེས་གི ཚིག་གྲུབ་ཆ་ཚང་ཕྲིས་ར། གསུངས་པ་ལ། ཨ་མདོའི་སྐད་ལ་དེ་ཙམ་བྱང་ཆ་མེད་པས་ཚིག་གྲུབ་ཆ་ཚང་དུ་མོ་བཟོ་རྒྱུ་དཀའ་ནི་ཟིག་རེད། འོན་ཀྱང་སྐུ་ཉིད་ཀྱིས་་་ཞིག་་་གི་དོན་དུ་གསུངས་པར་དཀའ་དྲིན་ཆེ། །
གཞོན་ནུ་ཟླ་མེད་ལགས་ཀྱིས། ཙི་ཀ་ཟེར་ནི་མ་རེད། ཙིག་ཟེར་ནི་རེད། གསུངས་པ་དེ་ཁྱེད་བདེན། བློ་སྦྱོང་ཏིང་རི་བརྒྱ་རྩ་མ་ཟེར་བའི་ལམ་རིམ་དེའི་ནང་ན་ཡང་། ངེད་ཏིང་རི་བ་རྣམས་ཀྱི་ཅི་ཙིག་བྱེད་ཟེར་ནས་བྲིས་འདུག གསུངས་པ་ལ། སྟོད་པའི་ཁ་སྐད་གང་ཞིག་ནང་་་ཙུག་་་བྱས་ནས་འགྲོ་ཀྱེ་ཟེར། དེའི་དོན་ནི་་་ག་འདྲ་བྱས་ནས་འགྲོ་འམ་ཟེར་བ་ལྟ་བུ་རེད། དེ་འདྲ་ཡིན་དུས་ངེད་ཏིང་རི་བ་རྣམས་ཀྱི་ཅི་འདྲ་བྱེད་ཟེར་བའི་དོན་ལ་གོ་དགོས་པ་ཡིན་ནམ་སྙམ། ཙུག་་་ཟེར་བ་འདི་ཞང་ཞུང་སྐད་ནང་ནང་ལའང་ཡོད་པ་འདྲ། རྨོངས་འཆར་ཙམ་ཡིན། ཁྱེད་ཀྱིས་ལན་སྐྱོན་པར་དཀའ་དྲིན་ཆེ། །
Bonpo དང་ཟླ་མེད་གཉིས་ཀྱིས་ཏིང་དང་དིང་གཉིས་སྒྲ་གདང་ཁྱད་མེད་ཀློག་གི་ཡོད་འདྲ།
མེ་ཏོག་དཀར་པོ་ལགས། ཁྱེད་རང་གི་ཁ་སྐད་དེ་ཆུང་ཆུང་ཞིག་ནམ་ཆེན་པོ་ཞིག། ཆུང་ཆུང་ཞིག་ཡིན་ན་དང་པོ་དེ་རྩ་མེད་གཏོང་ཤོག་ཨ། ཕ་ཡུལ་ལུང་པར་མར་ཕེབས་ནས་ངོས་རང་ང་ཚོའི་ཁ་སྐད་རྩ་མེད་གཏོང་དུ་ཡོང་བ་ཡིན་ལབ་དང་། ཁ་སྐད་རྩ་མེད་མ་བཏང་བའི་སྔོན་ལ་ཁྱེད་རང་རྩ་མེད་གཏོང་རྒྱུའི་ཉན་ཁ་ཡོད་རེད་ད། གཟབ་གཟབ་བྱོས། །
ཐབས་ལ་མཁས་པོས་རྩ་མེད་གཏོང་དགོས། མཐོང་རྒྱུ་ཐོས་རྒྱ་མེད་པ་བཟོ་དགོས། ཁ་སྐད་དེས་མདོ་དབུས་ཁམས་གསུམ་པོ་མཉམ་སྦྲེལ་བྱེད་རྒྱུ་བཞག་ནས་ཁ་ཐོར་གཏོང་གི་འདུག ནག་ཉེས་ཆེ་ཤོས་དེ་རེད། བོད་སྐད་རྒྱལ་ལོ།།
མགོན་པོ་ལགས།
༡ འོབ་ལེབ། ས་གཞན་ནས་ཡོབ་ལེབ་ཡང་ཟེར་བ་རེད།
༢ ཞོགས་རང་འབྲི་དགོས་བ་རེད་བསམ།
༣ ཁེངས་ཐེབས་སོང་ཞིག་ཟེར་བ་དེ་ལ་ཨམ་སྐད་ཀྱིས་ཝེངས་ཐེབས་སོང་ཟིག་ཟེར་བ་རེད།
༤ འདའ་བ་རེད།
༥ ཤ་བཙག་ཟེར་བ་གོ་མ་སོང་།
༦ བྲག་ཕྱ་ཕྱ་རེད།
༧ ཙད་པ་ཡིན་རྒྱུ་རེད།
༨
༩ སྦྲེལ་རེད།
༡༠ དོང་མོའི་ནང་རེད།
༡༡ ཟེ་ཁ་རེད།
ལུང་པ་སོ་སོའི་ཡུལ་སྐད་དེ་ཡི་གེར་བྲིས་ནས་སློབ་སྦྱོང་བྱེད་རྒྱུ་ནི་དཀའ་ལས་མེད་སར་དཀའ་ལས་བཟོས་པ་ཞིག་རེད། དེ་ལས་བོད་རང་གི་ཡིག་སྐད་འདི་ལ་སློབ་སྦྱོང་བྱས་ན་ལེགས། མདོ་དབུས་ཁམས་གསུམ་གྱི་མི་སུ་འདྲ་ཞིག་གིས་ཡི་གེ་ཀློག་པ་ཡིན་ན་ཡང་ཡིག་སྐད་ཤེས་མཁན་ཞིག་གིས་ཉན་ན་མི་གོ་བའི་དཀའ་ངལ་མེད་པ་རེད།
བཀྲ་རྣམ་ལགས། ཁམས་ཀྱི་ཡུལ ལུང་ཁ་ཤས་མིས་་ཟླ་ཞེས་་པའི ཚིག་དེའི་སྒྲ་གདངས་ལ་ལུང་ཚན་སོ་སོའི་སྒྲ་གདངས་མི་འདྲ་བས་ཁྱད་པ་སོང་བ་རེད། དེ་ཡང་། ཆབ་མདོའི་རྫ་རྒྱུད་ཕྱོགས་ཀྱི་ཡུལ་མི་རྣམས་ཀྱིས་ཟླ་་ཞེས་པའི་ཚིག་དེར། ཟ་ལ་བཏགས་རྫ་ཞེས་སྒྲ་སྟོན་གྱི་རེད། བྲག་ཡབ་ཕྱོགས་ཀྱི་ཡུལ་མིས་ཟླ་་ཞེས་པའི་ཚིག་དེར། ཟ་ལ་བཏགས་བླ་ཞེས་སྒྲ་སྟོན་གྱི་རེད། དེ་བཞིན་འབའ་ཁམས་ཕྱོགས་ཀྱི་ཡུལ་མིས་ཟླ་ཞེས་པའི་ཚིག་དེར། ཟ་ལ་བཏགས་མདའ་ཞེས་སྒྲ་སྟོན་གྱི་རེད། དེས་ན་ཆབ་མདོ་རྫ་རྒྱུད་ནས་བབ་པའི་ཆུ་དེར་རྫ་ཆུ་དང་། ཆུ་དེ་དང་ངང་ཆུ་སོགས་ཆུ་ཕྲན་ཁ་ཤས་དང་འདྲེས་ནས་བྲག་ཡབ་རྒྱུད་དུ་བབས་པ་ན་ཆུ་དེར་བླ་ཆུ་ཞེས་འབོད་པ་དང་། ཆུ་དེ་ག་རང་འབའ་ཁམས་ཕྱོགས་སུ་རྒྱུད་སྐབས་སུ་མདའ་ཆུ་ཞེས་འབོད་པ་དེ་ནས་བྱུང་བ་རེད། མདོ་ཁམས་ཕྱོགས་སུ་ལུང་ཚན་སོ་སོས་མགོ་མདོག་ཅན་གྱི་ཡིག་གེ་དེ་དག་གི་སྒྲ་གདངས་མི་འདྲ་བས་མིང་ཚིག་མི་འདྲ་བ་དེ་དག་བྱུང་བ་དང་། དེས་བོད་རིགས་ནང་ཕན་ཚུལ་དབར་སྐད་བརྡ་མི་འཕྲོད་པས་དཀའ་ངལ་གྱི་རྐྱེན་རྩ་་ཡང་དེར་ཐུབ་པ་རེད། མདོ་དབུས་ཁམས་གསུམ་གཅིག་གྱུར་གྱིས་བོད་ཡིག་གི་མིང་ཚིག་གང་དག་ལ་སྒྲ་གདངས་མི་མཐུན་པ་དེ་དག་ལེགས་སྤེལ་ཉེས་འགོག་དགོས་ཚུལ་གླེང་བ་ཡང་གནད་འདི་རེད།
གཞོན་ནུ་དང་ནམ་མཁའ་གཉིས་ཐུགས་རྗེ་ཆེ།
ཙད་པ་དང་བྲག་ཕྱ་ཕྱ་གཉིས་དེ་བཞིན་དུ་ཡིན་པ་འདྲ།འོབ་ལེབ་ལ་ས་ཆ་གཞན་དུ་ཡོབ་ལེབ་ཟེར་གྱི་ཡོད་ན་དེ་ཡང་ཕལ་ཆེར་གཅིག་པ་རེད། འོབ་ཆེན་ལའང་ཡོབ་ཆེན་ཟེར་ནས་བྲིས་ཡོད་པ་ལྟར་རེད། ཝ་འཐས་ལ་དབུས་གཙང་གིས་འ་འཐས་ཟེར་གྱི་ཡོད་ན་དེའང་ཕལ་ཆེར་མཚུངས། བརྡབ་ལ་འདའ་ཨེ་ཡིན། འདའ་ལ་འདའ་ཟེར། མཆིས་ལ་འཆི་ཡིན་རྒྱུ་མ་རེད། འཆི་ལ་འཆི་ཟེར།ཤི་བོ་ད། འཆི་རྒྱུ་རེད།
མ་མོ་སྦྲ་བ་དེ་སྦྲེལ་ཡིན་རྒྱུ་མ་རེད། སྤྲད་ཀྱང་མིན་པ་འདྲ། སྦྲེལ་ལ་ངེད་ཚོའི་ཁ་སྐད་དུ་བརེས་ཟེར། དེ་བཞིན་སྦྲ་ལ་བརའ། སྦྲུལ་ལ་རུའུ། སྦྲོ་ལུག་ལ་བརོ་ལུག སྦྲིད་པ་ལ་བརིད། སྦྲེ་ལ་བརེ་ལྟ་བུའོ། སྤྲད་ལ་ཁ་སྐད་དུ་དཔད་ཟེར། སྤྲོ་མ་ལངས་ལ་དཔོ་མ་ལངས། སྤྲང་ལ་དཔང་། སྤྲང་པོ་ལ་དཔང་ངོ། སྤྲེའུ་ལ་དཔེའུ། སྤྲུགས་ལ་དཔུག་ལྟ་བུའོ།
ཁ་སང་བན་བོན་གྱི་རྙོགས་དྲས་ངལ་བའི་ཐང་དེ་རྩོམ་འདི་དང་འདི་དང་འབྲེལ་བའི་མཆན་བུ་དག་གིས་གསོས་སོང་། བོད་ལ་ཕན་པའི་རྩོམ་མཆན་དག་ལ་དགའ་འོ།།
མགོན་པོ་ལགས།
སྦྲེལ་ལ་ཁ་སྐད་དུ་སྦེལད་དང་རེལད་གཉིས་ཀྱི་སྒོ་ནས་ཀློག་པ་རེད། ཁྱོའི་ཡུལ་ནས་རེལད་དུ་ཀློག་པ་རེད། དཔེ་དེ་བཞིན་དུ་སྦྲ་ལ་སྦ་དང་ར་ཟེར་བ་རེད། ཁྱོའི་འབྲི་སྟངས་དེ་ཡག་པོ་མི་འདུག དབྱི་ཡིག་ལ་silenceཡོད་པ་ནང་བཞིན་བོད་ལ་ཡང་ཡོད་པ་རེད།
དེ་ནས་ འཕྱིས་རེད དུས་ཐོག་དུ་མ་ཁེལ་བའི་དོན་རེད། འཕྱིས་ཕྲུག་ཟེར་བ་ཡང་ཡོད་པ་རེད།
འ་འཐས་ཟེར་ན་ཝ་འཐས་ཡིན་རྒྱུ་མ་རེད། ཨ་མདོ་བས་ཁ་དང་ང་མཉམ་དུ་ཡོད་ན་ཝང་ལ་ཀློག་གི་རེད། དཔེར་ན ལྷ་ཝང། ཟ་ཝང། ཉལ་ཝང་ལྟ་བུའོ།
ཁྱོའི་ཟེར་བ་དེ་ཁྱོད་ཀྱིས་ཟེར་བའི་བསྡུས་ཚིག་ཏུ་འདོད་ན་བོད་ཀྱི་བདག་པོ་ཟེར་བ་ལ་བོའི་བདག་པོ་ཟེར་འདོན་ནའང་འགྲིག་ཏེ་རྒྱུ་མཚན་ཕྱོགས་ཀུན་ནས་མཚུངས་པས་སོ།།
མིང་ཚིག་གཉིས་ཀྱི་བར་ལ་འབྲེལ་སྒྲ་མ་གཏོགས་མི་འགྲོ་བ་རེད་གྲོགས་པོ། ཁྱོ་ཡང་མིང་ཚིག་རེད། ཟེར་བ་ཡང་མིང་ཚིག་རེད། བོད་ལ་བོ་ཡི་ཚབ་མི་ཉན། ཁྱོད་ལ་ཁྱོ་ཡི་ཚབ་ཉན་པས་སོ། ཁྱོད་ཀྱིས་བསྡུས་ཚིག་མ་རེད། ཁྱོད་ཀྱི་བསྡུས་ཚིག་རེད།
བོད་ལ་བོའི་འགྲིག་ན་ཁྱོད་ལ་ཁྱོའི་མ་འགྲིག་པ་ཞིག་ཡོད་དམ།
རེད། ཁྱོད་ཀྱི་བསྡུས་ཚིག་ཟེར་བར་ནོར་ནས་ཁྱོད་ཀྱིས་བྲིས་ཐལ།
འཁེང་ཐེབས་སོང་། ཝེང་ཐེབས་སོང་། མིན་ནམ། ཝ་འཐས་པ་དང་འཁེང་གཉིས་ཁ་ཁ་རེད། འཁྱག་ནས་འཁེང་སོང་ཟིག་ཟེར་ན་ད་རུང་ཝ་འཐས་ཡོད་པ་མ་རེད། ཝ་འཐས་ལ་ཁད་དུ་ཡོད་པ་རེད། ཝ་འཐས་ཟེར་ན་སྲ་མོ་རྡོ་ནང་བཞིན་ཆགས་ཡོད་པ་རེད། ཝ་ཐི་ལྟ་བུའོ། འཁེང་ལ་བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་གྲང་ངད་ཀྱིས་འཁྱག་པར་གྱུར་པ། མར་ཁུ་འཁེངས། ཟེར་ནས་འགྲེལ། འཁྱག་ནི་ཨམ་སྐད་དུ་གྲང་བའི་དོན་རེད། དབུས་སྐད་དུ་ཝ་འཐས་པའི་དོན་རེད། འཁྱག་པ་ནི་ཨམ་སྐད་དུ་དར་ཟེར། ཆུ་ལ་འཁྱག་པ་ཆགས་པ་ལ་ཆུ་ལ་དར་ཆགས་ཟེར་བའོ།
གནམ་བདེན། སྦྲ་སོགས་བ་མགོ་འདོགས་གཉིས་ལྡན་དེ་ཚོ་རོང་ཕྱོགས་འགའ་རེར་ར་བཏགས་མེད་པར་ཀློག ངའི་ཕ་ཡུལ་གྱིས་མཚོན་འབྲོག་ཕྱོགས་འགའ་རེར་བརའ་ཞེས་འདོགས་ཅན་གྱི་སྒྲ་དང་ཉེ་བར་ཀློག སྦྲ་ལ་སྦ་དང་བརའ། སྦྲོ་ལུག་ལ་སྦོ་ལུག་དང་བརོ་ལུག སྦྲེ་ལ་སྦེ་དང་བརེ། སྦྲུལ་ལ་སྦུའུ་དང་བརུ། བ་ཡིག་ར་ཡི་སྔོན་དུ་མི་འཇུག་ཀྱང་སྒྲ་གདངས་ཇི་བཞིན་ཡོང་ཕྱིར་འདི་ལྟར་བྲིས་པ་ཡིན། སྔོན་འཇུག་མེད་པའི་ར་དང་སྒྲ་གདངས་ཁ་ཁ་རེད།
དེས་ན། དཔྱིད་ཀ་ལུ་གུ་ངན་དུ་ལྷུང་། གྲོད་ཁོག་སྦྲོས་པའམ་སྦོས་པ་ཡང་ན་བརོས་ནས་ཡོད་པའི་ལུ་གུ་ངན་པའི་མིང་ལ་ངེད་ཚོས་བརེ་ཐི་ཟེར། དེ་ལ་ཡིག་སྐད་དུ་ཇི་ལྟར་འབྲི། སྦྲེ་ཐི་ཡིན་ནམ། ཡུལ་ལུང་གཞན་གྱི་སྐད་དུ་ཅི་ཟེར།
བསྟན་འཛིན་ལགས་ཐུགས་རྗེ་ཆེ། ངས་ཀྱང་སྒྲ་འདོན་སྟངས་མི་འདྲ་བས་སྐད་བརྡ་མི་འདྲ་བ་ཡིན་པ་ལས་ཡི་གེ་ལ་ཁྱད་པ་མེད་ཟེར་བ་དེ་ཡིན། ཟླ་ཡི་སྒྲ་འདོན་སྟངས་བཅིག་པུ་མིན་པ་ཡེ་གེ་གཅིག་ལ་ཡུལ་ལུང་མི་འདྲ་བ་ནས་སྒྲ་མི་འདྲ་འདོན་པ་རེ་ཟུང་འདུག སྦྲ་ལ་སྦ་དང་དབྲ། སྦྲུལ་ལ་དབྲུལ་དང་སྦུལ་ལྟ་བུ་རེད།
ངའི་ཕ་ཡུལ་གྱི་དེང་དུས་འདོན་སྟངས་ལ་ཆ་དང་ཁྱ། ཆོལ་དང་ཁྱོལ་ལ་ཁྱད་པ་མེད། གནའ་སྔ་མོར་ཇི་ལྟར་བཏོན་པ་མི་ཤེས།
ཡང་་སོང་གིན་སོང་གིན་ཁ་ཕྱིར་ལོག་ནས་སྦྲ་དང་གུར་ནང་ལ་ཤོར་འགྲོ་བ་དང་། དེ་ནས་ག་ལེར་ཤིང་ནགས་དང་བྲག་ཕུག་ལ།
མ་རྩོམ་གི་བརྗོད་དོན་གཙོ་བོ་དེ་ཡང་་་ཆོལ་ཁ་སོ་སོས་་་མ་གི་གུ་མི་ཀློག་སྟངས་མི་འདྲ་ཚུལ་གཙོ་བཟུང་གིས་དབྱངས་གཞན་རྣམས་གྱི་སྦྱོར་ཀློག་མི་གཅིག་པ་རྣམས་ཀྱང་འདིར་བཀོད་ནས་བརྡར་ཤ་གཅོད་ཐུབ་ན་བསམ་པ་དེ་རེད།
ལ་ལ་ཞིག་གི་སེམས་ལ་་་མ་གི་གུ་མི་ཀློག་ཚུལ་ཡུལ་ལུང་ཚང་མར་གཅིག་པ་རེད་བསམ་གིན་ཡོད་ན་ཐང་། གཅིག་པ་མིན་པའི་སྟབས་ཀྱིས་ས་ཆ་གཅིག་གི་སྐད་ཆ་གཞན་གྱིས་མ་གོ་བ་མང་པོ་རེད།
དཔེར་ན། ས་ཆ་ལ་ལས་མ་གི་གི་མི་ཞེས་ཀློག་གིན་ཡོད་ཙང་སྒྲ་གདངས་གཞན་དུ་གྱུར་པ་རེད།
ཡིད་མི་ཆེས་ན་རང་གི་རང་ལ་ཚོད་ལྟ་གྱིས།
ཨ་མདོའི་ཡུལ་སྐད་ཀྱི་སྒྲ་འགྱུར་ལུགས། ཨ་མདོའི་མིང་མཐའི་པ་ཡིག་གི་སྒྲ་འགྱུར་ལུགས། སྐབས་རེར་ཨ་མདོ་བ་ཚོས་མིང་མཐའི་པ་ྐློག་སྐབས་སྒྲ་འགྱུར་ནས་དེའི་ཚབ་ཏུ་‘‘དཔའ་’’ྐློག་གི་ཡོད་པ་དཔེར་ན། བཙོག་པ་ལ་བཙོག་དཔའ། འབྲོག་པ་ལ་འབྲོག་དཔའ། མགྱོགས་པ་ལ་མགྱོགས་དཔའ། སྒོག་པ་ལ་སྒོག་དཔའ། གྲགས་པ་ལ་གྲགས་དཔའ་སོགས་ཀྱིས་མཚོན་ནའང་། མི་མཐའི་པ་ཡིག་ཆ་ཚང་དེ་འདྲ་མིན། དཔེར་ན། ཉན་པ། མཁྱེན་པ། རློམ་པ། བསམ་པ་སོགས་རྗེས་འཇུག་གཞན་དག་གི་མཐར་པ་སྒྲ་རང་དུ་ྐློག་གི་ཡོད།
ཨ་མདོ་བས་སྲ་ཡིག་ྐློག་སྐབས་ཧྲ་ཡིག་ཏུ་འགྱུར་བའི་དུས་ཀྱང་ཡོད། སྲ་མོ་ལ་ཧྲ་མོ། སྲིང་མོ་ལ་ཧྲིང་མོ། སྲུང་མ་ལ་ཧྲུང་མ། སྲུང་མདུད་ལ་ཧྲུང་མདུད། གས་སྲུབ་ལ་གས་ཧྲུབ་ལྟ་བུ་མང་པོ་ཡོད་ནའང་། ཆ་ཚང་དེ་འདྲ་མིན། སྲོལ་རྒྱུན་དང་། ས་སྲོད་ལྟ་བུ་ཨ་མདོའི་ཡུལ་ལུང་ཁ་ཤས་ཀྱིས་‘‘ཧྲ་’’སྒྲ་རུ་ྐློག་གི་ཡོད་པ་ལས་ཨ་མདོ་སྤྱི་ཡོངས་ནས་བཤད་ན་དེ་འདྲ་མིན་པ་འདྲ།
རྗེས་འཇུག་ལ་ཡིག་གི་སྒྲ་འགྱུར་ལུགས། དཔེར་ན། འགྲུལ་བ་ལ་འགྲུའུ་བ། ཕ་ཡུལ་ལ་ཕ་ཡུའུ། གྲོལ་བ་ལ་གྲོའུ་བ། རྐང་གྱོལ་ལ་རྐང་གྱོའུ། འགལ་བསྐྱོད་ལ་འགུའུ་བསྐྱོད་ལྟ་བུ་སོགས་རྗེས་འཇུག་ལ་ཡིག་མང་པོ་ཞིག་འུ་སྒྲ་རུ་ྐློག་སྐབས་ཀྱང་ཡོད།
མིང་གཞི་ཕ་ཡིག་ཧ་སྒྲ་རུ་འགྱུར་ལུགས། ཕག་ཤ་ལ་ཧག་ཤ། ཕན་སུམ་ཚོགས་པ་ལ་ཧུན་སུམ་ཚོགས་པ། ཕོ་རྒོད་ཅན་ལ་ཧོ་རྒོད་ཅན། སྲིང་མོ་ལ་ཧྲིང་མོ། ཕ་མ་ལ་ཧ་མ་སོགས་ྐློག་གི་ཡོད།
ད་དུང་འདི་འདྲ་མང་བོ་འདུག སྤྲང་པོ་ལ་སྤང་ངོ་། བླ་བྲང་ལ་བླ་རིང་། སྦྲུལ་ཆེན་པོ་ལ་རུའུ་ཆེན་པོ། བཅོ་བརྒྱད་ལ་བཅོབ་བརྒྱད། སེམས་སྤྲོ་བ་ལ་སེམས་སོ་བ། བསྟོད་པ་གཏོང་བ་ལ་བསྟོད་ར་གཏོང་བ། ནོར་བུ་ལ་ནོར་རུ། སེར་བ་ལ་སེར་ར། དམར་པོ་ལ་དམར་རོ། ནང་ཁྲོལ་ལ་ནང་ཅོ། སོགས་ཤིན་ཏུ་མང་བོ་ཡོད་ནའང་། འདི་དག་དཔེ་མཚོན་ཙམ་ཡིན།
ད་བརྡ་སྤྲོད་ཀྱི་སྐོར་ལ་བསམ་བློ་ཞིག་གཏོང་། དཔེར་ན། ཆུ་རྒོལ་སྐོབ་བ་གོན་རྒྱུས་ཁྱུས་ཟེར་ན་འདི་ལྷག་བཅས་ཀྱི་སྐུལ་བའི་དོན་ཅན་ལ་འཇུག དེ་རིང་མ་ནེ་བསྐོར་ར་ཞེས་ན་རྫོགས་ཚིག་གི་དོན་ལ་འཇུག ཁྱོས་ཟ་མ་ཟས་ར་མ་ཟས་ཞེས་ན་དྲི་བའི་དོན་ལ་འཇུག ཁོས་ཆང་ར་འཐུང་ཞེས་པ་འདི་སྡུད་པ། ཆང་རེམ་མ་འཐུང་ར་ཞེས་པ་གདམས་ངག སྒྲུང་ཉན་ར་ཉན་ཞེས་མཐུན་པའི་ཚིག་རྒྱན། ཇག་ལ་འགྱོ་ན་བོའུ་ཉོ་ལྟ་བུ་དགོས་ཆེད། འདི་བ་ཚང་ང་རྟ་ནོར་མང་ལྟ་བུ་གནས་གཞི། དཀོན་མཆོག་གསུམ་ནི་སངས་རྒྱས་ར། ཆོས་ར། དཀོན་མཆོག་གསུམ་ལྟ་བུ་འབྱེད་པའོ། ཨ་མདོའི་ཕལ་སྐད་ཀྱི་ཚིག་ཕྲད་ནི་བརྡ་སྤྲོད་ཀྱི་གཞུང་དང་མི་མཐུན་ནའང་། ཨ་མདོའི་ཕལ་སྐད་ཀྱི་ལམ་ནས་རྣམ་དབྱེའི་དཔེར་བརྗོད་དག་ཀྱང་ཁྲིགས་སེ་འཇོག་ཐུབ་ཀྱི་འདུག སྤྱིར་འདིའི་སྐོར་ལ་ངས་རྩོམ་ཞིག་འབྲི་འདོད་བྱུང་ནའང་། དེ་རིང་དེ་ཙམ་གྱིས་འཐུས་པར་བྱས་ཡོད། ནོར་འཁྲུལ་ཡོད་ན་དགོངས་འགལ་མེད་པ་ཞུ།
སྙན་བཟང་གིས་བཤད་པའི་ཨ་མདོས་ཕོ་རྒོད་སོགས་ལ་ཧོ་རྒོད་སོགས་སུ་ཀློག་ཚུལ་བཤད་པ་དེ་ཚོ་ཚང་མ་མགོ་ནས་མཇུག་བར་རྦད་དེ་ནོར་འདུག་པས་མི་ཚང་མ་མགོ་འཐོམས་བཅུག་མེད་འགྲོ་བསམ། ཕོ་རྒོད་སོགས་ལ་ཕོ་རྒོད་ཅེས་ཀློག་པ་ལས་ཧོ་རྒོད་སོགས་སུ་མི་ཀློག
ཡིན་ནའང་། ཁ་སྐད་ནང་། གོང་གསལ་སྙན་བཟང་གིས་ཀློག་གི་ཡོད་ཟེར་བའི་སྒྲ་ལྟར་བཤད་ཀྱི་ཡོད་པ་རེད། དེ་ལྟར་ཀློག་གི་ཡོད་པ་མ་རེད། དེ་ལྟར་བཤད་ཀྱི་ཡོད་པ་རེད། དེར་རྣམ་པ་ཚོ་འཐོམས་མི་ཉན།
དབུས་དང་བསྡུར་ན་ཨ་མདོར་ཀློག་སྟངས་མ་འདྲ་བའང་ཡོད་དེ། གུག་ཞབས་གཉིས་གཅིག་པར་ཀློག རྗེས་འཇུག་ད་ལ་གཉིས་སྒྲ་གཅིག་པའམ་ཉེ་བར་ཀློག ཀ་དང་ག ཅ་དང་ཇ། ཏ་དང་ད་རྣམས་ལ་ཁྱད་པར་མེད། བ་ནི་wa ལྟར་ཀློག ཕྱ།བྱ། གཉིས་བཤའ་ཡི་སྒྲ། དཔའ་ནི་རྒྱ་ཡིག་གི་ཀྲུང་ཧྭ་ཟེར་བའི་ཧྭ་ཡི་རྒྱ་ཡིག་སྒྲ་ལྟར་ཀློག ཤ་དང་ཝ་ཡི་ཀློག་སྟངས་དེ་བོད་ཀྱི་ཡུལ་ལུང་གཞན་དང་མ་འདྲ་བའི་སྒྲ་ཞིག་ཡོད་པ་རེད། བོད་མི་དང་གཞན་གྱི་རྒྱལ་ཁབ་སུ་ཞིག་གི་ངག་ལའང་སྒྲ་དེ་ཇི་བཞིན་ཡོང་གི་མི་འདུག ཝ་སྒྲ་དེ་ཨ་རབ་པ་རྣམས་ཀྱི་ངག་ལ་ཡོང་གི་འདུག ངས་ཚོད་ལྟར་བྱས་པ་ཡིན། ཤ་སྒྲ་དེ་ཇི་བཞིན་ཡོང་བ་ཞིག་ལ་ད་སྔ་ཐུག་མ་སོང་ཡང་། སོག་པོ་དང་འཇར་མན་ལ་སྒྲ་དེ་ཡོང་གི་འདུག་ཟེར་ནས་སྔོན་མི་ཞིག་གིས་འདིར་མཆན་བརྒྱབ་སོང་བསམ། དེ་གཉིས་རྒྱལ་སྤྱིའི་་སྒྲ་རྟགས་ནང་དུའང་ཡོད་པ་མ་རེད། གཞན་འཕུལ་རྟེན་མགོ་འདོགས་སོགས་སྒྲ་ཤུགས་ཆེ་ཆུང་དང་གསལ་མི་གསལ་གྱི་ཁྱད་པར་ཡོད་ས་ཅུང་ཟད་རེ་ཡོད་པ་ལས་ཁྱད་ཆེན་པོ་མི་འདུག་སྙམ། ཁ་སྐད་དེ་ཡིག་སྐད་ཀྱི་ཀློག་སྟངས་དང་མི་མཐུན་ས་མང་པོ་དང་བརྡ་སྤྲོད་ཀྱི་ཕྲད་དེ་རྦད་དེ་མི་གཅིག རྣམ་དབྱེ་གཉིས་པ་དང་བདུན་པ་ལ་ན་སྒྲ་བེད་སྤྱོད་གཏོང་བ་དེ་ལ་དོན་གྱི་འཇུག་པ་དང་མཐུན། གཞན་ཕལ་ཆེ་བ་རྗེས་འཇུག་རང་འདྲའི་རྗེས་སུ་སྦྱོར་བ་ཤུགས་ཆེ། དེ་ནས་རྒྱན་སྡུད་སོགས་ཀྱི་འཇུག་ཡུལ་ཁ་ཤས་ལ་ར་སྒྲ་སྦྱོར། ཞིབ་ཚགས་པོ་བཤད་དགོས་ན་དུས་ཚོད་ཅུང་དགོས་ཀྱི་འདུག་པས་འདིར་མཚམས་འཇོག
ཕོ་རྒོད་ཅན། འདི་ནོར་བ་རེད། ཕོ་སྒོ་ཅན་རེད། འདི་ལ་ཡུལ་སྐད་དུ་ཧོ་སྒོ་ཅན་ཞེས་བཤད་ཀྱི་ཡོད། དེ་མིན་ཕག་ཤ་ལ་ཧག་ཤ། ཕུན་སུམ་ཚོགས་པ་ལ་ཧུན་སུམ་ཚོགས་པ། སྲིང་མོ་ལ་ཧྲིང་མོ། ཕ་མ་ལ་ཧ་མ་ཞེས་ཨ་མདོ་བ་ཚོས་བཤད། དེའི་ནང་གི་རེབ་གོང་བ་ཚོས་ཤོད་ཀྱི་ཡོད་དམ།
སྔོན་དེར་ངས་བཤད་ལ་ྐློག་ཅེས་བྲིས་པ་རེད། རྒྱུ་མཚན་ངས་ཀྱས་ཤེས་མ་སོང་། མགོན་ཕྱག་གིས་བཤད་མེད་པའི་བཏང་ན་ངས་ལམ་སེང་མཐོང་ཡུལ་དུ་འགྱུར་མི་སྲིད། དེ་མིན་ཨ་མདོ་བ་ཚོས་སྐད་ཆ་བཤད་སྐབས་སྒྲ་འདོན་སྟངས་དཔེར་བརྗོད་བཞག་པ་ལྟར་ཡིན།
སྙན་བཟང་ལགས།
རེད། རྗེས་འཇུག་ལ་ཡིག་གི་འགྱུར་ཟེར་བ་དེ་ནོར་རེད། འདི་ནི་ད་དུང་ཨ་མདོ་ལ་མ་ཞབས་ཀྱི་མུmuགནས་ཡོད་བའི་བདེན་དཔང་རེད། ཡུལyul འགྲུལ dul ལྟ་བུ་འོ།
དེ་ནས་མིང་མཐའི་པ་ལ་དཔའ་ནམ་ཡང་མི་ཀློག། རྗེས་འཇུག་ག་ཡིན་པའི་སྐབས་ཁོ་ན་ལ་པ་ཚབ་དུ་ག་རང་སྒྲ་འདྲེན་པ་ལས་ཁྱོད་ཀྱི་འདོད་པ་ལྟར་དེ་འདྲའི་ཁྲིམས་མེད་ལུགས་ཞིག་མིན། འབྲོག་ག བཙོག་ག་ལྟ་བུའོ།
དེ་ནས་བརྡ་སྤྲོད་ཀྱི་སྐོར་རེད། སུམ་ཅུ་བ་དང་མཐུན་རྒྱོ་མང་དྲགས་གའི་སྐྱོན་མེད་ན། མི་མཐུན་པའི་དཀའ་ངལ་རྩ་ན་ཉིད་ནས་མེད།
སྤྱིར་ངས་འདིའི་སྐོར་ཀྱི་དེབ་ཆུང་ཞིག་གི་མ་ཕྱི་ཞིག་བྲིས་ཡོད་ན་ཡང་དཔེར་དུ་སྐྲུན་འདོད་ད་དུང་མེད། གང་ཡིན་ཟེར་ན་འདི་སྒྲ་ལེན་སྟངས་ལ་འབྲེལ་བ་ཡོད་དུས་བརྙན་འཕྲིན་ཞིག་དང་སྦྲགས་ནས་ཡོང་ན་ཕན་བསམ་ཆེ་བར་འདོད་ནས་ལྷག་ཡོད། ཨ་མདོ་དང་ཁམས་པས་འདི་བྱེད་ཐུབ་པ་འདུག། དབུས་སྐད་དེ་དག་ཙམ་དཀའ་ལས་ཡོད་ས་རེད། ཞེ་ས་དེ་མ་གཏོགས་གཞན་སྐད་ཡིག་གི་འགྲོ་སྟངས་ལ་དེ་འདྲའི་ཡག་པོ་ཞིག་མེད་པ་སྣང་སོང། སྐད་ཡིག་དང་ཐུག་ན་ཞེ་སའི་རྒྱ་ཆུང་ཆུང་རེད་འདོད།
གནམ་ལགས། ༼དེ་ནས་བརྡ་སྤྲོད་ཀྱི་སྐོར་རེད། སུམ་ཅུ་བ་དང་མཐུན་རྒྱོ་མང་དྲགས་གའི་སྐྱོན་མེད་ན། མི་མཐུན་པའི་དཀའ་ངལ་རྩ་ན་ཉིད་ནས་མེད།༽ དངོས་ནས་མཚན་མཐུན་རྒྱོ་མང་དྲགས་ཡིན་ས་རེད། ད་དུང་དབུས་པས་མི་དག་ཁམས་དང་ཨ་མདོ་དག་ཟེར།
ཁ་སང་ཨ་མདོའི་ཡུལ་སྐད་དཔེར་ན་ལྦ་ཐིས། ཧ་པ་སོགས་གླེང་སྐབས། འདི་དག་བརྡ་རྙིང་དང་ཞང་ཚིག་ཡིན་ན་ཐང་སྙམ་སྟེ་ཚིག་མཛོད་འགའ་བསྔོགས་པ་ཡིན། རྙེད་མ་སོང་། A lexicon of Zhangzhung and Bonpo Terms ཞེས་པ་འདི་བོན་དང་ཞང་ཚིག་གི་ཚིག་མཛོད་ཅིག་རེད། འདིའི་ནང་དུ་གསལ་བའི་མང་ཚིག་ཕལ་མོ་ཆེ་མཐོང་མྱོང་ཐོས་མྱོང་མི་འདུག མིང་ཚིག་འདི་འདྲ་འདུག
དོ་རེད། དེ་རིང་དགོང་མོ།
ཐ་ཧ། ཕྲག་དོག
ཐ་གི སྐད་ཅིག་མ།
ཐ་ཚོ། ཆེན་པོ།
ཏི་ཡེ། ཐམས་ཅད།
ཏིང་ཀྱོ། ཆུ་བོ།
ཏིག་མི་མིན། སྐད་ཅིག་མ།
ཡི་ཡོང་། ཡོངས་རྫོགས།
ཡི་མི། ཡོད་པ།
ཡུ་ཏི། ཆང་།
ཟ་ར། རྫས་ནོར།
ཟིན་ཙི། མུ་གེ
ཟོམ་ཤང་། ལྕགས།
ཞིམ་ཙེ། དྲི།
ཚི་ཤ་ཆད་པ། ཡི་ཐང་ཆད་པ།
ཙི་ཏ། སྙིང་།
རྨར་པ། གཙང་མ།
བྱི་ཀུ་ སྒོག་པ།
སྤུང་ཤེ། དབང་པོ།
ནམ་ཤི། རང་བཞིན།
ཐ་རམས། སྒོ་ལྕགས།
ཀ་ལ་ཤ། བདུད་རྩི།
ཁ་ནག། ནག་པོ།