རིག་པའི་གུར་ཁང་།
དེ་རིང་རྒྱ་གར་རྒྱལ་ས་དིལླིར་བསླེབས་སོང་། རྒྱུན་གཏན་བཞིན་བོད་པའི་གཞི་སྒར་དུ་མགྲོན་ཁང་ཞིག་གླས་ནས་བསྡད། དེ་རིང་ཞོགས་པ་ལས་རོགས་དང་ལྷན་དུ་གཞི་སྒར་ནས་མར་ཐོན་ནས་འགྲོ་སྐབས། ཧོབ་ཏེ་རོགས་པས་ས་ཁུལ་འདིའི་མིང་ཇི་ལྟར་ཐོག་ཡོད་པ་ཤེས་སམ་ཞེས་དྲིས་བྱུང་། མི་ཤེས་ཞེས་བརྗོད་ཡིན། ང་རང་ལ་ཆ་མཚོན་ན་ས་ཆ་འདི་ནི་ལོ་བཅུ་ཕྲག་གཅིག་དང་ཕྱེད་ལྷག་གོང་ཆེས་ཐོག་མར་བོད་མིའི་སྐྱབས་བཅོལ་གནས་ལེན་ཁང་དུ་ཞག་སྡོད་བྱས་པ་ནས་བཟུང། འདས་པའི་ལོ་ཟླའི་ནང་ས་ཆ་འདི་བརྒྱུད་ནས་ཡར་འགྲོ་མར་འགྲོ་ཐེངས་མང་བྱས་མྱུང་མོད་ཀྱང། ད་བར་ས་ཆ་འདིའི་མིང་གི་སྐོར་རྒྱུས་ལེན་གང་ཡང་མ་བྱས།
དེ་རིང་ལས་རོགས་ཁོང་གིས་འདི་ལྟར་གསུངས་བྱུང་། ད་ཡོད་ཀྱི་སེག་ཆོས་ལུགས་ཀྱི་མཆོད་ཁང་ཡོད་སར་སྔོན་ས་སྤོ་ཞིག་ཡོད་པ་དང་། དེར་མ་ཇ་ནུ་ཞེས་པའི་གྲུ་བ་ཞིག་གནས་སྡོད་བྱེད་ཅིང་། ཁོང་ནི་དཀོན་མཆོག་གི་ཞབས་ཞུ་བསྒྲུབས་སླད་དུས་རྟག་ཏུ་ཆུ་མོ་ཡ་མུ་ནར་མི་རྣམས་ཕར་ཚུར་སྒྲོལ་རོགས་བྱེད་མཁན་ཞིག་ཡིན་ཞིང། སྐབས་ཤིག་ཁུལ་འདིར་སེག་ཆོས་ལུགས་ཀྱི་བླ་མ་གནས་ངེས་མེད་བ་གུ་རུ་ནཱ་ནག་བྱོན་པས་གྲུ་བ་མ་ཇ་ནུས་གུ་རུ་ཆུ་ཕར་རོལ་ཏུ་ཕེབས་བསྒྲོལ་ཞུས་པས། གུ་རུས་གྲུ་བར་ཁྱེད་ཀྱི་མིང་རྟག་ཏུ་གྲགས་པར་འགྱུར་རོ་ཞེས་གསུངས་པ་རེད་ཅེས་དང་། ས་ཁུལ་འདིའི་མིང་ལ་མ་ཇ་ནུ་ཀ་ཊི་ལ་(Majnu ka Tila)སྟེ་མ་ཇ་ནུའི་ས་སྤོ་ཞེས་པའམ་མ་ཇ་ནུའི་ཁང་པ་ཞེས་པའི་བྱེ་བྲག་མིང་ས་ཁུལ་སྤྱི་ལ་ཐོག་པ་རེད་ཟེེར།
དེང་སང་བོད་པའི་ངག་བརྗོད་ལས་མ་ཇུ་ཊི་ལའམ་བསྡུས་མིང་ཨམ་ཊི་ཞེས་འབོད། ཁོང་གི་གསུངས་པ་དེ་དངོས་འབྱུང་ལ་གནས་མིན་རྩད་དཔྱོད་ཕྲ་བུ་བགྱིས་པས་ཝི་ཀི་རིག་མཛོད་དུ་འདི་ལྟར་གསལ། དེ་ཡང་མ་ཇ་ནུ་ཞེས་པ་ནི་དི་ལླི་ཁུལ་འདི་ཁ་ཆེའི་རྒྱལ་པོའི་དབང་བསྒྱུར་དུས་སྐབས་(1489–1517)སུ་ཨི་རན་རྒྱལ་ཁབ་ནས་ཡིན་པའི་སུ་ཕི་ཆོས་བྱེད་ཀྱི་རྣལ་འབྱོར་བ་ཞིག་ཡིན་འདུག་ཅིང། ཁོང་གི་མཚན་ལ་ཨབ་དུ་ལཱ་ཡིན་མོད་ཀྱང། མི་རྣམས་ཀྱིས་ཁོང་གི་མིང་འདོགས་ལ་མ་ཇ་ནུ་ཞེས་འབོད་པ་གྲགས། མིང་དེ་ནི་བརྩེ་དུང་གི་སྒྲུང་གཏམ་གྲགས་ཅན་ནང་དགའ་པོའི་མིང་དུ་བཀོལ་ཞིང་བརྩེ་དུང་གི་སྨྱོན་པ་ཞེས་པ་རེད་འདུག སེག་ཆོས་ལུགས་ཀྱི་བླ་མ་གུ་རུ་ནཱ་ནག་ཕྱི་ལོ་༡༥༠༥ ཟླ་༠༦ ཚེས་༢༠ ཉིན་ས་ཁུལ་འདིར་ཕེབས་པ་མ་ཟད། ཟླ་འདིའི་ཟླ་མཇུག་བར་བཞུགས། ཕྱིས་སུ་སེག་ཆོས་ཀྱི་རྗེས་འཇུག་པ་དམག་དཔོན་བྷ་ཧིལ་སིང་ཞེས་པས་བླ་མའི་བཞུགས་གནས་རྗེས་དྲན་སླད་མ་ཇ་ནུ་ཀ་ཊི་ལ་ཞེས་གྲུ་བའི་མིང་ཐོག་ནས་སེག་ཆོས་ལུགས་ཀྱི་མཆོད་ཁང་བཞེངས། དུས་རབས་བཅུ་དགུའི་ནང་སེག་རྒྱལ་པོ་རན་ཇིཏ་སིང་གི་ས་ཆ་རྒྱ་ཆེན་ཞལ་འདེབས་ཚུལ་དུ་ཕུལ་པ་གྲགས།
བོད་ལ་དུས་འགྱུར་བྱུང་རྗེས་ཕྱི་ལོ་༡༩༥༩ དང་༡༩༦༠ རེ་གྲངས་ནང་བོད་མི་སྐྱབས་པ་ཚོས་ཐོག་མར་ཆུ་མོ་ཡ་མུ་ནའི་གཡས་གཡོན་ལམ་ཟུར་དུ་སྡོད་སྒར་བཙུགས་ནས་འཚོ་བ་རོལ་འགོ་བརྩམས་ཤིང། ཕྱི་ལོ་༡༩༩༠༦ལོར་རྒྱ་གར་དབུས་གཞུང་ནས་སྡོད་གནས་ཀྱི་ཆོག་མཆན་གནས་བབ་རག་ཀྱང། ཕྱི་ལོ་༢༠༠༦ལོར་གཞུང་ལམ་རྒྱ་སྐྱེད་དང་རྒྱུགས་ཆུ་གཙང་བཟོའི་ལས་འཆར་འོག་གཞི་སྒར་རྩ་གཏོར་བྱེད་རྒྱུ་ཡིན་པ་གྲགས། ཕྱི་ལོ་༢༠༡༢ལོར་དབུས་ཁྲིམས་ཁང་ནས་སྔོན་གྱི་གནས་བབ་བསྐྱར་བཟོ་བྱས། ཕྱི་ལོ་༢༠༡༣ལོར་གཞི་ནས་སྐྱབས་བཅོལ་གཞི་སྒར་གྱི་ཁོངས་ཐོ་ནང་བཅུག དེང་སྐབས་ས་ཁུལ་འདིའི་མིང་བོས་པ་ཙམ་གྱིས་བོད་པའི་གཞི་སྒར་ཡིན་པ་ཤེས་པ་མ་ཟད། གཞི་སྒར་འདི་ནི་སྐྱབས་བཅོལ་བོད་མིའི་གཞི་སྒར་གཞན་དང་མི་འདྲ་བར། བོད་པའི་ཡུལ་གྱར་བ་ཕྱོགས་ཀུན་ནས་འདུ་འཛོམས་བྱེད་སའི་བབ་ཚུགས་ལྟ་བུ་ཞིག་ཡིན།
མ་ཇུ་ཊི་ལར་མི་རེ་ལ་གཏམ་རྒྱུད་རེ་ཡོད་ཅིང། གཏམ་རྒྱུད་རེའི་རྒྱབ་ན་དགའ་སྐྱོ་རེ་ཡོད། ད་ཆ་ས་ཆའི་མིང་བོད་པར་གོ་བའི་འགྱུར་གྲོས་ནང་མིང་དོན་ལའང་འགྱུར་བ་ཕྱིན་ཡོད། སྔོན་ཆད་སུ་ཕིའི་ཆོས་བྱེད་རྣལ་འབྱོར་བ་གྲུ་བ་ཞིག་གི་མིང་གྲགས་མོད་ཀྱང། དེང་གི་ཆར་གནས་འདི་ན་བརྩེ་དུང་གི་སྨྱོན་པ་ཙམ་མིན་པར། དངུལ་གྱི་སྨྱོན་པ་དང། ཆགས་པའི་སྨྱོན་པ་དང། ཚུལ་ཆོས་ཀྱི་སྨྱོན་པ་དང། དགའ་སྐྱོ་ཆགས་སྡང་གི་སྨྱོན་པ་སྣ་ཚོགས་པ་ཞིག་གཅིག་ལས་གཅིག་བྲེལ་གྱི་སྲང་ལམ་སེང་སེང་ཡོད་ཚད་ནས་ཡར་ཐོན་ཞིང། མར་འཛུལ་འགྲོ་བའི་ལྟད་མོ་བལྟ་བས་མི་ངོམས་སོ།། །།
ཕྱི་ལོ་༢༠༡༥ཟླ་༠༥ཚེས་༢༢ཉིན་ཨ་མ་མགྲོན་ཁང་དུ་བྲིས།
རིག་གུར་ལ་ཤིན་ཏུ་བཟང།
མྱི་ཨ་ལུ་འདྲ་ཞིག་གིས་རྩོམ་འབུ་ལུ་འདྲ་ཞིག་བྲིས་འདུག
སྙན་པོ་བྱུང་། ཡིན་ན་ཡང་ཡིག་སྐྱོན་དེ་ཚོ་མངར་མོའི་ནང་དུ་སྐྱུར་མོ་བསྲེས་པ་འདྲ་བོ་འདུག དེས་སང་ས་ཆ་འདིའི་མིང་ལ་བོད་སྐད་དུ་སྒྲ་བཤད་གསར་པ་ཡོད། ཤེས་འདོད་ཡོད་ན་བརྡ་ཐོངས་ཨ།
མྱི་མང་གྲགས་ཅན་ཞིག་གིས་མཆན་སྟུ་སྤུ་འདྲ་ཞིག་སྤེལ་འདུག
ང་ལ་ཡང་འདི་ན་བརྩེ་དུངས་ཀྱིས་སྨྱོས་པའི་སྒྲུང་གཏམ་རིང་པོ་ཞིག་ཡོད། ག་ལེར་བཤད་ཆོག
བསྡུས་མིང་ཨམ་ཊི་འདི། MTསྟེ། ཨེམ་ཊི་་ཡིན་དགོས།
མིང་འདིར་སྔོན་ཞིག་ཟམ་སྟོང་བླ་མས་་་་མ་འཇོན་དྲི་ལེ་ཡར་ཅེས་བཏགས་པར་ཐོས་་་་ནང་དོན་གྲྭ་ས་ནས་མ་འཇོན་པ་དང་་་་་་སློབ་གྲྭ་ན་ནས་མ་འཇོན་པ་དག་གི་བསྟི་གནས་ལྟ་བུར་ཡོད་ཕྱིར་དེ་ལྟར་བཏགས་པ་ལྟར་དོན་ལ་གནས་གི་བསམ་ཡོད་་་་
རྒྱ་གར་གྱི་ས་ཆའི་མིང་རྒྱ་གར་རང་ལ་བཤད་རྒྱ་ཡོད་ཆེ་་། ད་ལྟ་བོད་སྒར་ཆགས་པ་ནས་མིང་མང་པོ་འདུག་། ལོ་རབས་བརྒྱད་བཅུའི་ནང་མ་་འཇོན་དྲེ་ལ་ཟེར་འདུག་། གཞུང་གི་ལས་བྱེད་ཁུང་མ་འཁྱོལ་བ་སྡོད་ས་དང་དང་སྐོབ་ཁུང་མ་འཁྱོལ་བ་སྡོད་ས་དང་སློབ་གྲ་ཁུང་མ་འཁྱོལ་བ་སྡོད་ས་གཞིས་ཆགས་ཁུང་མ་འཁྱོལ་བ་སྡོད་ས་གྲཱ་པ་ཁུང་མ་འཁྱོལ་བ་སྡོད་ས་སོགས་ཁུང་མ་འཁྱོལ་བ་སྡོད་སའི་ས་ལ་མ་་འཇོན་དྲེ་ལ་ཟེར་འདུག་།
དེང་སང་མིང་མང་པོ་འདུག་ལ་ག་རེ་དགོས་ནའང་ས་ཆ་དེ་རང་ནས་དངུལ་ཡོད་ན་ཆ་ཚང་འཛོམས་འདུག་།
དེང་སང་ཁ་སྐད་དུ། མ་འཇོན་བྲེལ་ལ་རེད།
ལ་ལས། གནས་དེར་ ( མ་བྱུང་འགྲོ་ལམ་ ) ཡང་ཟེར། དེ་བཞིན་དུ། ཁན་ན་ཌའི་ཀྲོ་རོན་ཀོར་བོད་མི་ཐོག་མར་གནས་སྡོད་བྱ་ཡུལ་ ཇི་ཕར་སན་ ཞེས་པར་ ( རྗེས་མ་ཟིན་) ཡང་ཟེར། གང་ཡིན་ཟེར་ན། རྒྱ་གར་སོགས་ནས་གསར་དུ་འབྱོར་བའི་བོད་མི་རྗེས་མ་ཟིན་པ་དག་གནས་སྡོད་བྱས་ཤིང་། རིམ་པས་རྗེས་ཟིན་མཚམས་ས་ཁུལ་གཞན་དག་ཏུ་གནས་སྤོས་བྱས་པས་སོ།
སྡོམ་བརྩོན་དམ་པས་སྡོམ་པ་དེ་ནས་འཁྱོལ། །
ཚོང་དཔོན་མགོ་བདེས་མགོ་བོ་དེ་ནས་སྐོར། །
འཁྱལ་མོའི་ཚོགས་ཀྱིས་ལུས་པོ་དེ་ནས་ཚོང་། །
ཡོད་ཚད་བརླགས་དང་ཚོང་བའི་འདུ་ར་ཞིག །
ཕོ་ཧྲང་ཚོགས་ཀྱིས་དུད་ནག་དེ་ནས་འཐེན། །
མོ་ཧྲང་ཚོགས་ཀྱིས་ནད་རིགས་དེ་ནས་རྙེད། །
གནས་སྡོད་ཚོགས་ཀྱིས་ཆང་དུ་དེ་ནས་ཚོང་། །
འཁྱལ་སྤྱོད་མང་པོས་བྲེལ་འཚུབ་དེ་ན་བྱེད། །
བཀྲ་ཤིས་སྒྲོལ་མར་ཟུར་དུ་ཁྱོག་སྟོང་མང་། །
བསོད་ནམས་རྡོ་རྗེ་ནམ་སྟོང་ཇག་ལ་ཆས། །
ཁྱོ་ཤུག་ཕན་ཚུན་ཡིད་ཆེས་ཉུང་རབ་ཐོས། །
བཟའ་ཚང་ཁ་ཁར་གཏོང་བའི་ཁྱིམ་གཞིས་ཞིག །
ཕྱིར་སྐྱོད་ལག་འཁྱེར་བཙོང་བའི་ཚོང་བ་མང་། །
གཡུ་བྱུར་ཚོང་དཔོན་ཕྱག་མཛོད་དེ་ན་འདུར། །
སྟག་གཟིག་པགས་ཚོང་བྱེད་པའི་ཉེས་པ་ཅན། །
ཇུས་ངན་སྣ་ཚོགས་ལྡན་པའི་ཁྲོམ་ར་ཞིག །
ཡོད་པ་ཐམས་ཅད་སྐྱོན་ཡང་མ་ཡིན་ཏེ། །
ཨ་མ་ཟ་ཁང་ནང་གི་རྒྱ་ཐུག་དང་། །
ཏཱ་ར་མགྲོན་ཁང་ནང་གི་སྣེ་ལེན་མའི། །
ཞིམ་མངར་བཅུད་དང་འཛུམ་ལ་བདག་ཉིད་དགའ། །
་་་་་མ་ཇ་ནུ་ཀ་ཊི་ལ་(Majnu ka Tila)་་་་་
M ནི། Majnu
T ནི། Tila