ནང་པའི་ལྟ་སྤྱོད་ཀུན་བཏུས་ནས་བླངས།
(ནེའུ་རྗེར་སི་རུ་ཡོད་པའི་ཁལ་མུག་གི་སོག་པོའི་ནང་པའི་ཆོས་ཚོགས་ལ་སྩལ་བའི་བཀའ་སློབ།)
ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པའི་གཟུངས་སྔགས་འདི་བགྲང་ན་ཡག་པོ་ཡོད་ཅིང་། དེ་བགྲང་སྐབས་དེའི་དོན་ལ་བསམ་བློ་ངེས་པར་དུ་གཏོང་དགོས། གང་ཡིན་ཟེར་ན། ཡིག་འབྲུ་དྲུག་པོའི་དོན་དེ་ཟབ་པོ་དང་རྒྱ་ཆེན་པོ་ཡོད། དང་པོ་ཨོཾ ་ཞེས་པར་ཡི་གེ་ཨ་དང་ཨུ། མ་བཅས་གསུམ་བསྡུས་ཡོད། འདི་རྣམས་ཀྱིས་ཉམས་ལེན་པའི་མ་དག་པའི་ལུས་ངག་ཡིད་གསུམ་དང་། དེ་བཞིན་སངས་རྒྱས་ཀྱི་དག་པའི་སྐུ་གསུང་ཐུགས་མཚོན་གྱི་ཡོད། མ་དག་པའི་ལུས་ངག་ཡིད་གསུམ་དག་པའི་ལུས་ངག་ཡིད་གསུམ་གྱི་ངོ་བོར་བསྒྱུར་ཐུབ་བམ། ཡང་ན་འདི་ཉིད་རྩ་བ་ནས་ཐ་དད་པ་ཡིན་ནམ་ཞེ་ན། སངས་རྒྱས་ཐམས་ཅད་སྔོན་སྐབས་ཤིག་ན་ང་ཚོ་ལྟ་བུ་ཡིན་པ་དང་། དེ་ནས་ལམ་ལ་བརྟེན་ཏེ་བྱང་ཆུབ་ཀྱི་གོ་འཕང་ཐོབ་པ་ཞིག་ཡིན་པ་ལས། ནང་པའི་ཆོས་ནང་ཐོག་མ་ཉིད་ནས་སྐྱོན་ཀུན་ཟད་དང་ཡོད་ཏན་ཀུན་ལྡན་ཞིག་བཞེད་ཀྱི་མེད། དག་པའི་ལུས་ངག་ཡིད་གསུམ་ནི། མ་དག་པའི་ངོ་བོ་རྣམས་རིམ་པས་དོར་ནས་དག་པའི་ངོ་བོར་འགྱུར་པ་ལས་འབྱུང་བ་ཡིན།
འདི་ཇི་ལྟར་བསྒྲུབ་དགོས་ཤེ་ན། དེ་ཉིད་སྒྲུབ་པར་བྱེད་པའི་ལམ་ནི་ཡིག་འབྲུ་ཕྱི་མ་བཞིས་མཚོན་གྱི་ཡོད། མ་ཎི་ཞེས་པ་ནོར་བུའི་དོན་ཡིན་ལ། འདིས་ཐབས་ཀྱི་ཆ་བྱང་ཆུབ་ཀྱི་སེམས་དང་། སྙིང་རྗེ་། བྱམས་པ་བཅས་མཚོན་གྱི་ཡོད། ནོར་བུར་དབུལ་ཕོངས་སེལ་བའི་ནུས་པ་ཡོད་བཞིན་དུ། བྱང་ཆུབ་ཀྱི་སེམས་ལའང་སྲིད་ཞིའི་རྒུད་པ་མཐའ་དག་སེལ་བའི་ནུས་པ་ཡོད། དེ་བཞིན་ནོར་བུས་སེམས་ཅན་གྱི་རེ་བ་སྐོང་བ་བཞིན་དུ། བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་སེམས་ཅནག་གྱི་རེ་བ་སྐོང་གི་ཡོད། པདྨ་ཞེས་པའི་ཡིག་འབྲུ་གཉིས་པོ་མེ་ཏོག་པདྨའི་དོན་ཡིན་ལ། དེས་ཤེས་རབ་མཚོན་གྱི་ཡོད། པདྨ་དེ་འདམ་ལས་སྐྱེས་ནའང་འདམ་གྱི་སྐྱོན་གྱིས་མ་གོས་པ་བཞིན་དུ། ཤེས་རབ་ལའང་རང་ཉིད་འགལ་འདུ་མི་ཡོང་བའི་སར་འཇོག་པའི་ནུས་པ་ཡོད་ལ།
གལ་ཏེ་ཤེས་རབ་མེད་ན་འགལ་འདུ་ཡོང་གི་ཡོད། ཤེས་རབ་ལ་མི་རྟག་པ་རྟོགས་པའི་ཤེས་རབ་དང་གང་ཟག་རང་རྐྱ་བའམ་རྫས་ཡོད་ཀྱིས་སྟོང་པ་གཉིས་རྟོགས་པའི་ཤེས་རབ། རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་རྟོགས་པའི་ཤེས་རབ་བཅས་ཤེས་རབ་ལ་རིགས་མི་འདྲ་བ་དུ་མ་ཞིག་ཡོད་རུང་། གཙོ་བོ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ཡིན།
ཡིག་འབྲུ་ཐ་མ་ཧཱུྃ་གིས་ངོ་བོ་དབྱེར་མེད་བསྟན་པ་དང་། དེས་རང་རྒྱུད་ཀྱི་སྐྱོན་དག་པ་དེ་ངེས་པར་དུ་ཐབས་ཤེས་དབྱེར་མེད་ལ་བརྟེན་ནས་ཐོབ་དགོས་པ་མཚོན་གྱི་ཡོད། མདོ་ཕྱོགས་ལྟར་ན།འདི་ལྟ་བུའི་ཐབས་ཤེས་དབྱེར་མེད་ནི་ཐབས་ཀྱིས་ཟིན་པའི་ཤེས་རབ་དང་། ཤེས་རབ་ཀྱིས་ཟིན་པའི་ཐབས་ལ་གོ་བ་དང་། སྔགས་སམ་རྒྱུད་ཀྱི་ཐེག་པ་ལྟར་ན། དེ་ཉིད་ཐབས་ཤེས་ངོ་བོ་དབྱེར་མེད་ཀྱི་ཆ་ཡོངས་སུ་རྫོགས་པའི་རྣམ་པར་ཤེས་པ་གཅིག་ལ་གོ་ རྒྱལ་བ་རིགས་ལྔའི་ས་བོན་གྱི་ཡིག་འབྲུ་ལྟར་ན། ཞེས་པ་དེ་ནི་གང་གིས་ཀྱང་རྒྱུད་དཀྲུགས་མི་ནུས་ཤིང་། མི་གཡོ་བའི་རྒྱལ་བ་མི་བསྐྱོད་པའི་ས་བོན་གྱི་ཡིག་འབྲུ་ཡིན། དེས་ན་ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པའི་ཡིག་འབྲུ་དྲུག་པོས་ཐབས་ཤེས་དབྱེར་མེད་ཟུང་འབྲེལ་གྱི་ལམ་གྱི་ཉམས་ལེན་ལ་བརྟེན་ནས་རང་ཉིད་ཀྱི་མ་དག་པའི་ལུས་ངག་ཡིད་གསུམ་སངས་རྒྱས་ཀྱི་དག་པའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྒྱུར་ཐུབ་པ་བསྟན་གྱི་ཡོད། སངས་རྒྱས་ཀྱི་གོ་འཕང་དེ་ཕྱི་ནས་བཙལ་མི་དགོས་པར། དེ་ཐོབ་པའི་རྒྱུའམ། ནུས་པ་ནི་རང་གི་རྒྱུད་ལ་ཡོད་པ་གསུངས། རྗེ་བཙུན་བྱམས་མགོན་གྱིས་ཐེག་པ་ཆེན་པོའི་རྒྱུད་བླ་མའི་ནང་ལ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་ཆས་སུ་སངས་རྒྱས་ཀྱི་རིགས་ཡོད་པར་གསུངས་ཡོད་པས་སངས་རྒྱས་ཀྱི་ངོ་བོ་ཡོངས་སུ་རྫོགས་པ་འགྲུབ་རྒྱུའི་དག་པའི་ས་བོན་དེ་བཞིན་གཤེགས་པའི་སྙིང་པོ་དེ་ང་རང་ཚོ་སོ་སོའི་རྒྱུད་ལ་ཡོད།
(གསལ་བཤད། བཀུར་འོས་སྒོམ་སྡེ་ལྷ་རམས་པ་ལགས་ནས་མ་ཎིའི་འགྲེལ་བཤད་མདོར་བསྡུས་བ་དང་གོ་བདེ་བ། འགྲེལ་བ་རྫོགས་པ་ཞིག་བྲིས་འདུག་པ་ཐེངས་འགར་བྐླགས་རྗེས།
ངེད་ཀྱི་སེམས་ངོར། ྐློག་པ་པོ་རབ་འབྲིང་ཐ་གསུམ་ཡོད་པར་བརྟེན། ༧གོང་ས་མཆོག་གི་བཀའ་སློབ་སྟབས་བདེ་བ་འདི་དང་སྒོམ་སྡེ་ལགས་ཀྱི་ཟབ་པ་དེ་གཉིས་ཀ་དྲ་ངོས་སུ་ཡོད་ན།
ཟབ་ས་འཇུ་མཁན་དང་སྟབས་བདེ་ལ་འཇུ་མཁན་གཉིས་ཀར་ཕན་ཐོགས་ཅུང་ཟད་ཡོང་གི་རེད་བསམ་ནས་བྲེལ་བྲེལ་འཚུབ་འཚུབ་ཞིག་གི་ྐློང་ནས་ཡི་གེར་བཏབས་པ་ཡིན།
ྐློག་མཁན་རེ་ཟུང་ལ་ཕན་ཐོགས་པའི་རེ་བ་ཡོད། དེ་ཙམ་ཞུ།)
མ་ཎིའི་གོ་དོན་འདི་ལྟར་བཀྲལ་ན་གོ་རྒྱུ་དང་སྒོམ་རྒྱུ་གཉིས་ཀ་འདུག དེ་བཞིན་ཁ་སང་གངས་གཡག་ཟེར་བ་ཞིག་གིས་མ་ཎིའི་འགྲེལ་བ་ཞིག་བྲིས་འདུག་མོད། དེ་དུས་གོ་རྒྱུ་མེད་པ་འདྲ་བོ་ཞིག་ཏུ་མཐོང་མོད། ད་༧གོང་ས་མཆོག་གི་འགྲེལ་བཤད་འདི་མཇལ་དུས་གངས་གཡག་ལགས་ཀྱིས་གསུངས་པ་ཡང་འདི་དང་གནད་གཅིག་ཆགས་འདུག་པས། དྲ་གྲོགས་རྣམས་ཀྱིས་གཟིགས་དང་བློ་བསྐྱེད་ཡོང་བ་ཁོ་ཐག་རེད། སྒོམ་སྡེ་ལགས་ཀྱིས་གསུངས་པ་ཡང་ཡིན་རྒྱུ་རེད་མོད། དྲང་དོན་དང་ངེས་དོན་གཉིས་སུ་འགྲེལ་རྒྱུ་ཡོད་ན་མ་གཏོགས། སྒོམ་སྡེ་ལགས་ཀྱིས་གསུངས་པ་ལྟར་ཡིན་ན་ཟབ་མོ་གང་ཡང་མིན་པར་བྱིས་པས་རྩེད་རྡོ་བསྒྲིགས་པ་ལྟ་བུ་ཞིག་ལས་མེད་དོ།།
འདི་ལྟར་འགྲེལ་བཤད་གནང་ན་ངོ་མ་མ་ཎི་ཡིག་དྲུག་གི་ནང་དོན་དེ་འདྲའི་རྒྱ་ཆེན་པོ་དང་། ཟབ་མོ་ཡིན་པས་ངེས་ཤེས་སྐྱེ་ཡི་འདུག
མ་ཎིའི་འགྲེལ་བཤད་བྲིས་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་པའི་མི་མང་གི་ཁྲོད་དུ་མ་ཎི་འདོན་མཁན་
ཤིན་ཏུ་མང་ལ་དུང་ཕྱུར་མང་པོ་འདོན་མྱོང་མཁན་ཡང་ཡོད། འོན་ཀྱང་དོན་འགྲེལ་ཤེས་མཁན་
ཉུང་ཉུང་ཡིན།