གཞིས་རྩེ་བུ་ཆུང་ཚེ་རིང་།
ང་ནི་མ་ཎི་རྡོ་ཕུང་ཞིག་ཡིན།
གཏམ་རྒྱུད་སྙན་པའི་མ་ཎིའི་རྡོ་ཕུང་ཞིག་དང་།
མཐོ་སྒང་ཡུལ་ན་འགྱིངས་པའི་གཡོ་མེད་ཀྱི་དཔང་པོ་ཞིག
ཡིད་དུ་འོང་བའི་ངའི་བང་རིམ་རེ་རེ་ན།
མི་རབས་སྟོང་གི་དར་རྒུད་བརྩིགས་ཡོད་ཅིང་།
ལྷམ་མེར་འཛུམ་པའི་ཡིག་འབྲུ་རེ་རེ་ལ།
མི་རབས་དུ་མའི་ལོ་རྒྱུས་མེ་ལོང་གསལ།
གསོན་དང་།
གངས་ཅན་གྱི་གཞོན་ནུ་ཚོ།
གལ་ཏེ་ཁྱེད་ཀྱིས་ཉན་ཤེས་ན་མེས་པོའི་ཁ་ཆེམས་ཐོས་ངེས་ལ།
གཟིགས་ཐུབ་ན་ཕ་མེས་ཡང་མེས་ཀྱི་མཛུབ་རིས་ཀྱང་མཐོང་།
མ་ཟད།
རྒྱལ་ཁབ་ཅིག་གི་མངའ་ཐང་།
མི་རིགས་ཤིག་གི་ལས་དབང་།
སྙིང་སྟོབས་དང་ལ་རྒྱ།
ཆོད་སེམས་དང་ཕུགས་འདུན་ནི་དེ་བས་ཀྱང་ལྷམ་མེར་མངོན།
གཟིགས་དང་།
གངས་ཅན་གྱི་གཞོན་ནུ་ཚོ།
ང་ནི་མ་ཎི་རྡོ་ཕུང་ཙམ་ཞིག་མ་ཡིན་ལ།
ངས་ཁྱེར་ཡོད་པའང་འདས་དོན་འབའ་ཞིག་ག་ལ་ཡིན།
ངས་ད་ལྟའི་འཕོ་འགྱུར་དང་།
མ་འོངས་པའི་རེ་འདུན་སྙིང་ལ་བཅངས་ནས།
མི་ལོ་སྟོང་ཕྲག་དུ་མའི་རིང་།
དགུན་གྱི་ཁ་བ་བུ་ཡུག་ཁྱད་དུ་བསད་ཅིང་།
དཔྱིད་ཀྱི་ལྷགས་པར་བཙན་གྱིས་འཐབས།
དབྱར་གྱི་ཆར་པས་མནར་བའང་གྲངས་ལས་འདས་ན་ཡང་།
འབྱུང་འགྱུར་གྱི་རེ་བ་ཁོ་ནའི་ཆེད་དུ།
གངས་ཅན་གྱི་གཞོན་ནུ་ཁོ་ནའི་སླད་དུ།
ད་བར་འགྱིང་ངེར་གནས་ཤིང་།
བརྟན་པོར་ཚུགས།
ཀྱེ་ཀྱེ།
མཐོ་སྒང་གི་གཞོན་ནུ་ཚོ།
ཁྱེད་རྣམ་པའི་མི་ཚེའི་ནང་དུ་ཡང་།
དྲག་ཆར་རླུང་འཚུབ་འཕྲད་སྲིད་ལ།
ཡི་ཐང་ཆད་པའི་དུས་ཀྱང་ཡོང་ངེས་པས།
དེ་དུས།
མ་ཎི་རྡོ་ཕུང་ང་དྲན་པར་བགྱིས་ཏེ།
གོམ་གང་མདུན་བགྲོད་ཀྱིས་མི་རིགས་ཀྱི་ཕུགས་འདུན་བསྐྲུན་དགོས་པ་ལས།
རེ་སྒུག་དང་སྟོང་བསམ་རྐྱང་པས་ཅི་ཡང་སྒྲུབ་མི་ཐུབ།
ང་ཚོར་རྒྱང་རིང་མཐོང་བའི་སྤྱན་ཟུང་དགོས་ལ།
མདུན་དུ་སྙེག་པའི་རྐང་ཆུང་ནི་དེ་བས་མཁོ།
ང་ཚོར་བདེན་དོན་སྨྲ་བའི་ཁ་ལྕེ་དགོས་ལ།
རང་སྲུང་ཐུབ་པའི་ལག་གཉིས་ནི་དེ་བས་ཀྱང་མཁོ།
ལར་ནས།
འདས་དོན་ནི་ཇི་ཙམ་ལྟ་ན་སྡུག་ཀྱང་།
ཕྱིར་ལོག་ཐབས་བྲལ་བས།
ང་ཚོའི་ལག་ཏུ་ཡོད་པ་ནི།
ད་ལྟ་དང་མ་འོངས་པ་ཁོ་ན་ཡིན།
དེས་ན།
ཁྱེད་ཚོས་དཀའ་སྤྱད་ཀྱི་སྙིང་སྟོབས་དང་།
བདེན་དོན་གྱི་རྣམ་དཔྱོད་ལ་བརྟེན་ནས།
བོད་མི་རིགས་ཀྱི་ཕུགས་འདུན་སྒྲུབ་པར་མཛོད་ཅིག
གངས་ཅན་གྱི་གཞོན་ནུ་ཚོ།
མཐོ་སྒང་གི་བདག་པོ་ཚོ།
༢༠༢༣།༥།༢༨