རྫ་ཚེ་རིང་བཀྲ་ཤིས།
མགོན་པོ་སྤྱན་རིས་གཟིགས་ལ་ཕྱག་འཚལ་ལོ། །
༡༽གླེང་གཞི།
དེ་ཡང་། ལྷ་རམས་པ་འཇམ་དཔལ་བློ་ཤེར་མཆོག་འཕགས་ཡུལ་ན་ཡོད་དུས་དགེ་སློང་མའི་སྡོམ་རྒྱུན་སྐོར་ལ་ཚགས་ཤོག་ཐོག་ལྷ་རམས་པ་རིན་ཆེན་དངོས་གྲུབ་དང་རྩོད་གླེང་གནང་བསྡད་པ་ཞིག་དྲན། ཁོང་གཉིས་མཐར་སུ་ཁེ་སུ་ཕམ་ནི་མ་ཤེས།
དེ་རྗེས་ཐེངས་གཅིག་ཁོང་བཞུགས་བསྒར་དུ་གསུང་ཆོས་ལ་ཕེབས་འདུག གསུང་ཆོས་སྦྱིན་བདག་མ་ཡིན་པ་མགྱོགས་གྲལ་ཡིན་པས་གཙུག་ལག་ཁང་གི་བར་ཁྱམས་ཀྱི་ཀ་བ་ཞིག་གི་འགྲམ་དུ་འདུག་ས་མཉམ་དུ་ཁེལ་བ་བཞིན། ཉིན་གཉིས་གསུམ་རིང་དབང་ལུང་ཁྲིད་གསུམ་མང་པོ་ཞིག་མཉམ་དུ་ཞུས་པའི་ཆོས་གྲོགས་སུ་གྱུར།
དེ་ནས་ཁོང་བོད་དུ་ཕེབས་ཤིང་། སྙན་པ་དང་ཕྲིན་ལས་རྒྱས། འོན་ཀྱང་ཁོ་བོ་ནི། རིས་མེད་ཀྱི་ཐོས་པ་ཅུང་ཟད་བྱས་པས། བསྟན་པའི་རབས་དང་། གསར་རྙིང་མཁས་པའི་གསུང་ལ་ཆོས་རྒྱུས་ཕྲན་བུ་ཡོད་པ་ཙམ་ལས་གཞན་གང་ཡང་མེད་མཁན་ཞིག་ཡིན།
སྐབས་དོན་། ཁོང་གིས་བརྩམས་པའི་མ་ཎིའི་དག་ཆའི་སྐོར་གྱི་རྩོམ་ཡིག་ཅིག་འདུག་པ་དེར། པཎྜི་ཏའི་ཐུགས་མཉམ་མ་བཞག་པའི་སྐྱོན་ཡིན་ནམ། བརྒྱ་ཆའི་གོ་དགུ་ཙམ་ནོར་འདུག་པས་གཞན་དག་གོ་ནོར་ཐེབས་སུ་དོགས་ནས་ལུང་རིགས་དཔང་བཞག་གིས་ལན་འདི་འདྲ་ཞིག་བྱས་སོ། །
དེ་ཡང་། རྡོ་གྲུབ་བསྟན་པའི་ཉི་མས་《ཐུགས་ཆེན་ཡི་གེ་དྲུག་པའི་སྐོར་ཚོ་སྣ་ཚོགས་ཕྱོགས་བསྡེབས་མཐོང་བ་དོན་ལྡན་》དུ་གསུངས་པ་ལྟར། རིག་སྔགས་ཀྱི་རྒྱལ་པོ་མ་ཎི་ནི་བོད་ཁ་བ་ཅན་གྱི་ཆོས་སྐལ་ཐུན་མོང་མ་ཡིན་པ་ཡིན་པས་མ་ཎིའི་དག་ཆ་ཤེས་རྒྱུ་དང་། འབྲུ་དོན་རགས་པ་རེ་རྟོགས་རྒྱུ་ནི་བོད་མི་ཚང་མའི་དོན་དག་ཡིན་མོད། རང་ལ་མཚོན་ན་ཡང་། རང་ལོ་ཉི་ཤུ་རྩ་གྲངས་སྐབས་དཔལ་དགེའི་མ་ཎིའི་གསེབ་ནས། ཀྱཻ་འཕགས་པ་ནོར་བུ་པདྨ་ཅན། ཞེས་པའི་འབུར་བརྐོས་ཞིག་མཇལ་རྗེས་གཞི་ནས་མ་ཎིའི་འབྲུ་དོན་ལ་དོ་སྣང་བསླེབས་པ་ཡིན།
ང་ཚོ་དཔེ་ཆ་བ་ཚོས་གཞུང་ཆེན་ལ་ལྟ་ཁུལ་བྱེད་ན་ཡང་། ཉེ་འཁོར་གྱི་ཉེར་མཁོའི་རྒྱུན་ཤེས་མང་པོ་ཞིག་ལ་དོ་སྣང་མི་བྱེད་པའི་སྐྱོན་ཆེན་པོ་ཞིག་ཡོད། དེའི་སྟབས་ཀྱིས་ཕྱི་མི་ཚོས་ནང་ཆོས་ཀྱི་རྒྱུན་ཤེས་སྟབས་བདེ་དེ་འདྲ་དྲིས་པར་ཡང་། མཁན་པོ་དགེ་བཤེས་ཚུད་པའི་དཔེ་ཆ་བ་ཚོས། ལན་མི་ཐེབས་པ། ལན་ལོག་པར་འདེབས་པ། སྤོམ་ཡོར་གྱི་ལན་འདེབས་པ། འབྲེལ་མེད་ཀྱི་ལན་འདེབས་པ། སྣང་ཆུང་དུ་བསྐྱུར་བ་སོགས་མཐོང་རྒྱུ་ཡོད།
༢༽ ཡིག་དྲུག་དང་ཡིག་བདུན།
དེ་ཡང་ཁོང་གིས། ༼ཡིག་དྲུག་ཏུ་འདོན་པ་དགེ་ལུགས་དང་། བདུན་དུ་བཟོས་ནས་འདོན་པ་རྙིང་ལུགས་ཡིན་ཞེས་འགྲེལ་བཤད་རྒྱག་བཞིན་འདུག ༽(འོག་ཏུ་རྟགས་འདིའི་༼༽ནང་བཅུག་པ་དག་ཁོང་གི་གསུང་ཡིན་ལ། ཚིག་སྣ་ཕྲན་བུ་སྟུངས་པ་ལས་དོན་ལ་བཅོས་ལྷད་གཏན་ནས་མེད) གསུངས།
ངས་བསམ་ན། དེ་ནི་ལན་མི་དགོས་པའི་སུན་འབྱིན་དུ་འདུག་པས་ཁྱེད་ཀྱིས་ཡ་ལན་གནང་མ་འོས། རྙིང་མའི་གྲོང་ཆོག་པ་དཀྱུས་མ་ཞིག་ཡིན་ཡང་། འབྲུ་དྲུག་ཅན་གྱི་སྒྲུབ་ཐབས་ཧ་ཅང་མང་པོ་ཁོང་ཚོའི་ཁ་ལ་བྱང་ནས་ཡོད་པས་འབྲུ་དྲུག་གཞན་ལུགས་སུ་འདོད་པའི་རྙིང་མ་གཤའ་མ་ཞིག་མེད་ངེས།
༣༽ གཏེར་ཚེག་དགོས་མེད་ཡིན་ནམ་མིན།
ཡང་ ༼ཟུར་གྱི་གཏེར་རྟགས་སམ་རྣམ་བཅད་དགོས་མེད་དུ་སྦྱར་བ་སོགས་མ་དག་རྒྱུན་འབྱམས་སུ་སོང་བ་༽ཞེས་གསུངས།
འདིར་ཁོང་གིས་རྡོ་རྗེ་འཆང་གི་སྔགས་གསུང་དུས་གཏེར་ཚེག་མེད་ན་གཏེར་ནས་ཕྱུངས་དུས་གཏེར་ཚེག་ཡོད་མི་ཆོག་དགོངས་པ་འདྲ། དེ་འདྲ་མ་རེད། གཏེར་ཤོག་གི་ཡི་གེ་མང་ཆེ་བ་བཙན་པོའི་སྐབས་ཀྱི་ཡིག་རྙིང་རེད། ཡིག་རྙིང་ལ་སྒོར་ཐིག་གཉིས་བརྩེགས་འདི་ཤད་ཀྱི་དོད་ཡིན་པ་ལ། རྗེས་སུ་གཏེར་ཆོས་ཀྱི་མཚོན་རྟགས་སུ་སྤྱད་པ་རེད།
གུས་པས་ལོ་ཉི་ཤུའི་གོང་བཤུ་བྲིས་བྱེད་མྱོང་བའི་བཙན་པོའི་དུས་ཀྱི་ཡིན་ངེས་ཀྱ་ིཕ་ཡུལ་གྱི་སྒོ་མདོའི་བྲག་བརྐོས་སོགས་སུ་ཡང་སྒོར་ཐིག་གཉིས་བརྩེགས་འདི་ཤད་ཀྱི་དོད་དུ་སྤྱད་འདུག དེ་བཞིན། སྨོན་ལམ་ཚིག་མཛོད་དུ་ཡང་། གཏེར་ཚེག་འདི་ཡིག་རྙིང་གི་འབྲི་སྲོལ་ཡིན་ཞེས་བླ་མ་སོག་ཟློག་པ་གསུངས་པ་ཤིན་ཏུ་བདེན་ཞེེས་དགེ་ཆོས་ཀྱིས་གསུངས། ཞེས་བཤད།
གཏེར་ཆོས་ཡིན་ན་གཏེར་ཚེག་ཡོད་པས་ཁྱབ་བ་ཡང་མེད། ད་དུང་གཏེར་ཚེག་ལ་ཡང་སྒོར་ཐིག་གཉིས་ཿ འདི་བཀོལ་བ། ཀློང་ཆེན་སྙིང་ཐིག་ལྟ་བུ་དང་། སྒོར་ཐིག་གོང་འོག་གི་བར་དུ་འཕྲེད་ཤད་༔ཡོད་པ་ཀར་གླིང་ཞི་ཁྲོ་ལྟ་བུ་རིགས་གཉིས་ཡོད།
དེས་ན། ཤད་ནི་གཅོད་མཚམས་མཚོན་རྟགས་ཙམ་ཡིན་པས། འདི་དགོས་མི་དགོས་དང་དེའི་དབྱིབས་ཤད་ཤད་དང་རིལ་རིལ་གང་དགོས་དེ་ཚོ་ཡིག་གཟུགས་འགྱུར་འགྲོས་ཀྱི་སྐད་ཆ་ཞིག་ལས་སྔགས་རང་གི་ངོ་བོར་འབྲེལ་བ་མེད། དཔེར་ན། མ་ཎི་ཡིག་དྲུག་རྒྱ་ཡིག་ཏུ་འབྲི་སྐབས་ཤད་དང་རྣམ་གཅོད་གང་ཡང་ཡོང་ཐབས་མེད་ཀྱང་དེས་སྔགས་ལྷད་ཅན་དུ་མི་འགྲུབ་པ་དང་འདྲ།
༤༽ མདོ་རྒྱུད་ཕལ་ཆེར་གཏེར་མ་ཡིན།
ཡང་༼གཏེར་མ་ནི་གུ་རུ་རིན་པོ་ཆེ་བོད་དུ་ཕེབས་ནས་བྱུང་བ་མ་གཏོགས་མེད་ཅིང་། ཡིག་དྲུག་ནི་དེའི་སྔོན་ནས་བཀའ་བསྟན་དུ་བྱུང་ཟིན་པས། གཏེར་མ་ཡིན་ལུགས་ཤིག་མེད་ལ། ༽ཅེས་གསུངས།
བཀའ་མོལ་འདི་རྦད་དེ་ནོར་འདུག གཏེར་མ་ཟེར་དུས་སྔར་ཡོད་པ་ཞིག་གཏེར་དུ་སྦས་ནས་བཏོན་པ་ཁོ་ན་ཡིན་དགོས། མེད་པ་ཞིག་གཏེར་དུ་སུས་སྦ། མ་སྦས་པ་ཞིག་སུས་འདོན། གཏེར་མ་ཡང་དག་ཅིག་ཡིན་ན། རྡོ་རྗེ་འཆང་དང་། གུ་རུ་སོགས་ཀྱིས་གསུངས་ཟིན་པ་ཞིག་ཡིན་དགོས་པར་ངེས། དཔེར་ན། རྟ་མགྲིན་ཡང་གསང་གི་སྔགས་ལྟ་བུར་མཚོན་ན། དེ་གཏེར་ནས་འདོན་མཁན་གྱིས་བརྩམས་པ་མ་རེད། སངས་རྒྱས་ཀྱི་གསུང་གུ་རུས་གཏེར་དུ་སྦས་པ་གཏེར་སྟོན་གྱིས་བཏོན་པ་རེད།
ལར་བཀའ་བསྟན་ཕལ་ཆེ་བ་གཏེར་དུ་མ་སོང་བ་མེད་པ་ལྟ་བུར་བཞེད་དེ། རིས་མེད་བསྟན་པའི་ཤིང་རྟ་འཇམ་མགོན་ཀོང་སྤྲུལ་གྱིས། མཆོག་གི་དངོས་གྲུབ་བརྙེས་པ་རིམ་པར་བྱོན་པ་རྣམས་ཀྱིས་གསང་འདུས་བདེ་དགྱེས་དུས་འཁོར་གཙོ་བོར་གྱུར་པའི་རྒྱུད་སྡེ་སྤྱན་དྲངས་པ་ཐམས་ཅད་ཟབ་གཏེར་ཁོ་ན་ཡིན། ཞེས་གསུངས།
དེ་བཞིན། ཐུའུ་ཀྭན་རིན་པོ་ཆེས་སུམ་པ་མཁན་ཆེན་ལ་ཕུལ་བའི་ཀེ་ཏ་ཀའི་ཕྱི་དོར་ལས། བསོད་ནམས་ཐམས་ཅད་བསྡུད་པའི་ཏིང་ངེ་འཛིན་གྱི་མདོའི་ཚིག ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཆོས་ཀྱི་གཏེར་རི་སུལ་དང་ཤིང་གི་ནང་ན་བཅུག་པ་དག་ཡོད་དེ། གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ། །ཞེས་པ་དྲངས་ནས་དེའི་མཇུག་ཏུ། ཞི་བྱེད་ཀྱི་རྒྱུད་དུར་ཁྲོད་དཔལ་གྱི་རྒྱུ་སྐར་རོལ་པ་ནས་ཕ་དམ་པས་གདན་དྲངས་པ། མ་ཧཱ་མ་ཡའི་རྒྱུད་ཨུ་རྒྱན་ནས་ཀུ་ཀུ་རི་པས་ཕྱུངས་པ། སེང་གདོང་སྒྲུབ་སྐོར་རྡོ་རྗེ་གདན་གྱི་ཤར་ཕྱོགས་ཕ་བོང་གཡག་འདྲ་བའི་འོག་ནས་རྡོ་རྗེ་གདན་པ་དང་། བ་རི་ལོ་ཙས་ཕྱུངས་པ། འཇམ་དབྱངས་བཞད་པས་མ་གཅིག་གི་ལུང་བསྟན་གཏེར་དུ་བཞེས་པ་སོགས་དཔེ་མཚོན་དང་བཅས། གཏེར་ཆོས་ནི་རྙིང་མ་ཁོ་ནར་མ་ཟད། རྒྱ་གར་དང་བོད་ཀྱི་གྲུབ་མཐའ་ཐམས་ཅད་ལ་ཡོད། ཅེས་དང་། ཐུའུ་ཀྭན་གྲུབ་མཐའ་ལས། གཏེར་ཆོས་རྒྱ་གར་དུའང་བྱུང་ཞིང་། བོད་ཀྱི་གྲུབ་མཐའ་གཞན་ལའང་ཡོད་པས་གཏེར་ཆོས་ཐམས་ཅད་རྙིང་མའི་ཆོས་སུ་བྱེད་པ་ནི་ཐོས་རྒྱ་ཆུང་བའི་སྐྱོན་ནོ། །ཞེས་གདམས་སོ། །
ཆོས་ཀྱི་གཏེར་སྦས་པ་དང་འདོན་པའི་ཚུལ་འདི་འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་ལས་ཤིན་ཏུ་གསལ་བར་གསུངས་ཏེ་འདིར་མ་དྲངས།
དེ་བཞིན། རྒྱ་ནག་ཏུ་ཡང་སྔ་མོ་ནས་བྱུང་སྟེ། རྒྱའི་ནང་ཆོས་ཁྲོད་ཤུགས་རྐྱེན་ཆེ་ཤོས་ཡིན་པའི་བསྟན་བཅོས་རབས་དྲུག་སྟེགས་མདོའི་(六祖壇經)ལེའུ་བདུན་པར། འོད་སྲུང་ནས་གཏད་རབས་སོ་གསུམ་བར་བརྒྱུད་པའི་སྣམ་སྦྱར་སློབ་དཔོན་ཧི་ནིང་(六祖惠能638-713 )གིས་སྤྲུལ་བའི་བཙུན་པ་ཧྥང་པེན་(方辯)ལ་གནང་བ་ཁོང་གིས་དེའི་སུམ་ཆ་གཅིག་ཏ་ལའི་ལོ་མས་བཏུམ་ནས་གཏེར་དུ་སྦས་ཏེ། མ་འོངས་གོས་འདི་སུས་ཐོན་པ། །དེ་ནི་ང་ཡི་སྤྲུལ་བ་སྟེ། །ས་འདིའི་བདག་པོ་བྱས་ནས་སུ། །བསྐྱར་དུ་གཙུག་ལག་ཁང་བཞེངས་བྱེད། །ཅེས་ལུང་བསྟན་གཏད་རྒྱ་མཛད་པ། དེ་ནས་ལོ་སུམ་རྒྱ་ལྷག་གི་རྗེས། སུང་རྒྱལ་རབས་ཅཱ་ཡོའུ་(宋嘉祐) ་ཁྲི་ལོ་བརྒྱད་པར་(公元1060) ། བཙུན་པ་ཝེ་ཞིན་གྱིས་སྔར་གྱི་ལུང་བསྟན་ལྟར་ཆོས་གོས་བཏོན་ནས་དགོན་པ་བཞེངས་ཞེས་འབྱུང་བ་ནི། རྫས་དང་ཆོས་ཀྱི་ཁྱད་པར་ལས་གཏེར་རང་རེད།
༥༽ བཀའ་གཏེར་བྱིན་རླབས་གང་ཞིག་ཆེ།
ཡང་༼གཏེར་མ་ཡིན་ན་བྱིན་རླབས་ཆེ་བ་དང་གཏེར་མ་མིན་པས་བྱིན་རླབས་ཆུང་བ་མིན༽ཞེས་གསུངས།
སྤྱིར་གཏེར་ཆོས་རང་གིས་ཆེ་བ་རྩལ་དུ་འདོན་པའི་སྐབས་སུ། གཏེར་ཆོས་བཏོན་མ་ཐག་པ་དེ། འགྲོ་དོན་དུས་སུ་སྨིན་པ་སོགས་བྱིན་རླབས་ཀྱི་ཚན་ཁ་ཆེ་ལུགས་ཤིག་གསུང་རྒྱུ་ཡོད་མོད། གཏེར་ཆོས་ཀྱིས་དམིགས་བསལ་ནུས་པ་ཐོན་ཡུལ་ལ་ཡང་ཆོས་བདག་དང་ལས་འཕྲོའི་འབྲེལ་བ་སོགས་ཀྱི་ཆ་རྐྱེན་མེད་པའང་མིན།
འོན་ཀྱང་། བཀའ་གཏེར་གང་ཡིན་ཡང་། བྱིན་རླབས་ཆེ་ཆུང་གཙོ་བོ་གང་ཟག་སྒེར་ལ་རག་ལས་པས་བྱིན་རླབས་ཆེ་ཆུང་གི་སྐོར་འདི་མ་བརྩད་ནའང་ཆོག་ལ། མདོ་རྒྱུད་རང་ངོས་ནས་ནི་གཏེར་དུ་སོང་རུང་མ་སོང་རུང་བྱིན་རླབས་འདྲ་འདྲ་ཡིན་པར་ཁས་ལེན་ན་གནོད་པའང་མ་མཐོང་།
སེར་བྱེས་གྲྭ་ཚང་གི་ཡི་དམ་རྟ་མགྲིན་ལྟ་བུར་མཚོན་ན་ཡང་། འབྲེ་ཤེས་རབ་བླ་མ་སོགས་ཀྱིས་ཡེར་པའི་བྲག་ནས་བཏོན་ཏེ་གཉགས་སྟོན་ལ་ཤོག་སེར་གྱི་ཐོག་ནས་བཤད། རྗེས་སུ་གྲུབ་ཐོབ་འདར་ཕྱར་པས་གཉགས་ལ་ཤོག་སེར་ཆིག་བརྒྱུད་དུ་ཡོད་པ་གསན་ནས་ཞུས་པ་སོགས་ནི། ཁྱེད་ཀྱང་གཏེར་ཆོས་དེ་ཀ་ཉམས་ལེན་གནང་མཁན་ཞིག་ཡིན་པའི་ཆ་ནས་ཐུགས་རྒྱུས་ལོས་ཡོད་དེ། འདིའི་སྐོར་ངེས་ཤེས་འདྲོངས་པ་ཞིག་དགོངས་ན་ནི། རྡོ་གྲུབ་བསྟན་ཉིས་མཛད་པའི་《ལས་འཕྲོ་གཏེར་གྱི་རྣམ་བཤད་ཆེན་མོ》སོགས་ལས་མཁྱེན་དགོས་སོ། །
༦༽ཨཱོྃ་ལ་ཟླ་ཕྱེད་མེད་པ་མིན།
ཡང་༼དག་ཆ་ལ་རྨོངས་ཏེ། (ཨཱོྃ་)ཡིག་གི་མགོའི་ཟླ་ཕྱེད་དང་འོག་གི་འ་ཆུང་ལྷག་པ་༽ཞེས་གསུངས།
དེ་ཡང་། སྤྱན་རས་གཟིགས་རྩ་རྒྱུད་པདྨའི་དྲ་བའི་ཚལ་པ་དང་སྡེ་དགེའི་དཔེ་མཐུན་པར་མ་ཎིའི་ཨོཾ་ལ་ཟླ་ཕྱེད་འདུག་ལ། ཚལ་པའི་གཟུངས་འདུས་དང་། རྡོ་རྗེ་གུར་གྱི་མ་ཎི་ལ་ཡང་ཟླ་ཕྱེད་འདུག་པས་ཟླ་ཕྱེད་འདི་ལྷག་སྐྱོན་མིན་པར་ངེས་མོད། ཇོ་བོས་མཛད་པའི་སྒྲུབ་ཐབས་སོགས་མེད་སའང་མཐོང་ངོ་། །
༧༽ ཨོཾ་ལ་འ་ཆུང་ཡོད་མེད་གཉིས།
ཉེ་ཆར་བདག་གིས་རྩོམ་ཡིག་འདི་ཐོག་མར་འཕྲིན་སྟེགས་སུ་འགོད་སྐབས། ༼ཨོཾ་ལ་འ་ཆུང་མེད་པ་འདི་རྒྱུད་དང་སྒྲུབ་ཐབས་ཀུན་མཐུན་པར་འདུག་༽ཅེས་བྲིས་པར་མ་ཟད། དགེ་བཤེས་ལགས་ཀྱི་གསུང་དག་ལས་༼འདི་ཁོ་ན་དགེ་བཤེས་ལགས་་བདེན་པར་འདུག་༽ཅེས་ཞུས་པ་ཡིན་ན་ཡང་། ནི་ཕྲན་གྱི་སྐད་ཆ་དེར་ཡང་ཞིབ་ཆ་མ་ཐོན་པའི་ཆ་ཅུང་ཟད་འདུག་པ་མཐོང་ནས། རང་ངོས་ནས་བརྗོད་གཞི་འདི་ལ་བསྐྱར་ཞིབ་ཕྲན་བུ་ཞིག་བྱེད་པ་ཡིན་ལ། དགེ་བཤེས་ལགས་ལ་བདེན་ཁ་ཉག་མ་གཅིག་ཕུལ་བ་དེ་ཡང་ཕྱིར་འཐེན་མ་ཞུས་ཐབས་མེད་ལྟ་བུར་སོང་ངོ་། །
དེ་ཡང་། སྔ་འགྱུར་རྒྱུད་སྒྱུ་འཕྲུལ་གསང་སྙིང་ལས། ཨ་ནི་རྣམ་སྣང་འ་མི་སྐྱོད། ན་རོ་རིན་ཆེན་འབྱུང་ལྡན་ཏེ། ཟླ་ཚེས་སྣང་བ་མཐའ་ཡས་ལ། །ཐིག་ལེ་དོན་ཡོད་གྲུབ་པའོ། །ཞེས་དང་། དེའི་འགྲེལ་པ་ཀློང་ཆེན་གྱིས་མཛད་པ་སོགས་སུ་ཡང་ཨོཾ་འ་ཆུང་ཡོད་པ་འདི་ཉིད་འབྱུང་་བ་དང་། དེ་ལས་གཞན་པའི་གཏེར་ཆོས་ངེས་ཅན་ཞིག་ཏུ་ཡང་འ་ཆུང་ཡོད་པ་འདི་ཉིད་འབྱུང་བ། དཔེར་ན། རྒྱལ་དབང་ལྔས་མཛད་པའི་བྱང་གཏེར་འགྲོ་བ་ཀུན་སྒྲོལ་གྱི་ལས་བྱང་དུ། འབྲུ་དྲུག་གི་ཨོཾ་འ་ཆུང་མེད་པ་དང་། འབྲི་བཅུ་པའི་སྐབས་སུ་འ་ཆུང་ཡོད་པ་དེ་བྲིས་ཡོད་ཅིང་། དེའི་དབང་དུ་བཏང་ན་ཨོཾ་འ་ཆུང་ཡོད་པ་འདི་འདྲ་ཞིག་ཡོད་པ་གསལ་པོར་འདུག་ འོན་ཀྱང་། དེ་རྒྱུ་མཚན་དུ་བྱས་ནས་ཡོངས་ཁྱབ་ཀྱི་དབང་དུ་ཨོཾ་ལ་ངེས་པར་འ་ཆུང་ཡོད་དགོས་པར་ནི་མི་བསམ་ཏེ། དེ་ཡང་། ཐུན་མོང་གི་དབང་དུ་བྱས་ན་སྔགས་གསར་མའི་རྒྱུད་དང་སྒྲུབ་ཐབས་ཕལ་མོ་ཆེར་མ་ཟད། སྔ་འགྱུར་གྱི་རྒྱུད་ཡེ་ཤེས་རྔམ་པ་ཀློག་གི་མཁོར་ལོའི་མདོའི་སྣར་ཐང་དང་སྡེ་དགེ་དཔེ་མཐུན་པར་ཨོཾ་འ་ཆུང་མེད་པ་འབྱུང་བ་དང་། དེ་བཞིན། སྨིན་གླིང་གཏེར་ཆེན་དང་འཇུ་མི་ཕམ། དཔལ་སྤྲུལ་དང་རྡོ་གྲུབ་བསྟན་པའི་ཉི་མ་བཅས་ཚང་མས་མ་ཎི་ཨོཾ་མེད་པ་རང་བྲིས་པ་ཤས་ཆེ་ཞིང་། གཏེར་མཛོད་སོགས་སུའང་ཕལ་མོ་ཆེ་འ་ཆུང་མེད་པ་རང་ཡིན་པ་དང་། ཐ་ན་རིག་འཛིན་འཇིགས་གླིང་གིས་དགོངས་འདུས་རྣམ་བཤད་དུ། ཨོཾ་ལ་འ་ཆུང་ཡོད་པའི་སྐོར་ལ་ཆེད་དུ་རྩོད་སྒྲུབ་གནང་ཡོད་ན་ཡང་། ཁོང་ཉིད་ཀྱི་གཏེར་བྱོན་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གཏར་གཞུང་རྩ་བར། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གྲངས་ཀྱི་བསྙེན་པ་བྱེ་བ་གཅིགཿ ཅེས་ཨོཾ་འ་ཆུང་མེད་པ་བྲིས་གནང་འདུག་པ་དང་། ཐུགས་ཆེན་ཡང་སྙིང་འདུས་པའི་རྒྱུད་ཀྱི་ཆོས་དབང་གཏེར་བྱོན་དབུ་མེད་ཀྱི་མ་དཔེར་ཨོཾ་ལ་འ་ཆུང་འདུག་མོད། འཚམས་བྲག་དཔར་མའི་དབུ་ཅན་མ་དཔེ་ལ་འ་ཆུང་མི་འབྱུང་བ་བཅས་ཡིན་པས་སྤྱིར་བཏང་གི་དབང་དུ་འ་ཆུང་མེད་པ་རང་གཙོ་བོར་འཛིན་པར་རིགས་སོ། །
ཡང་གསང་བ་སྙིང་པོ་སོགས་སུ་རིགས་ལྔའི་མཚོན་དོན་གྱི་ཨོཾ་ལ་འ་ཆུང་འབྱུང་བའི་རྒྱུ་མཚན་གྱིས། སྐབས་དང་སྔགས་ཐམས་ཅད་ལ་དེ་ལྟར་སྦྱོར་དགོས་པ་གཏན་ནས་མི་འགྲུབ་པས་རྙིང་ལུགས་ཀྱི་ཡིག་ཆ་ཁག་གི་ཨོཾ་ཐམས་ཅད་འ་ཆུང་ཡོད་པ་ལྟར་འབྲི་དགོས་པའི་བསམ་ཚུལ་ནི་ཅིས་ཀྱང་འཛིན་མི་རུང་སྟེ། འོག་ཏུ་འཆད་འགྱུར་ལྟར། དེ་རིགས་ནི་རྒྱུད་དང་མན་ངག་གི་བྱེ་བྲག་གི་དགོངས་པར་འཛིན་པ་རང་བདེ་ཤིང་། སྒྱུ་འཕྲུལ་དུ་བཅོམ་འདས་འདས་ཤཱཀྱ་ཐུབ་པ་བཞེངས་སྟབས་དང་མཁར་བསིལ་སྣམ་པའི་ཆ་ལུགས་སུ་འབྱུང་བའི་རྒྱུ་མཚན་གྱིས་སྔ་འགྱུར་ལུགས་ལ་ཤཱཀྱ་ཐུབ་པའི་ཆ་ལུགས་དང་ཕྱག་མཚན་ཡིན་ནི་དེ་འདྲ་ཞིག་ཡིན་དགོས་ཞེས་ཨུ་ཚུགས་དགོས་དོན་མེད་པ་དང་འདྲ།
དོན་དངོས་ཀྱི་ཐོག་ནས་ཀྱང་། མ་ཎི་འདིའི་ཁུངས་གཙོ་བོ་ནི་རྩ་རྒྱུད་པདྨའི་དྲ་བ་སོགས་གསར་རྙིང་ཐུན་མོང་དུ་གྲགས་པའི་རྒྱུད་དག་ཡིན་པ་སྨོས་མེད་དང་། མ་ཎི་ཡང་སྔ་འགྱུར་གྱི་སྒེར་ཆོས་ལྟ་བུ་མ་ཡིན་པས་འདིའི་འབྲི་སྟངས་དང་དག་ཆ་ནི་ཡོངས་གྲགས་དང་ཐུན་མོང་ཉིད་གཙོ་བོར་བཟུང་བའི་ཐོག ཐུན་མིན་གྱི་འཆད་སྟངས་དག་ཀྱང་དོན་ལ་མི་འགལ་བར་ཉ་ཉུང་མཉམ་བསྲེ་མིན་པར་སྐབས་ཤན་ཕྱེས་ཏེ་འཛིན་པ་ནི་མཐའ་གཉིས་སྤངས་པའི་མཇུག་ཚུལ་ཡང་དག་པའོ་ཞེས་ཁོ་བོ་སྨྲ་བ་ཡིན་ནོ། །
༨༽ ཧཱུྃ་གི་ཟླ་ཕྱེད་ལྷག་སྐྱོན་མིན།
ཡང་༼(ཧཱུྃཿ)གི་མགོའི་ཟླ་ཕྱེད་ལྷག་ཅིང་། ཧཱུཾ་ཡིག་ཡོད་ཚད་ལ་རྒྱུ་མཚན་མེད་པར་མགོ་ལ་ཟླ་ཕྱེད་དང་ཐིག་ལེ་སྦྱར།༽ ཞེས་གསུངས།
མ་ཎིའི་ཧཱུྃ་ལ་ཟླ་ཕྱེད་ཡོད་པ་འདི། རྩ་རྒྱུད་པདྨའི་དྲ་བ། ཟ་མ་ཏོག་བཀོད་པ། རྒྱུད་ཀྱི་གཟུངས་འདུས། རྡོ་རྗེ་གུར། ཇོ་བོས་མཛད་པའི་སྒྲུབ་ཐབས་བཅས་ཀྱི་ཚལ་པ་དང་སྡེ་དགེའི་དཔེ་མཐུན་པར་འབྱུང་།
ལར་ཚལ་པ་བཀའ་འགྱུར་ནི་བུ་སྟོན་གྱིས་ཞུས་དག་གནང་བ་དང་། སྡེ་དགེའི་བཀའ་འགྱུར་གྱི་མ་དཔེར་ཡང་། སི་ཏུ་པན་ཆེན་ཀྱིས་རྒྱུ་མཚན་མང་པོ་བགྲངས་ནས་འདི་འདེམས་གནང་བ་ཡིན་པས་ཚལ་པ་དང་སྡེ་དགེའི་བཀའ་འགྱུར་ལས་ཡིད་གཏོན་རུང་བའི་མ་དཔེ་ཞིག་གངས་ཅན་ན་མེད།
དེའི་ཕྱིར། བོད་ཀྱི་བཀའ་འགྱུར་རིན་པོ་ཆེ་འདི་ཞུས་བསྒྲིགས་བྱེད་ཐེངས་གཉིས་སུ། འཕགས་ཡུལ་གྱི་པཎ་ཆེན་ཆེ་ཤོས་དེ་ཚོའི་ཁ་ཡ་ཡོང་ངེས་ཀྱི་མཁས་པ་བུ་སྟོན་དང་སི་ཏུ་པན་ཆེན་གཉིས་ཀྱིས་ཞུས་ཆེན་པའི་འགན་བཞེས་ཐུབ་པ་ནི། སྐབས་དེ་དང་དེའི་སྦྱིན་བདག་ཆོས་རྒྱལ་དག་གི་གཟིགས་རྒྱང་དང་། བོད་འདིར་སྤྱི་མཐུན་གྱི་ཆོས་བསོད་ཆེན་པོ་ཡོད་པ་མིན་ན་ཅི་ཡིན་སྙམ་དུ་ཕྲན་ལ་ལན་མང་སེམས་འགུལ་ཐེབས་མྱོང་།
ལུང་གི་དབང་དུ་བྱས་ན་ཡང་། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། ཧཱུ་ལ་ཟླ་དུམ་ཐིག་ལེས་བརྒྱན། །ཞེས་གསུངས་པ་འདིས་ཧཱུྃ་གི་དག་ཆ་ལ་ཟླ་ཕྱེད་འབྲི་རུང་བར་བདེན་དཔང་སྟོབས་ལྡན་ཞིག་གནང་ཟིན་པས་ད་ནས་༼རྒྱུ་མཚན་དང་གོ་རྒྱུ་མེད་པར་མགོ་ལ་ཟླ་ཕྱེད་དང་ཐིག་ལེ་སྦྱར་༽ཞེས་མ་གསུངས་ཤིག
༩༽ ནཱ་ད་དགོས་མིན་སྐབས་ཀྱིས་འབྱེད།
ཁྱེད་ཀྱི་གོང་གི་༼གོ་རྒྱུ་མེད་པར་ཟླ་ཕྱེད་དང་ཐིག་ལེ་སྦྱར་༽ ཞེས་པའི་བཀའ་མོལ་འདིར་བལྟས་ན། ཐིག་ལེ་ཡང་འདོར་དགོས་གསུངས་པ་འདྲ་སྟེ། ཐིག་ལེ་མེད་ན། ཧུ་ཧཱུྃ་དུ་འགྱུར་ཐབས་མེད་པས་ཁྱེད་ཀྱིས་ཐིག་ལེ་དང་ནཱ་ད་ནོར་བ་འདྲ། དེ་ཡིན་ན། ཧཱུྃ་ལ་ནཱ་ད་ཡོད་པ་ནི། འཇིགས་བྱེད་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་དང་། རྡོ་སྦིས་ཤེས་རབ་རྒྱ་མཚོས་མཛད་པའི་འཇིགས་བྱེད་རྫོགས་རིམ་གྱི་ཁྲིད་ཀྱི་བརྗེད་བྱང་གཉིས་ཆར་ལས། ཧཱུྃ་ཡིག་ཟླ་ཚེས་ཐིག་ལེ་ནཱ་ད་དང་བཅས་པ། ཞེས་གསུངས་པ་འདི་ཅི་ལྟར་འགྲེལ།
སེར་བྱེས་དཔེ་མཛོད་ཀྱི་མ་དཔེར། སྐབས་དེའི་གསལ་འདེབས་རྒྱུའི་ ཧཱུྃ་ཚང་མར་ནཱ་དང་ཟླ་ཕྱེད་གཉིས་ཆར་མེད་པ་ནི་ཧཱུྃ་ཐིག་ལེ་ནཱ་ད་ཅན་གྱི་དམིགས་རིམ་འཆད་སྐབས་ཧཱུྃ་ཡང་དེ་ག་རང་འབྲི་དགོས་པ་སྐབས་དོན་དུ་རིགས་པས་གྲུབ་པས། ཞུས་དག་གི་སྐྱོན་ཡིན།
ཟླ་བ་ཉི་མ་སྒྲ་གཅན་གསུམ་མཚོན་པའི་ཧཱུྃ་གི་མགོ་ཡིག་འདི་ལ། བསྡུས་རྒྱུད་དུ། ཡི་གེ་ཉིད་ནི་དག་པའི་སྐུ་སྟེ་དབྱངས་དང་བྲལ་བའི་ཆ་དང་ཐིག་ལེ་ནཱ་ད་རིམ་པ་ཡིས། ཞེས་ཀྱང་གསུངས།
འོན་ཀྱང་། ནཱ་ད་འདི་རྩ་རྒྱུད་པདྨའི་དྲ་བ་སོགས་སུ་མི་འབྱུང་ལ། རྫོགས་རིམ་གྱི་བསྡུད་དམིགས་དང་འབྲེལ་བ་ཤས་ཆེ་བས་མ་ཎི་ཡོད་ཚད་ཀྱི་ཧཱུྃ་ལ་སྦྱོར་དགོས་པ་ཞིག་མིན་མོད། ནོར་བ་རེད་ཅེས་སྨྲ་བར་མི་བྱའོ། །
༡༠༽ འབྲུ་བདུན་འཐད་པའི་ལུང་རིགས།
ཡང་༼ཡིག་དྲུག་ཡིག་འབྲུ་བདུན་དུ་བཟོས་ཏེ། གཞུང་ལུགས་རྣམ་དག་གི་ཁུངས་དང་རིགས་པའི་རྒྱབ་རྟེན་གང་ཡང་མེད་པར་བླུན་པོའི་ངག་སྒྲོས་ལ་ཡིད་ཆེས་ཀྱིས་གཟུངས་སྔགས་ལ་བཅོས་སླད་བྱེད༽ཅེས་གསུངས།
སྐབས་འདིར་ཁོང་གིས། འབྲུ་བདུན་མ་འདི་བླུན་པོས་རང་བཟོ་དང་རིས་ཆོད་ཡིན་པ་དང་། ལུང་རིགས་མེད་པ་གཉིས་ཀྱིས་དགག་པ་གནང་འདུག
མ་ཎི་ལ་ཡིག་འབྲུ་རྡོག་མ་དྲུག་ལས་མེད་པས་དེའི་ནང་ལ་ཡི་གེ་གཅིག་གི་མང་སྐྱོན་བྱུང་ན་དེ་ནི་རྩམ་པ་རྒྱ་མ་བདུན་གྱི་ནང་བྱེ་མ་རྒྱ་མ་གང་འདྲེས་པའི་གནད་དོན་ཞིག་ཡིན་པས། ཧཱུྃ་ལ་ཟླ་ཚེས་ཡོད་མེད་དང་། བཀའ་གཏེར་བྱིན་རླབས་ཆེ་ཆུང་གི་རྩོད་པ་ལ་ལྟོས་ན་སྐར་རྟགས་ཅན་གྱི་དོགས་འདྲི་གལ་ཆེན་ཞིག་ཆགས་ཀྱི་ཡོད་སྟབས། འདི་ངེས་པར་གསལ་པོ་བཟོ་དགོས།
ལར་ཁོང་གིས་བཞེད་པའི་༼ལུང་གི་ཁུངས་དང་གཞུང་རྣམ་དག་གི་རྒྱབ་རྟེན་༽གྱི་ཚད་དེ་ཏག་ཏག་ཤེས་དཀའ་ཡང་། འདིར་གུས་པས་སྐབས་ཀྱི་སྒྲུབ་བྱེད་དུ་འགྲོ་ངེས་ཀྱི་རྒྱུད་དང་སྒྲུབ་ཐབས་ཀྱི་ཁུངས་རེ་རེ་ནས་འགོད་པར་བྱ་སྟེ།
༡༡༽ རྙིང་རྒྱུད་གཏེར་ཆོས་འབྲུ་བདུན་ཡོད།
ཐོག་མར། སྔ་འགྱུར་གྱི་དབང་དུ་བྱས་ན།
དང་པོ།༽ (མཚམས་བྲག་རྙིང་རྒྱུད་)ཐུགས་ཆེན་ཡང་སྙིང་འདུས་པ་ཡེ་ཤེས་རིག་པ་མཆོག་གི་གསང་རྒྱུད་ལས། ཐུགས་རྗེ་ཆེན་པོ་ཐམས་ཅད་ཀྱི། །ཡང་སྙིང་འདུས་པ་འདི་ལྟ་སྟེ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཕྱ་ིན་སྲོག་སྦས་ཞི་བའི་ཚུལ། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །ཞེས་དང་། ནང་ལྟར་ཟབ་མོ་སྐུ་གསུམ་རྫོགས། །ཡི་གེ་ཅུ་གཅིག་བདུད་བཞི་འཇོམས། ཞེས་དང་། གསང་བ་ཡང་སྙིང་སྲོག་མཐའ་ཅན། བདེ་གཤེགས་ཡང་སྙིང་ཡི་གེ་བདུན། །ཞེས་རིམ་པ་ལྟར་ཕྱི་འབྲུ་དྲུག་དང་། ནང་འབྲུ་བཅུ་གཅིག གསང་བ་འབྲུ་བདུན་དུ་བཟླ་ཚུལ་སོགས་འབྱུང་།
རྒྱུད་འདིར་གུ་རུ་ཆོས་དབང་དང་པད་གླིང་གི་ཐུགས་ཆེན་ཡང་སྙིང་འདུས་པ་དང་ཐུགས་ཆེན་མུན་སེལ་སྒྲོན་མེའི་ཆ་ལག་ཏུ་དྲངས་པའི་གཏེར་མ་ཡང་བཞུགས།
གཉིས་པ།༽ ཆོས་དབང་གི་ཐུགས་ཆེན་ཆོས་སྐོར་ལས་ཀྱང་འབྲུ་དྲུག་འབྲུ་བདུན་གཉིས་ཆར་འབྱུང་།
རྙིང་མའི་གཏེར་སྟོན་ཚང་མའི་ནང་ནས་ཉང་དང་ཆོས་དབང་ཟུང་ནི། ཐུའུ་ཀྭན་གྲུབ་མཐའ་ལས། མངའ་བདག་ཉང་ཉི་མ་འོད་ཟེར་དང་གུ་རུ་ཆོས་ཀྱི་དབང་ཕྱུག་གཉིས་ལ་གཏེར་སྟོན་གོང་འོག་གཉིས་ཞེས་ཉི་ཟླ་ལྟ་བུའི་གཏེར་སྟོན་གྱི་རྒྱལ་པོར་བྱེད། ཅེས་གསུངས་པ་དེ་ཡིན་པས། གལ་ཏེ་གཏེར་ཁ་གོང་འོག་གཉིས་ཀྱང་ཁུངས་སུ་མི་ཆེ་ན་དེ་ནས་རྙིང་མར་གཏེར་ཆོས་ཡང་དག་ཅེས་པ་ཞིག་རྙེད་དུ་མེད།
མ་ཟད་གུ་རུ་ཆོས་དབང་ནི་བསྟན་པ་ལ་ཚད་མར་གྱུར་པའི་མཁས་པ་བུ་སྟོན་སོགས་ཀྱིས་རྩོད་མེད་དུ་བསྔགས་ཚུལ་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་གསུངས་ལ། བུ་སྟོན་རང་གི་གསན་ཡིག་《བླ་མ་དམ་པ་རྣམས་ཀྱི་རྗེས་སུ་བཟུང་བའི་ཚུལ་བཀའ་དྲིན་རྗེས་སུ་དྲན་པར་བྱེད་པ་》ཞེས་པའི་ལེའུ་གཉིས་པར་ཡང་། ཆོས་དབང་གི་གཏེར་ཆོས་མང་པོ་ཞིག་ཆོས་དབང་གི་དངོས་སློབ་བླ་མ་ཚུལ་ཁྲིམས་དཔལ་བཟང་པོའི་མདུན་ནས་ཞུས་པ་གསུངས་འདུག
གསུམ་པ།༽རང་རེའི་རིགས་ཀྱི་བདག་པོ་བླ་མ་སྤྱན་རིས་གཟིགས་ཀྱིས་གཙིགས་ཆེར་མཛད་པའི་རྡོ་གྲུབ་བསྟན་པའི་ཉི་མའི་ཡིག་དྲུག་སྐོར་ཚོ་ལས། གཏེར་མའི་ཕྱོགས་སུ་ཡིག་བདུན་མང་ལ། དེའི་རྒྱུ་མཚན་ཡང་། བྱང་གཏེར་ལས། ཕྱི་ནི་སྲོག་སྦས་ཞི་བའི་ཚུལཿ །ཡི་གེ་དྲུག་པ་རྡོ་རྗེའི་སྒྲཿ ཞེས་པ་ནས། གསང་བ་སྲོག་གི་མཐའ་རྟེན་ཅནཿ སྙིགས་མའི་དུས་སུ་སྲོག་མཐར་རྟེནཿ ཞེས་གསུངས། ཞེས་སོགས་གསུངས་ལ། རྡོ་གྲུབ་རང་གིས་ཀྱང་མ་ཎི་འབྲུ་བདུན་མའི་སྒྲུབ་ཐབས་བརྩམས་གནང་འདུག
བྱང་གཏེར་ནི་རིག་འཛིན་རྒོད་ལྡེམ་གྱི་གཏེར་ཁའི་སྤྱི་མིང་སྟེ། ཐུགས་ཆེན་འགྲོ་བ་ཀུན་སྒྲོལ་ནི་བྱང་གཏེར་གྱི་ཐུགས་ཆེན་སྐོར་གྱི་དགོས་མིང་ཡིན། ལྔ་བ་ཆེན་པོས་མཛད་པའི་འགྲོ་བ་ཀུན་སྒྲོལ་གྱི་ལས་བྱང་ཕན་བདེའི་འབྱུང་གནས་ལས་ཀྱང་གཏེར་གཞུང་དང་མཐུན་པར་འབྲུ་བདུན་བཟླ་ཚུལ་གསུངས།
བཞི་བ།༽ ཡང་ལྔ་བས་མཛད་པའི་སྒྲུབ་ཐབས་སྲིད་ཞིའི་གདུང་སེལ་ལས། སྐབས་འགར་། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཡི་གེ་བཅུ་མ་ཡང་བཟླ་བར་བྱའོ། ཞེས་གསུངས། སྒྲུབ་ཐབས་འདི་བྱང་གཏེར་གྱི་ཆ་ལག་ལྟ་བུ་དེ་འདྲ་མིན།
ད་ནི་༼བླུན་པོ་ངོ་མཚར་སྐྱེ་བའི་མཁས་ཉམས་ཀྱི་འགྲེལ་བཤད་ལྟར་སྣང་རྒྱག་ཁུལ་བྱས་པ་༽ ཞེས་མི་གསུང་བར་ཞུ།
༡༢༽ གསར་མའི་རྒྱུད་དང་སྒྲུབ་ཐབས་ཁུངས།
ད་ནི་སྔགས་གསར་མའི་རྒྱུད་དང་མཁས་གྲུབ་དག་གི་གསུངས་པའི་ཁུངས་འགོད་དེ།
དང་པོ།༽ རྡོ་རྗེ་གུར་ལས། (སྤྱན་གཟིགས་ཀྱི་སྔགས་ཀྱི་སྐབས) ཨོཾ་མ་ཎི་པདྨེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཧཱུྃ་གི་རྗེས་ལ་ཕཊ་དང་ད་དུང་སྭཱ་ཧཱ་ཡང་བསྣན་ནས་དགུ་བཟོས་འདུག འདི་ཡང་བཅོས་ལྷད་རེད་གསུང་ངམ།
གཉིས་པ།༽ ཇོ་བོས་མཛད་པའི་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་གསང་བ་འདུས་པའི་རིམ་པས་བསྒྲུབས་པ་ལས།
ཨོཾ་ཨཿཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ།ཞེས་བྱ་བའི་སྔགས་བཟློས་ཤིང་། ཞེས་མགོ་ལ་ཨོཾ་ཨཱཿགཉིས་དང་། མཇུག་ཏུ་ཧཱུྃ་གཅིག་སྟེ་གསུམ་འདུག་པ་འདི་ཅི་ལྟར་འགྲེལ།
གསུམ་པ།༽ རྗེ་འཇམ་དབྱངས་བཞད་པས་མཛད་པའི་གསང་འདུས་ཐུགས་ཆེན་གྱི་མ་ཎི་རིལ་སྒྲུབ་དགེ་ལེགས་ཆར་འབེབས་ལས། མཉམ་མེད་ཇོ་བོའི་འཇིག་རྟེན་དབང་ཕྱུག་སྒྲུབ་ཐབས་ལས། ་་་་ཨོཾ་ཨཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ། ཞེས་བྱ་བའི་སྔགས་བཟླས་ཤིང་། ཞེས་གསུངས་པ་ནི་རྒྱུད་དང་པན་གྲུབ་སྔ་མའི་མན་ངག་གནད་ཅན་དུ་སྣང་ལ། ཞེས་ཇོ་བོའི་བཞེད་པ་རྒྱུད་དང་མན་ངག་གི་དགོངས་པ་ཡིན་ཞེས་གསུངས་འདུག་པ་འདི་ཡང་། ༼རྒྱུ་མཚན་གཞན་མ་རྙེད་ཚེ་བླ་མའི་མན་ངག་ཡིན་ཞེས་བཤད་ཚོད་འདུག༽ཅེས་གསུངས་རྒྱུ་ཨེ་ཡིན།
བཞི་བ།༽ གསང་འདུས་དང་འབྲེལ་བའི་སྒྲུབ་ཐབས་དེ་ལས་གཞན། ཇོ་བོས་མཛད་པའི་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་པའི་ཐབས་ཞེས་པ་ལས། ཨོཾ་ཨཿཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ་ཧྲཱིཿསྭཱ་ཧཱ། ཞེས་བྱ་བ་གཡོན་སྐོར་དུ་བཀོད་དེ། ཞེས་སླར་ཡང་གསར་པ་གསུམ་བསྣན་འདུག དེའི་ནང་ལ་ད་དུང་དམིགས་བསལ་ཧྲཱི་ཡང་དུག བསྟན་འགྱུར་ཁོ་ནར་ཡང་སྤྱན་རསགཟིགས་ཀྱི་སྒྲུབ་ཐབས་ཉིས་བརྒྱ་ཡས་མས་བཞུགས་པས་ད་དུང་མང་པོ་ཡོད་ངེས་ཏེ། འཚོལ་བའི་ངལ་བ་མ་བྱས་ལགས།
གུས་པ་སྒེར་ངོས་ནས་ཁྱེད་ལ་གུས་ཞབས་ཅི་བས་ཆེ་ན་ཡང་། ལུང་དང་རིགས་པས་རང་ལ་གུས་ཞབས་མེད་པ་གནང་ན་ང་ལ་ཐབས་ཤེས་མི་འདུག་གོ ཀུ་རེ་ཡིན།
༡༣༽ མན་ངག་ལུགས་ཀྱང་འཐད་པ་ཡིན།
དྲང་མོར་ཞུས་ན། མདོ་རྒྱུད་ཀྱི་བསྟན་དོན་ཉིད་མཁས་གྲུབ་རྣམས་ཀྱིས་རང་གི་རྟོགས་པ་དང་སྦྱར་ནས་ཚིག་དང་སྡེབས་པ་ཅུང་མི་འདྲ་ཡང་དོན་གྱི་གནད་མི་ཉམས་པའི་ཐོག་ནས་གནང་བ་ལ་མན་ངག་གི་ལུགས་ཟེར། མདོ་རྒྱུད་ནི་གསེར་ལིང་མ་ཞིག་ཡིན་ན། མན་ངག་ནི་གསེར་དེ་ཉེར་སྤྱད་དུ་བསྒྱུར་བའི་ཚོད་ཙམ་རེད། མན་ངག་བསྡེབས་མཁན་ནི། བོད་དང་འབྲེལ་བའི་དབང་དུ་བྱས་ན། པདྨ་འབྱུང་གནས། ཇོ་བོ་རྗེ། ཕ་དམ་པ། འབྲོམ་ཆོས་ཀྱི་རྒྱལ་པོ། འབྲི་གུང་སྐྱོབ་པ་ལྟ་བུ་འཇོག་ཆོག
ཁོང་ཚོ་ནི་འཕགས་པའི་ས་ལ་གནས་པ། རྟེན་འབྲེལ་ལ་མངའ་བརྙེས་པ། རྒྱུད་ཀྱི་དགོངས་པ་ཀློང་དུ་གྱུར་པ་དག་ཡིན་པས་མན་ངག་གི་སྒྲུབ་ཐབས་སྣ་ཚོགས་པ་མཛད་ནུས། དེ་དག་གི་ཚིག་ཟིན་རེ་རེ་ནས་རྒྱུད་ཚིག་ལེབ་བཤུས་ལྟ་བུ་མི་ཡོང་ཡང་། དོན་ལ་མདོ་རྒྱུད་ཀྱི་ཁུངས་དང་མི་འགལ་བར་བླ་མ་ཡི་དམ་གྱི་བཀའ་གནང་ཐོབ་པ་ཡིན་པས་ཡིད་ཆེས་སུ་རུང་། ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་པ་ཡང་ཕལ་ཆེར་དེ་འདྲ་ཞིག་ལ་དགོངས་པ་འདྲ་ལ། ཐིག་ལེ་བཅུ་དྲུག་དང་། གཟིགས་པ་ལྔ་ལྡན་ལྟ་བུ་ཉམས་དང་དག་སྣང་གི་མན་ངག་ནི་བཀའ་གདམས་གསར་རྙིང་གི་ཕྱོགས་ལ་ཡང་མང་པོ་ཡོད་པས། རྗེ་ས་པན་གྱིས། དེས་ན་ལ་ལ་འཁྲུལ་ཡང་བླ། །གནད་རྣམས་འཁྲུལ་མེད་དཔྱད་དགོས་སོ། །ཞེས་གསུངས་པ་ཡང་དྲན་པར་བྱའོ། །
དེ་ལྟར་ཡང་། ལམ་རིམ་ཆེན་མོའི་ཞི་ལྷག་གི་སྐབས་སུ། བཀའ་བསྟན་ཚད་ལྡན་དག་དཔང་བོར་བཞག་ནས་འཇུག་ལྡོག་བྱེད་དགོས་པར་ཡང་དང་ཡང་དུ་གསུངས་པ་ནི་དམན་པ་བདག་ཀྱང་ཡིད་ལ་ཤིན་ཏུ་བརྣགས་པ་ཡིན་པས། འདིར་ཡང་སྒྲུབ་བྱེད་གཙོ་བོ་བཀའ་དང་རྒྱ་གར་མཁས་པའི་བསྟན་བཅོས་རང་ལ་གཏུགས་ཡོད་པས་ཐུགས་མཉེས་པར་མཛོད་ཅིག །
༡༤༽ བཀའ་བསྟན་ནང་ན་མེད་པ་ཡོད།
ཡང་ཐུགས་སྣང་འོས་པ་ཞིག་ལ། དོན་གྱིས་བཀའི་བསྟན་དོན་དང་མ་འགལ་བ་ཨང་དང་པོར་འཇོག་དགོས་པ་ཨ་ཅང་ཅང་། ཡིན་ན་ཡང་། ཚིག་རང་གི་ངོ་གདོང་ནས་ནི། ཡོད་ཚད་བོད་འགྱུར་བཀའ་བསྟན་འགྱུར་གྱི་ཚིག་གིས་དངོས་སུ་སྟོན་མི་དགོས་ཏེ། ཀེ་ཏ་ཀའི་ཕྱི་དོར་ལས། བཀའ་འགྱུར་ཁྲོད་དུ་མི་འདུག་པས་རྫུན་མའོ། །ཞེས་བློ་ཆུང་གི་གཏམ་གཞུང་ལུགས་ཕྱོགས་རེ་དང་རིགས་ལམ་ཉི་ཚེ་ཙམ་ལ་སྦྱངས་པའི་སྡུག་ཡུས་ཀྱིས་རང་ལ་ལྐོག་གྱུར་གྱི་གནས་ཀུན་ལ་སྨོད་པར་བྱེད་པ་ནི་དེང་སང་གི་རྟོག་གེ་བ་སྙིང་ཁམས་ཅན་དག་གི་ཁ་སྒོ་ལས་འཐོན་པར་སྲིད་ཀྱི། ཉིད་ལྟ་བུའི་མཁས་པ་ཆེན་པོ་རིག་གནས་རྒྱ་མཚོའི་ཕ་རོལ་དུ་སོན་ཞིང་གསུང་རབ་མ་ལུས་གདམས་ངག་ཏུ་ཤར་བ་དག་གི་གསུངས་པར་འོས་པ་མ་ཡིན་ནོ། །ཞེས་གསུངས།
ཁོང་ཐུགས་ཤིན་ཏུ་དག་སྟེ། སྦ་བཞེད་ཞབས་བཏགས་མ་ལས། དེ་ནས་བཙན་པོ་ན་རེ། ཡེ་ཤེས་དབང་པོ། རྒྱ་དང་རྒྱ་གར་གྱི་རྡརྨ། ཐེག་པ་ཆེན་པོའི་ཆོས་ཀྱི་དཔེ་ཕལ་ཆེར་དཔལ་ཤྲི་ན་ལེནྡ་ན་ཡོད་པ་དེ་མེས་ཚིག དེའི་དཔེ་ད་ལྟ་རྒྱ་ནག་ན་ཚང་བར་ཡོད་པ་ཤས་ཤིག་མ་འགྱུར་བ་ངའི་ཡིད་ལ་བཅགས་སོ་གསུངས། ཞེས་འབྱུང་བ་ལྟར། བོད་དུ་ཆོས་མ་དར་བའི་སྔོན་ནས་རྒྱ་ནག་ཏུ་སློབ་དཔོན་གཞོན་ནུ་སྲོག་དང་ཞན་ཙང་སོགས་ཀྱིས་གསུང་རབ་མཐའ་ཡས་པས་བསྒྱུར་ཟིན་པ་དང་། དེའི་དུས་ནས་རྒྱ་གར་རང་ན་ཡང་བཀའ་བསྟན་ཆ་ཚང་ཞིག་བཞུགས་མེད་པ་བཙན་པོས་དངོས་སུ་ཞལ་གྱིས་བཞེས་པ་དེ་རེད། དེས་ན་བོད་ཀྱི་འགྱུར་བའི་བཀའ་བསྟན་གྱི་ནང་ན་དངོས་སུ་མེད་ན་མེད་པ་ཅིས་ཀྱང་ཡིན་མི་འོས་པ་ལོས་མཁྱེན།
༡༥༽ རིག་པས་རིགས་པ་འགོག་པ།
ཡང་༼འགའ་ཞིག་གིས་ཧྲཱི་ཡིག་ནི་སྤྱན་རས་གཟིགས་སམ། རིགས་བདག་གི་ས་བོན་ཡིན་པས་སྦྱོར་དགོས་ཟེར།༽ ཞེས་ཕྱོགས་སྔ་བཀོད་ནས་༼སྤྱན་གཟིགས་གཟུངས་རིང་གི་མཇུག་ཏུའང་སྦྱོར་དགོས་པར་འགྱུར་བ་དང་། གཟུངས་སྔགས་ཐམས་ཅད་ཀྱི་མཐར་ལྷ་དེའི་ས་བོན་རེ་སྦྱོར་དགོས་ན་ཧ་ཅང་ཐལ་༽ ཞེས་པའི་རིགས་པ་འདི་བརྗོད་དོ། །
མཚན་ཉིད་པ་རིགས་འགྲེས་ཕུང་ཟེར་བ་དེ་འདི་ཡིན་ནམ། ལར་ལྷ་སྔགས་ཀྱི་མཇུག་ཏུ་སྲོག་སྔགས་སྦྱར་བ་འདི་མེད་པ་ཞིག་ཀྱང་མིན་ཏེ། ཨ་ར་པ་ཙ་ན་དྷིཿ་ཡི་དྷིཿཡང་མན་ངག་གི་ལུགས་སུ་སྔགས་དང་སྲོག་ཡིག་ཐུན་མོང་ལྟ་བུ་ཡིན་པས་དྷིཿ་ལོགས་སུ་བཟླ་བ་དང་དཀྱུས་སུ་བཟླ་བ་གཉིས་ཀ་ཡོད།
ཡང་དམ་པའི་སྨྲ་སེང་སྒྲུབ་ཐབས་སུ་འཇམ་དཔལ་ཡབ་ཡུམ་གྱི་སྲོག་སྔགས་ཧྲཱིཿདང་དྷིཿ་གཉིས་སྔགས་ཀྱི་གཤམ་དུ་སྦྲེལ་ནས་འབྱུང་། འོན་ཀྱང་། སྦྱར་ཆོག་པ་དང་། སྒྲུབ་ཐབས་བྱེ་བྲག་པར་སྦྱར་དགོས་པར་བཤད་པ་དེ་ཚང་མར་དེ་ལྟར་སྦྱོར་བའི་སྒྲུབ་བྱེད་དུ་མི་འགྲོ་བས་རིགས་འགྲེས་ཕུང་འདུག་ཅེས་ཞུ་དོན་དེ་ཡིན།
ལྷ་དང་སྔགས་ཀྱི་དག་པ་དང་ངེས་ཚིག་དེ་ཚོ་གདུལ་བྱ་ཉེ་བའི་བསམ་ངོ་ལ་ལྟོས་ནས་བརྐྱང་བསྐུམ་མང་པོ་བྱེད་ཆོག་པས་རྣམ་འགྲེལ་གྱི་མཚན་ཉིད་ལེའུ་སྒྲིག་ཁྲིམས་ཚང་མ་ཁུར་མི་དགོས། དཔེར་ན། མི་ཞིག་གིས་འཇམ་དབྱངས་རལ་གྲི་བསྣམས་པའི་སྐུ་ཞིག་མཇལ་བ་ལ། དཀོན་གཉེར་གྱིས་རང་གྲིས་གཏི་མུག་གི་དྲ་བ་གཅོད་པ་མཚོན་ཞེས་ངོ་སྤྲོད་བྱེད་སྐབས། གཞན་དེས། འོ་ན། སངས་རྒྱས་ཐམས་ཅད་ཀྱི་ཕྱག་མཚན་རལ་གྲི་ཡིན་པར་ཐལ། རྟགས་དེའི་ཕྱིར་ཟེར་ན། ཕ་རོལ་པོའི་སྨྲ་བ་འགོག་ཐུབ་སྲིད་མོད། ཤེས་རབ་ཅན་གྱི་བྱེད་སྟངས་ནི་མིན། ཁྱེད་ཀྱིས་གོང་གི་རིགས་པ་འདི་གཏོང་དུས་ང་ལ་པཱ་ཚེ་རིང་གི་ཁ་ཤག་ཅིག་དྲན་དུ་བཅུག་བྱུང་།
༡༦༽ ཁ་དོག་ཡིན་ན་དཀར་པོ་ཡིན་པས་ཁྱབ།
ཡང་༼བཀའ་འགྱུར་དུ་སྤྱན་རས་གཟིགས་ཀྱི་རྒྱུད་དང་། རྒྱ་གར་མཁས་པས་མཛད་པའི་རྒྱུད་འགྲེལ་མང་པོ་ཡོད་༽ཅེས་གསུངས་ནས་མ་ཎི་ལ་འབྲུ་དྲུག་ཏུ་ངེས་པའི་སྒྲུབ་བྱེད་དུ། ཀླུ་སྒྲུབ་ཀྱིས་མཛད་པའི་ཐུགས་ཆེན་སྒྲུབ་ཐབས་དྲངས་སོ། །
འདི་ནི་ཤིན་ཏུ་མ་ངེས་ཏེ། རྟགས་རིགས་སུ་འདི་ལ་ལྷག་ལྡན་ཟེར། མ་ཎི་ཡིན་ན་འབྲི་དྲུག་པ་ཁོ་ན་དག་སྟེ། ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་ལས་འབྲུ་དྲུག་ཁོ་ན་འབྱུང་བའི་ཕྱིར་ཟེར་བ་ནི། མི་ཡིན་ན་གྲངས་དྲུག་ཏུ་ཁ་ཚོན་ཆོད་དེ། ངའི་ཁང་པའི་ནང་འདིར་མི་དྲུག་ལས་མེད་པའི་ཕྱིར། ཞེས་དང་། རྟ་ཚང་མའི་ཁ་དོག་དཀར་པོ་ཡིན་ཏེ། བཀྲ་ཤིས་ཀྱི་རྟའི་ཁ་དོག་དཀར་པོ་ཡིན་པས་ཕྱིར་ཟེར་བ་དང་ཨ་ན་མ་ན་མ་རེད་པས།
ཡང་བཀའ་བསྟན་དུ་འབྲུ་བདུན་དང་དགུ་སོགས་མེད་ངེས་དེ། སྒྲུབ་ཐབས་འདིར་མེད་པའི་ཕྱིར་ཟེར་ན་ནི། སའི་གོ་ལའི་ཐོག་ན་དུ་བ་མེད་ངེས་ཏེ། ངའི་ཕོར་བའི་ནང་ན་དུ་བ་མེད་པའི་ཕྱིར་ཟེར་བ་དང་གཅིག་པ་མ་རེད་པས། དེ་མ་རེད། དེ་ལས་གཞན་ཁོ་བོས་མ་མཐོང་བའི་ཕྱིར་ཞེས་གསུང་ན་ནི། ལེགས་སོ་ཞུའོ། །
ང་ལྟ་བུ་ཁྱབ་པ་སྒོ་བརྒྱད་རྩིས་མི་འཕྲོད་མཁན་ཞིག་གིས་ཁྱེད་གདན་སའི་ལྷ་རམས་པ་ཨང་དང་པོ་ཞིག་ལ་རྟ་དཀར་པོའི་ཁ་དོག་གིས་རྟགས་གསལ་གཏོང་བ་ནི་གུས་ཞབས་མེད་པ་འདྲ་རེད་དེ། ད་རེས་བསམ་བློ་ག་ཚད་བཏང་ཡང་དེ་ལས་འགྲོ་ས་མེད་པ་ལྟ་བུ་ཞིག་ཆགས་འདུག་གོ །
༡༧༽ མ་ཎིའི་སྒྲ་དོན་བཤད་པ།
ད་ནི་རྩོམ་འདི་ཀློག་མཁན་དོན་གཉེར་ཅན་འགའ་ཞིག་ཡོད་སྲིད་ན་དེ་དག་གི་ཆེད་དུ་མ་ཎིའི་སྒྲ་དོན་ཅུང་ཟད་བཤད་ནས་རྩོམ་འདི་མཇུག་བསྡུ་བར་བྱ་སྟེ།
དེ་ཡང་། བླ་མ་སྤྱན་རིས་གཟིགས་ཀྱིས། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པའི་ཡིག་འབྲུ་དྲུག་པོས་ཐབས་ཤེས་དབྱེར་མེད་ཀྱི་ཟུང་འབྲེལ་གྱི་ལམ་གྱི་ཉམས་ལེན་ལ་བརྟེན་ནས་རང་ཉིད་ཀྱི་མ་དག་པའི་ལུས་ངག་ཡིད་གསུམ་སངས་རྒྱས་ཀྱི་དག་པའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྒྱུར་ཐུབ་པ་བསྟན། ཞེས་གསུངས།
ཨོཾ་གྱིས་སྐུ་གསུམ་མཚོན་པ་དང་། མ་ཎི་ནོར་བུ་དང་པདྨ་ནི་མེ་ཏོག་པདྨ་ཡིན། མ་ལ་ཨེ་ཡི་རྐྱེན་བྱིན་པས་ནོར་བུ་པདྨ་ཅན་ཞེས་སྤྱན་རས་གཟིགས་ཀྱི་མཚན་ཡིན། རྒྱལ་བ་དགེ་འདུན་རྒྱ་མཚོས་འདིའི་འབྲེང་བུ་འབོད་སྒྲ་ཡིན་གསུངས་པ་ལྟར་ན། ཀྱཻ་ནོར་བུ་པདྨ་ཅན་ཞེས་སྤྱན་རས་གཟིགས་ལ་གདུང་འབོད་ཞུ་བའི་དོན་ཡོད། འབྲུ་རེ་རེ་ནས་ཁ་ཕྲལ་ན། རིགས་དྲུག་གི་ས་བོན་འཇོམ་པ་དང་ཕར་ཕྱིན་དྲུག་མཚོན་པ་མི་ཏྲ་ཛོ་གི་དང་ཇོ་བོ་རྗེས་བཞེད་པར་གསུངས།
འདིར་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་དབོན་པོ་ལོ་ཆེན་འགྱུར་མེད་བདེ་ཆེན་ཞུ་བས་མཛད་པའི་ཐུགས་ཆེན་སྒྲུབ་ཐབས་སུ།
ཨོཾ་ནི་བཀྲ་ཤིས་པའི་དོན་དང་། མ་ཎི་པདྨེ་སྐྱེད་རིམ་སྐབས་མངོན་རྟོགས་གསལ་འདེབས་པ། རྫོགས་རིམ་སྐབས་པདྨས་སྟོང་ཉིད་དང་། མ་ཎིས་བདེ་ཆེན་གྱི་ཡེ་ཤེས། པདྨ་ལ་ལེགས་སྦྱར་གྱི་འབྲེལ་སྒྲའི་རྐྱེན་བྱིན་ཏེ་སྒྲ་སྒྲུབ་པས་པདྨེ། ཧ་གཟུང་འཛིན། ཞབས་ཀྱུ་དེ་སྟོང་བར་སྦྱོང་བ། ཀླད་ཀོར་ལ་ཡིད་ཀྱི་དོན་བཅས་ཡོད་པས། ཧཱུྃ་ནི་གཟུང་འཛིན་གྱིས་སྟོང་པའི་སེམས་ཀྱི་དོན་ཡིན་པར་གསུངས་སོ། །
མདོར་བསྡུ་ན། རྫ་དཔལ་སྤྲུལ་རིན་པོ་ཆེས། ལྷ་གཅིག་རྒྱལ་བ་ཀུན་འདུས་སྤྱན་རས་གཟིགས། །སྔགས་གཅིག་སྙིང་པོ་ཀུན་འདུས་ཡི་གེ་དྲུག །ཆོས་གཅིག་བསྐྱེད་རྫོགས་ཀུན་འདུས་བྱང་ཆུབ་སེམས། །གཅིག་ཤེས་ཀུན་གྲོལ་ངང་ནས་ཡིག་དྲུག་སྒྲོངས། །ཞེས་གསུངས་པ་ཡིད་ལ་བཞག་ནས། རས་ལ་དཔར་བ། རྡོ་ལ་བརྐོ་བ། ཤོག་བུར་འབྲི་བ། འཁོར་ལོར་བསྐོར་བ། གྲངས་སུ་བསྙེན་པ། ཚོགས་སུ་འུར་བ་སོགས་ཀྱིས་མ་ཎི་འདི་ཁོ་ན་ཉམས་སུ་ལེན་པར་བྱའོ་ཞེས་ཀྱང་ཞུའོ། །
ཕྱོགས་མེད་གསུང་ལ་ཐོས་བསམ་བྱས་པ་དང་། །
དྲང་པོས་གནས་ལུགས་ལ་ཤན་འབྱེད་པ་འདིས། །
གང་ཡང་མེད་ཀྱང་གང་ཡང་ཡོད་པ་བཞིན། །
སྤྲང་པོ་སེམས་ལ་རྒྱལ་པོའི་རྒྱལ་སྲིད་ཤར། །ཅེས་ཀྱང་ཐལ་ལོ། །
ཞེས་པ་འདི་ཡང་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ས་ཁྱི་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་ལ་རྫོགས་པར་བྲིས་པ་ལས། སླར་ཡང་༼ཨོཾ་ལ་འ་ཆུང་ཡོད་མེད་གཉིས། ༽ཞེས་པའི་སྡེ་ཚན་དེ་ཉིད་བསྣན་དེ་སྤྱི་ལོ་2018ཟླ་4ཚེས་30 ལ་གྲུབ་པར་བྱས་སོ། །
གཅིག་གིས་མ་ཎི་ཡིག་དྲུག་ཡིན་པར་བསྒྲུབས།
གཅིག་པོས་མ་ཎི་ཡིག་བདུན་ཡིན་པར་བསྒྲུབས།
དོན་ལ་གཉིས་ཀ་ཉོག་གཏམ་རེད།
རྫ་ཚེས་ཡག་ཐག་ཆོད་བྲིས་འདུག
རྫ་ཚེས་ཡག་ཐག་ཆོད་བྲིས་འདུག འཇམ་བློས་ཧམ་བཤད་ཏོག་ཙམ་བྱས་ཡོད་ས་རེད།
གྲ་རྒན་འདི་ཚོ་ཁོམ་སོང་ན་འདི་མོ་འདི་ཉ་ཉོག་འབྲི་རྒྱུ་མང་ནི་རེད། དེ་མ་ཚད་རྒྱ་ཁྱི་འདི་ཚོས་ན་གེ་ནོག་གེ་འདི་མོ་འདི་འབྲི་དུས་ངེ་བར་དུ་རྒྱ་ཡིག་འདྲེ་ཡིག་རེ་འབྲི་ནི་རེད་དེ་ནི་ཁོ་ཚོ་རྒྱ་ཁྱི་ཡིན་པས་མཚོན་རྟགས་ཀྱང་རེད།
ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པའི་ཡི་གེ་དྲུག་མ་འདི་ལ་གཞི་ལམ་འབྲས་གསུམ་པོ་དེ་ཡི་གེ་གང་དང་གང་ལ་སྦྱར་ཚུལ་ཡང་དག་པ་ཞིག་ཡོད་ན། འདིར་གསུང་གྲོགས་ཞུ་བ་ལགས། བདག་རང་ལ་སྦྱར་ཚུལ་ཞིག་ཡོད་དེ། བླ་མ་ཞིག་གི་ཞལ་ལས་ཐོས་སམ། བདག་ཅག་ཡོངས་ལ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཞུགས་པ་ལས་བྱུང་བ་དཔྱད་པའི་ཕྱིར་དུ་ཡིན་ནོ།
དཀའ་ལས་བརྒྱབས་འདུག དེ་ཙམ་རེད།
རྗ་ཚེ་རིང་བཀྲིས་མཆོག་ནས་དཔེ་ཡག་པོ་བྲིས་འདུག་ སྙིང་བསྡུས་གཅིག་བྲིས་གནང་ན་ལེགས།
རིང་དྲག་ནས་ཕྱེད་ཀ་ཙམ་མ་གཏོགས་ཀློག་མ་ཐུབ་། ཡིན་ཡང་གཟའ་སྤེན་པ་དང་ཉི་མ་ལ་དགུང་
སེང་ཡིན་པས་དེའི་ཉིན་ཀློག་རྒྱུ་ཡིན། ཐུགས་རྗེ་ཆེ།
དཔལ། རྫ་ཚེ་རིང་བཀྲ་ཤིས་ལེགས་ཀྱིས་གཞུང་ལུགས་དུ་མར་གཟིགས་གཞིགས་ཀྱིས་མ་ཎི་སྐོར་བྲིས་མཛད་པར་དགའ་བསུ་ཞུ།
འོག་གི་མིང་ཚིག་དག སྔར་བྲིས་དཔེ་གཞུང་ན་ཡོད་པ་ཉིད་བཀོལ་སྤྱོད་ཡོད་པ་གལ་ཆེ་བར་མཐོང་བས། བདག་གིས་དེ་ལྟར་བྱེད་བཞིན་པ་ཡིན། དེ་བཞིན་ཁྱེད་ཀྱིས་ཀྱང་མཛད་པར་རེ་འདུན་ལགས།
ཐེངས་ཞེས་པར། ཐང་ངམ་ལན། ཕྲིན་ལས་ལ། འཕྲིན་ལས། རྒྱག་ལ། རྒྱབ། ཁྱབ་བ་ལ། ཁྱབ་པ། འབྲེལ་བ་ཞེས་བྱ་ཚིག་ཤིན་ཏུ་འཐད། མིང་ཚིག་ལ། འབྲེལ་པ། གཞུང་ཚད་ལྡན་གྱི་དཔེ་ཆ་དུ་མ་ན་ཡོད་པར་མཐོང་།
ཚལ་པ་དང་སྡེ་དགེའི་བཀའ་འགྱུར་ལས་ཡིད་གཏོན་རུང་བའི་མ་དཔེ་ཞིག་གངས་ཅན་ན་མེད། ཚལ་པ་བཀའ་འགྱུར་བདག་གིས་མཇལ་མ་བྱུང་། བྱང་སེམས་སྤྱོད་ཡུལ་ལམ། བདེན་པ་པོ་ལེའུ་གཉིས་པ་ན། སྒྲོན་མ་འོད་ལྟར་བྱང་ཆུབ་སྤྱད་པ་སྤྱོད། ཞེས་ཏོག་མཁར་གྱི་བྲིས་མ་ན་བྲིས་པ་དང་། གཞན་སྣར་ཐང་། སྡེ་དགེ ལྷ་ས་བཀའ་འགྱུར་རྣམས་སུ། སྒྲོན་མའི་ཡིད་ལྟར་བྱང་ཆུབ་སྤྱད་པ་སྤྱོད། འདི་གཉིས་ན་གང་དེ་དག་པ་ཡིན་ནམ། བཤད་པར་བྱ་བ་མང་བས། འབྲི་བར་ལོང་མེད་དོ། ཡིག་ནོར་དག་ལ་ཞུས་དག་མཛོད།
དགོངས་དག། འདྲ་བཤུས་བྱེད་པ་ན། “སྒྲོལ་མའི་ཡིད་ལྟར།” ཞེས་རྗེས་འཇུག་ན་ལ་རུ་བཟོ་དགོས་པ་ཡིན རྣམ་དཔྱོད་མེད་པ་ལས་དེ་ལྟར་བྱུང་
ནཱ་ད་ཟེར་ན་གང་ལ་ངོས་འཛིན་དགོས་སམ། དྲ་གྲོགས་རྣམ་པས་གསུང་རོགས་གནང་།
ནྰ་ད་ཟེར་ན། ཧྰུ་ཡི་སྟེང་ལ་ཟླ་བ་མཚོན་བྱེད་ཟླ་ཕྱེད་དང་། དེའི་སྟེང་དུ་ཉི་མ་མཚོན་བྱེད་ཀླད་ཀོར་དང་། ཀླད་ཀོར་སྟེང་དུ་རི་མོ་འདི་༼ ྇ ྆ ༽འདྲ་བ་ཞིག་ཡོད་རེད། དེ་ལ་ནྰ་ད་ཟེར། མཚོན་དོན་ནི། སྟོང་ཉིད་ཀྱི་དབྱིངས་ལ་སྒྲིབ་པ་རྣམས་དག་པའམ། ཡང་ན། འཇའ་ལྟར་ཡལ་བར་མཚོན་ནོ།།
ཇོ་བོ་རྗེས།
སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས། །
བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། །
སྒྲོན་མེ་ལས། སྒྲོན་མ་དག་ཚུལ་གྱི་ཁུངས།
ན་ད་ནི་བོད་ཡིག་གི་ཤད་༼ ། ༽གྱེན་དུ་ལངས་པ་ལྟ་བུ་ཡིན།
གོང་གི་དྲ་གྲོགས་གཉིས་པོས་ན་དཱའི་འགྲེལ་བཤད་གནང་བར་ཐུགས་རྗེ་ཞུ།
རྫ་ཚེ་ལགས་ནས་མ་ཎིའི་འགྲེལ་བཤད་གནད་བསྡུས་ཚང་ལ་མ་ནོར་བ་སྤེལ་གནང་བས་སེམས་ལ་དགའ་སྣང་བཅོས་མེད་བརྟས། གཞིས་བྱེས་ཕྱི་ནང་གང་སར་དོ་ཕོག་མི་འགྲོ་བའི་ཆེད་ཚིག་གི་སྦྱོར་སྟངས་ཚུན་ཆད་ལ་དགོངས་བཞེས་གནང་སྟེ་བཀོད་པ་ནི་བཀའ་དྲིན་གྱི་དཔལ་དུ་ཆེ།
ལར་ཚལ་པ་བཀའ་འགྱུར་ནི་བུ་སྟོན་གྱིས་ཞུས་དག་གནང་བ་དང་། སྡེ་དགེའི་བཀའ་འགྱུར་གྱི་མ་དཔེར་ཡང་། སི་ཏུ་པན་ཆེན་ཀྱིས་རྒྱུ་མཚན་མང་པོ་བགྲངས་ནས་འདི་འདེམས་གནང་བ་ཡིན་པས་ཚལ་པ་དང་སི་ཏུ་པཎ་ཆེན་ལས་ཡིད་གཏོན་རུང་བའི་མ་དཔེ་ཞིག་གངས་ཅན་ན་མེད།
་་་
སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བ་ནི། བོད་ཀྱི་མིང་མིང་ཚིག་རྣམ་དཔྱོད་མཆོག་ཏུ་མངའ་བ་བརྗོད་མི་དགོས། ལེགས་སྦྱར་གྱི་མིང་ཚིག་དག་ལའང་། རྣམ་དཔྱོད་མཆོག་ཏུ་མངའ་བས། བལ་ཡུལ་རྒྱལ་པོའི་བླ་མས་སི་ཏུ་པཎ་ཆེན་ཁྱེད་ལ་གདུགས་བདུན་འོས་ཞེས་བསྔགས་བརྗོད་ཞུས། བསྟན་པ་སྔ་དར་གྱི་སྐབས་སུ། ནཡགྲོ་དྷ། ཞེས་པ་སི་ཏུ་པཎ་ཆེན་གྱིས། འགྲོ་འགོག ཅེས་བསྒྱུར་བ་དོན་ལ་གནས་པར་མངོན། སྡེ་དགེའི་བཀའ་འགྱུར་གྱི་པོ་ཏི་ག་ཚོད་ལ་སི་ཏུ་པཎ་ཆེན་གྱིས་ཞུས་དག་མཛད་ལོང་བྱུང་། ཞེས་དཔྱད་པ་བྱེད་དགོས་པའི་གནས་སུ་མཐོང་། སྡེ་དགེའི་བཀའ་འགྱུར་གྱི་དཔེ་ཆ་ཡིན་ཚད་ཡིད་རྟོན་རུང་བ་མ་ཡིན།
སྡེ་དགེའི་བཀའ་འགྱུར་གྱི། ཆེད་དུ་བརྗོད་པའི་ཚོམས་ན། ཆད་ལྷག་དང་མིང་ཚིག་མ་དག་པ་མང་། དེའི་འགྲེལ་པ་བསྟན་འགྱུར་པོ་ཏི་གཉིས་ཡོད་པ་དག་པར་མཐོང་། དེ་ཡང་མཐའ་གཅིག་ཏུ་ཡིད་རྟོན་མི་རུང་ངོ་།
མཆན་འདེབས་མཛད་པོ་དག་གིས། འདི་དང་འདི་ནོར་ཞུས་དག་མཛད་ན། བདག་གཞན་གྱི་བློ་གྲོས་ལ་ཕན་པར་དགོངས་ཤིག
སྐྱབས་མགོན་རིན་པོ་ཆེའི་གསུང་ནང་ལ་འཇམ་བློའི་བཤད་པ་ཡོད། ང་ཚོ་བོད་པས་འབྲུ་ད྄ུག་དེ་འབྲུ་བདུན་བཟོས། དག་པ་དེ་མ་དག་པ་བྱས། གསུངས་ཡོད། སྤྱིར་བཏང་དྲ་ལ་ཡོད་པའི་དཔེ་ཆ་ཚོ་དག་མ་ཡིན་པའི་ངེས་པ་མེད།
མ་ཎི་བརྒྱ་ལ་ཧྲི་གཅིག་ཐོབ།
ཧྲི་ནི་འཁོར་བའི་སྐྱེ་སྒོ་བཅོད།