སྐྱོ་བྲག་དགའ་དབང་།
སྤྱན་རས་གཟིགས་ཀྱི་ལས་ཚོགས་མ་ཎིའི་འཁོར་ལོ་ནི་བོད་ཁམས་མཐའ་དབུས་ཀུན་ལ་ཤིན་ཏུ་དར་ཁྱབ་ཆེ་བའི་ཆོས་ཀྱི་ཉམས་ལེན་ཞིག་ཡིན། མ་ཎིའི་འཁོར་ལོ་ལ་ནང་གསེས་སུ་ས་ཆུ་མེ་རླུང་ལག་འཁོར་ཏེ་དབྱེ་བ་ལྔར་ཡོད་པ་ཚང་མའི་ལག་ལེན་གྱི་རྒྱུན་མ་ཆད་པར་གནས་ཡོད།
མ་ཎིའི་འཁོར་ལོ་འདི་ཐོག་མར་ཇི་ལྟར་བྱུང་བ་ནི། སྐུ་འབུམ་དགོན་གྱི་ཆེ་ཤོས་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མས་ཞུས་ཏེ། པཎ་ཆེན་སྐུ་ཕྲེང་བདུན་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོས་བརྩམས་པ། ཡིག་དྲུག་གི་འཁོར་ལོའི་ཁུངས་དང་བསྐོར་ཚུལ་གྱི་གནད་དམིགས་པ་བྱ་ཚུལ་ཕན་ཡོན་དང་བཅས་པ་ཞེས་པའི་ཡི་གེར། མ་ཎིའི་འཁོར་ལོ་འབྱུང་ཁུངས་ནི།
སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ལ། །
འཕགས་པ་སྤྱན་རས་གཟིགས་དབང་གིས། །
འདི་ལྟར་ལུང་བསྟན་མཛད་པ་ནི། །
ཀླུ་ཡི་ཡུལ་གྱི་ཕོ་བྲང་ལ། །
ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་ལ། །
ཆོས་ཀྱི་འཁོར་ལོ་མཐོང་ཐོས་དང་། །
དྲན་ཅིང་རེག་པ་ཙམ་གྱིས་ཀྱང་། །
ངན་སོང་གསུམ་གྱི་སྡུག་བསྔལ་ལས། །
མྱུར་དུ་སྒྲོལ་བར་བྱེད་པ་ཡི། །
ཟབ་མོའི་ཆོས་འཁོར་གཅིག་འདུག་པ། །
ཁྱོད་ཀྱིས་ལོངས་དང་སེམས་ཅན་གྱི། །
དོན་ནི་རྒྱ་ཆེན་འབྱུང་བར་འགྱུར། །
ཞེས་གསུངས་ནས་ལུང་བསྟན་མཛད་པའོ། །དེ་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས། ཀླུ་ཡུལ་དུ་བྱོན་ནས། ཀླུའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་ཞུས་སོ། །ཀླུའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་གསན་དུ་གསོལ།
འཕགས་པ་སྤྱན་རས་གཟིགས་དབང་གིས། །
བདག་ལ་ལུང་བསྟན་མཛད་བྱུང་བ། །
ཀླུ་ཡི་ཡུལ་དུ་ཁྱོད་སོང་ལ། །
ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་ལ། །
ཆོས་འཁོར་མཐོང་ཐོས་དྲན་རེག་པས། །
ངན་སོང་སྡུག་བསྔལ་ཀུན་གྲོལ་བའི། །
ཟབ་མོའི་ཆོས་འཁོར་གཅིག་འདུག་པ། །
བདག་ལ་ཞུས་ཤོག་གསུངས་ནས་འོངས། །
ཆོས་འཁོར་ཐུགས་རྗེས་གནང་དུ་གསོལ། །
ཞེས་ཞུས་པས། ཀླུའི་རྒྱལ་པོ་བྱང་ཆུབ་སེམས་དཔའི་ཞལ་ནས། ངའི་ཆོས་ཀྱི་འཁོར་ལོ་ཟབ་མོ་མཐོང་ཐོས་དྲན་དང་རེག་པ་ཙམ་གྱིས། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ཆེན་པོ་ལས་མྱུར་དུ་གྲོལ་བར་བྱེད་པའི་འཁོར་ལོ་འདི། སྔོན་འདས་པའི་སངས་རྒྱས་མར་མེ་མཛད་ཀྱིས་ངེད་ཀླུ་རྣམས་ལ་གནང་ནས། ཀླུ་རྣམས་བདེ་བ་དང་ལྡན་ཞིང་སངས་རྒྱས་ཀྱི་ས་ལམ་བགྲོད་པ་ཡང་མང་པོ་བྱུང་བ་ཡིན་ནོ། །ཆོས་འཁོར་ཟབ་མོ་འདི་འཕགས་པ་སྤྱན་རས་གཟིགས་ཀྱིས་སངས་རྒྱས་རྣམས་ལ་ཞུས་པའི་གཟུངས་སྔགས་ཀྱི་སྙིང་པོ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པ་འདི། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་གཟུངས་སྔགས་ཀྱི་འཁོར་ལོ་ཡིན་པས་ཁྱོད་ལ་སྟེར་རོ། །ཁྱོད་ཀྱིས་ཀྱང་འཁོར་ལོ་ཟབ་མོ་འདི་ས་ཆུ་མེ་རླུང་ལའང་ཚུགས་ལ། སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་དོན་གྱིས་ཤིག་གསུངས་ནས་ཕྱག་ལེན་དང་བཅས་པ་གནང་ངོ་། །
དེ་ནས་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱ་གར་ཡུལ་དུ་གདན་དྲངས་སོ། །དེ་ནས་མཁའ་འགྲོ་མ་སེངྒེ་གདོང་ཅན་ལ་གནང་། དེས་ཏཻ་ལོ། དེས་ནཱ་རོ། དེས་མར་པ་ལ་གནང་ནས་བོད་དུ་གདན་དྲངས་སོ། །དེས་མི་ལ་ལ་གནང་། དེས་དྭགས་པོ་ལྷ་རྗེ་ལ། དེས་ཁམས་པ་དབུ་སེ་ལ་གནང་ནས་རིམ་པར་བརྒྱུད་དེ་གྲུབ་ཐོབ་ཀརྨ་པཀྴིའི་གསུང་འབུམ་གྱི་ནང་ནས་འཁོར་ལོ་འདིའི་ཕན་ཡོན་མང་བར་འདུག །
ཅེས་བཀའ་བརྒྱུད་པའི་ཕྱག་སྲོལ་ཡིན་པ་གསལ་བར་བྲིས་ཡོད་ནའང། བཀའ་བརྒྱུད་པའི་ཕྱོགས་ལ་མ་གྲགས་པ་ནི་སྣང་ཆུང་གིས་ཟུར་ལུས་སུ་སོང་བར་དོགས་ལ། ལོ་རྒྱུས་འདི་རིགས་གལ་འགང་ཆེ་བའི་གནད་དོན་ཞིག་མིན་ནའང་ཚུལ་འདིས་ཀྱང་བཀའ་བརྒྱུད་གོང་མ་རྣམས་ཀྱི་མཛད་ཕྲིན་གྱི་ཁྱབ་རྒྱུན་སྟོན་བཞིན་ཡོད་དོ། །
་་་་་ སྔོན་འདས་པའི་སངས་རྒྱས་མར་མེ་མཛད་ཀྱིས་ངེད་ཀླུ་རྣམས་ལ་གནང་ནས། ཀླུ་རྣམས་བདེ་བ་དང་ལྡན་ཞིང་སངས་རྒྱས་ཀྱི་ས་ལམ་བགྲོད་པ་ཡང་མང་པོ་བྱུང་བ་ཡིན་ནོ། །ཆོས་འཁོར་ཟབ་མོ་འདི་འཕགས་པ་སྤྱན་རས་གཟིགས་ཀྱིས་སངས་རྒྱས་རྣམས་ལ་ཞུས་པའི་གཟུངས་སྔགས་ཀྱི་སྙིང་པོ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པ་འདི། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་གཟུངས་སྔགས་ཀྱི་འཁོར་ལོ་ཡིན་པས་ཁྱོད་ལ་སྟེར་རོ། ། ་་་་་་་
བཀའ་འགྱུར་ནང་གི ཞལ་ནས་གསུང་པའི་བཀའ་དང་། བྱིན་གྱིས་བརླབས་པའི་བཀའ་དང་། རྗེས་སུ་གནང་བའི་བཀའ་གསུམ་སོ་སོར་ཕྱེ་བའི་བཀའ་འཀྱུར་ཅིག་དགོས་འདུག དེའི་ནང་ནས། སངས་རྒྱས་ཐུབ་པས་གསུངས་པ་མ་ཡིན་པར། ཐོག་མར་སངས་རྒྱས་མར་མེ་མཛད་སོགས་སངས་རྒྱས་གཞན་དང་། བྱང་སེམས་དང་། ལྷ་ཀླུ་རྣམ་ཅན་གཞན་གྱིས་གསུངས་པ་སོགས་སོ་སོར་དབྱེ་ནས་བཏོན་ཐུབ་ན་ཕན་ཐོགས་མི་ཆུང་བ་ཞིག་འབྱུང་ངེས་རེད་སྙམ་ལགས།
བསང་དང་དར་ལྕོག་བཙུག་སྲོལ་བོན་པོའི་ལུགས། །
མི་རྐང་ཌམ་རུ་ཆེ་ཐོགས་བོད་སྔགས་ལུགས། །
མ་ཎིའི་འཁོར་ལོ་བསྐོར་བ་བོད་ལུགས་ཙམ། །
མ་ཎི་རྡོ་རྐོས་བྱེད་མཁན་བོད་རིགས་ཙམ། །