ལྕོག་རི་དགེ་ལེགས་རྒྱལ་མཚན།
བདུད་བཞིའི་རྣམ་པར་ལས་རྒྱལ་ཆོས་ཀྱི་སྐུ་བརྙེས་ཏེ།།
རྟེན་འབྱུང་རྒྱལ་མོའི་གཏམ་གྱིས་མོས་ཁམས་དང་འཚམ་པའི།།
སྐྱེ་རྒུ་ཞི་བར་འདྲེན་མཛད་ཤཱཀྱ་ཡི་སྲས་དེས།།
གྲོགས་པོ་ཁྱོད་ཀྱི་བློ་སྣ་ཆོས་ཕྱོགས་སུ་སྒྱུར་ཅིག།།
རྫས་འཕྲུལ་གློག་གིས་འོད་ཀྱི་མགྱོགས་ཚད་རེ་འཇལ་ཏེ།།
རྒྱང་རིང་རྒྱུ་སྐར་གཤིས་ལུགས་རྒྱས་བཤད་ཅིག་བྱས་ཀྱང།།
མངོན་གྱུར་ཡིད་བློ་རྟོག་པ་ལྐོག་གྱུར་དུ་སོང་དུས།།
ཡོད་ཚད་རྩིས་ཀྱིས་གཞལ་བའི་གཏན་ཚིགས་ལ་མ་དགའ།།
ནི་འུ་ཊོན་གྱིས་རྩིས་པའི་དངོས་གཟུགས་ཀྱི་འཐེན་ཤུགས།།
མི་ལོ་ཉིས་བརྒྱའི་ཡུན་དུ་ཚད་མ་རུ་བྱས་ཀྱང།།
ཨ་ཡི་སི་ཊན་ཨང་རྩིས་རིགས་ལམ་གྱིས་བཤིག་དུས།།
གང་ལ་གཏད་སོ་མེད་པའི་གྲུབ་མཐའ་ལ་མ་དགའ།།
དུས་དང་ནམ་མཁའ་གོ་ས་ལྟོས་གྲུབ་ཏུ་འདོད་ཅིང།།
རྒྱུ་སྐར་འོད་ཟེར་ལྟོས་མེད་ཚུགས་ཐུབ་ཏུ་འདོད་ཀྱང།།
རྒྱུ་དང་རྐྱེན་ལས་སྐྱེས་པར་ཁྱད་མེད་དུ་མཐོང་བས།།
རྟེན་འབྲེལ་ཉི་ཚེ་འཇོག་པའི་ལྟ་གྲུབ་ལ་མ་དགའ།།
རྒྱུ་མེད་གས་འཐོར་ཆེན་པོས་འཇིག་རྟེན་འདི་སྐྱེས་ཟེར།།
རྐྱེན་ལས་མ་སྐྱེས་གང་གིས་འབྲས་བུ་ཞིག་སྐྱེ་ན།།
ཡོད་ཚད་རྟག་པའི་རང་བཞིན་དཀོན་མཆོག་གིས་བྱས་པའི།།
གནའ་བོའི་མུ་སྟེགས་ཆོས་དང་ཁྱད་པར་ནི་ཅི་འདུག།།
རྩིས་འཁོར་རིགས་པས་ཕབ་ཀྱང་ཀླད་པ་རུ་མ་ཤོང།།
ཚུལ་གསུམ་རྟགས་ཀྱིས་བསྒྲུབ་དུས་རྣ་ལམ་དུ་མ་སོང།།
ཕར་ཕར་ཇི་ཙམ་འདྲིས་ཏེ་བགྲོ་གླེང་རེ་བྱས་དུས།།
གཟུར་གནས་བློ་ཡིས་དཔྱོད་བྱེད་ཤེས་རབ་དེ་མི་འདུག།།
སྟོང་སང་བར་གྱི་ནམ་མཁའ་མཐའ་མེད་དུ་འཇོག་ཅིང།།
སྐད་ཅིག་དུས་གསུམ་ཡུན་ལ་ཐ་མ་རེ་བཞག་སྟེ།།
དུས་དང་ནམ་མཁའ་ཕན་ཚུན་ལྟོས་གྲུབ་ཏུ་འདོད་པ།།
རང་མགོ་རང་གིས་གཅོག་བྱེད་ཐོ་བ་དེ་མཚར་བ།།
རྐྱེན་གྱིས་མ་བསྒུལ་འགུལ་བའི་དངོས་པོ་ཞིག་མི་སྲིད།།
བསྒུལ་ཚེ་བཀག་བྱེད་མེད་ན་ཇི་སྲིད་བར་འགུལ་ཟེར།།
འོ་ན་ཡན་ལག་སྒུལ་བྱེད་ཀླད་པ་ཞིག་ཡོད་ཀྱང།།
ཀླད་རྡུལ་རང་ཉིད་སྒུལ་བྱེད་དངོས་གཟུགས་དེ་སུ་བཞག།།
མ་བརྟག་ལྷན་སྐྱེས་ངོ་རུ་འགྲིག་འགྲིག་ཙམ་ཡོད་ཀྱང།།
དཔྱད་ཚེ་ཡིད་བློ་མེད་པར་ཀླད་རྫས་ཀྱི་སྟེང་ནས།།
ཀུན་ལ་ངེས་ཤེས་འདྲོང་པའི་འགྲེལ་བཤད་ཅིག་མེད་དུས།།
དངོས་གཙོ་སྨྲ་བའི་གྲུབ་མཐའ་བློ་ངོ་རུ་མ་བདེ།།
བུང་བར་སྨུག་པོར་སྣང་བའི་མེ་ཏོག་གི་ཁ་དོག།།
མི་ལ་དེ་ལས་ལྡོག་སྟེ་དཀར་པོ་རུ་སྣང་ཚེ།།
གཉིས་ཀ་ཚད་མ་ཡིན་མིན་ཁྱད་པར་ནི་མེད་ཟེར།།
འོ་ན་གང་སྣང་ཐམས་ཅད་བདེན་པ་རུ་འདོད་དམ།།
ཡུལ་དུས་དེ་དང་དེ་རུ་ཚད་མ་རུ་བྱས་ཀྱང།།
མཐའ་བྲལ་གཟུར་གནས་བློ་ཡིས་དཔྱད་པ་རེ་བྱས་དུས།།
སྔར་གྱི་བདེན་པ་ཕྱིས་ཀྱི་རྫུན་པ་ཡིས་བཤིག་པས།།
སྐྱོན་མེད་ཚན་རིག་ཅེས་པའི་གྲུབ་མཐའ་ཞིག་མ་རྙེད།།
ཧ་ཧ་ལྟ་སྤྱོད་གཅིག་པའི་རིག་པ་ཡི་གྲོགས་པོ།།
མ་རིག་རྣམ་རྟོག་གང་འཆར་རྩེད་མཚར་གྱི་ཚུལ་དུ།།
ས་རཱ་མཐོ་སློབ་ཁང་བརྩེགས་ལྔ་པ་ཡི་སྟེང་ནས།།
ཚིགས་སུ་བཅད་པ་སྐུ་ཉིད་དགྱེས་ཕྱིར་ཙམ་ཡིན་ནོ།།
༼ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང། བོད་ཀྱི་དཔེ་མཛོད་ཁང། ཨ་རིའི་འབྱོར་ལྡན་བྷོ་བྷི་བཅས་ཀྱིས་ས་རཱ་མཐོ་སློབ་ཏུ་ཚན་རིག་ཟབ་སྦྱོང་ཚོགས་སྐབས་ཚན་རིག་དང་ནང་ཆོས་ཀྱི་བརྗོད་གཞིའི་ཐོག་ཚན་རིག་སློབ་མ་ཁ་ཤས་དང་ཁོ་བོའི་བར་རྩོད་གླེང་ཤོར་རྗེས་སུ་བྲིས། ༢༠༠༨།༦།༢༠ ཉིན། ༽
ངེས་དོན་གནས་ལུགས་འཚོལ་བའི་ཤེས་རབ་ཀྱི་ངོ་ན།།
རྟོག་བཏགས་སྒྱུ་མའི་ཆོས་ལ་ཡིད་རྟོན་ཞིག་མེད་ཀྱང་།།
མ་བརྟགས་ཉམས་དགའི་སྤྱོད་ཚུལ་གུ་ཡངས་ཀྱི་ཀློང་ནས།།
ཆོས་ཚན་ཟུང་དུ་འཇུག་པའི་གྲུབ་མཐའ་ཞིག་སྐྱོང་རོགས།།
ངས་ཀྱང་རིག་གསར་མ་སྦྱངས་སྔ་རོལ་ཏུ།།
ཀུན་རྟོག་འཁྲུལ་སྣང་འདྲེ་མོའི་གར་སྟབས་རྗེས།།
མ་བརྟགས་ཧོལ་གྱིས་རྒྱུགས་ཏེ་གཡང་གཟར་ནས།།
རང་ལ་སྐུལ་བའི་སྡོམ་ཚིག་འདི་ལྟར་བྲིས།།
ཀླད་རྙིང་གནག་རྫིས་རིག་གསར་ཐན་དུ་འཁུ།།
མདང་སྐྱེས་བྱིས་པས་སྲོལ་རྒྱུན་དུག་ཏུ་འཛིན།།
ཚ་གྲང་འཐབ་འཁྲུགས་རྒོད་པའི་གཡུལ་ངོ་ནས།།
ལུགས་གཉིས་ཟུང་དུ་བགྲོད་པའི་གཤོག་རྩལ་འཚོལ།།
འདུན་མ་རླུང་ལ་སྐྱོན་པའི་གྲོག་ངོགས་སུ།།ཕ་མེས་ཁ་ཆེམས་ཐལ་བའི་ཟོལ་གྱིས་གཏོར།།འགག་མཚམས་གཡང་ལ་ལྕེབས་བའི་དུས་ཚིགས་སུ།།རྐང་པས་ཐིག་རིས་ཐོག་ནས་ཨམ་སྐད་འཐེན།།ཧཧཧཧ་་ད་ཡིན་ན་ལྟད་མོ་འདུག་གོ།