—རྔ་བ་རྒྱལ་ཁམས་པ།
མར་གྱུར་འགྲོ་བའི་སྐྱབས་མགོན།།
གཞིས་བྱེས་བོད་མིའི་སྲོག་རྩ།།
༧རྒྱལ་བ་ཡིད་བཞིན་ནོར་བུའི།།
བཞུགས་སྒར་རྡ་རམ་ས་ལ།།
བོད་མིའི་སེམས་ཀྱི་གཏད་ས།།
གངས་ཅན་སྐྱིད་པའི་གཤོངས་ལ།།
ནང་ཁུལ་རྩོད་རྙོག་མང་བས།།
ང་རང་སེམས་པ་སྐྱོ་བྱུང་།།
ཤེས་རིག་ཡོན་ཏན་ལྡན་ཞིང་།།
ལྷག་བསམ་སྤོབས་པས་མཛེས་པ།།
གཞུང་ཞབས་ལས་བྱེད་རྣམ་པར།།
བསྟོད་པའི་མེ་ཏོག་འཐོར་རོ།།
གཞུང་ས་དགའ་ལྡན་ཕོ་བྲང་།།
ཐབས་མཁས་ཐུགས་རྗེ་ཆེ་བྱུང་།།
བཙན་བྱོལ་བོད་མིའི་སྒྲིག་འཛུགས།།
རང་ལམ་རྡོག་པས་ནོན་འདུག།
ཤེས་འཇོན་གཤོག་ཡངས་དཀར་པོ།།
འཛམ་གླིང་མཁའ་ལ་བརྐྱངས་སོང་།།
གངས་ཅན་བོད་ཀྱི་མི་རྣམས།།
སྤོབས་པས་སེམས་རྩ་དྲོས་ཡོད།།
ཚད་བརྒལ་སྒྲོ་སྐུར་མང་བོས།།
རང་དཔོན་རང་གིས་མ་སྨད།།
ནོར་བུ་རང་ལ་ཡོད་དུས།།
རིན་ཐང་སེམས་ལ་ཞོག་དང་།།
ལས་འབྲས་ཁྱད་དུ་བསད་ནས།།
བྱས་པ་ནག་བསུབ་མ་གཏོང་།།
ང་ཚོ་བོད་པ་རང་གི།
བསོད་ནམས་འཛད་པའི་རྒྱུ་རེད།
བཙན་བྱོལ་གནམ་གང་ཞིག་ལ།།
ཤེས་རིག་བཅོ་ལྔའི་ཟླ་བ།།
མ་འོངས་བོད་ཀྱི་ལས་དབང་།།
གསོན་ཤུགས་འཕེལ་བའི་རྟགས་རེད།།
བོད་གཞུང་གཡང་གི་ར་བ།།
རྣམ་སྲས་བང་མཛོད་མ་རེད།།
དཔོན་གཡོག་ཐབས་ཤེས་ཅན་གྱི།།
འཛིན་སྐྱོང་བཟང་བོས་དྲིན་རེད།།
དབུ་ལམ་དྲང་མོ་མདའ་རེད།།
མདའ་རྩལ་ཀྱོག་ཀྱོག་མ་གནང་།།
བོད་རིགས་སྤུན་ཟླའི་བར་ལ།།
འཚོབ་དཀའི་རྨ་ཁ་བཟོ་ཡོང་།།
རང་བཙན་ཨ་ཕའི་མགོ་ལ།།
དབུ་མའི་ལྕགས་ཐོ་མ་གཞུ།།
རང་སྲོག་རང་གིས་གཅོད་པ།།
དབུ་མའི་དགོངས་པ་མ་རེད།།
བཅོ་ལྔའི་དུང་ཟླ་དཀར་པོ།།
ནམ་མཁའི་སྤྲིན་ལ་མ་འཇིགས།།
རང་གཤིས་འོད་དཀར་རྐྱོང་དང་།།
ཀུ་མུད་ཁྱོད་ལ་ཕྱོགས་ཡོད།།
རྒྱ་མིའི་སེམས་པ་རྡོ་རེད།།
རྡོ་ལ་རི་མོ་བརྐོ་ན།།
ཆོལ་གསུམ་སྐྱིད་སྡུག་གཅིག་ལ།།
ལས་འཕྲོས་ངར་ཆུ་ལྡུད་དགོས།།
གངས་ཀྱི་སེངྒེ་དཀར་མོ།།
གྲོག་མའི་ཚང་ལ་མ་འཇིགས།།
གངས་རིའི་གདན་ལ་བཞུགས་དང།།
གྲོག་མ་སླེབས་དྭོགས་མི་འདུག །
མང་གཙོ་མང་གཙོ་ཟེར་ནས།།
གཞན་གྱི་གཡམ་ལ་མ་རྒྱུག།
འགྲོ་བ་འཁྲུལ་སྣང་བརྒྱ་ལ།།
མ་འཁྲུལ་སངས་རྒྱས་གཅིག་རེད།།
རང་དབང་རང་དབང་ཟེར་ནས།།
རང་སྣང་གང་དྲན་མ་གནང་།།
ང་ཚོར་ཅི་ཡང་མེད་ཀྱང་།།
ཡོད་པ་བཙན་བྱོལ་གཞུང་རེད།།
ཐོབ་ཐང་ཐོབ་ཐང་ཟེར་ནས།།
གཡག་རྭ་སྒྱེ་བླུག་མ་གནང་།།
སྤྱི་མཐུན་བོད་ཀྱི་ཐོབ་ཐང་།།
ཐོབ་ཐང་གཅིག་ལས་ལྷག་ག །
3.1.2016
མ་གྱུར། ཅེས་པ་ གྱུར་པ་མ་བྱུང་བའི་དོན་ལ་གོ་བ་དང་། མར་གྱུར་པ། ཞེས་པ་མ་རུ་གྱུར་པའི་དོན་ལ་ར་རྗེས་འཇུག་ཡོད་དགོས་པ་གཙོ་ཆེར་མཐོང་།
་
གྲོག་མ་སླེབས་དྭོགས་མི་འདུག།
་
ཅེས་པ་ན་ཡོད་པའི་དྭོགས་ལ་ན་རོ་ཡོད་ན། དྭོགས་ལ་ཝ་ཟུར་མི་དགོས་པ་དཔེར་ན། དཔེར་ན། བཅོ་ལྔ་དང་། བཅོ་བརྒྱད། ཅེས་དང ན་རོ་མེད་པ་ལ། བཅྭ་ལྔ་དང་། བཅྭ་བརྒྱད། ཅེས་པ་ཡོད་པས། དོགས་ཞེས་ཝ་ཟུར་མེད་པ་ལ་སྐྱོན་གང་ཡོད་དམ། ཞེས་དྲི་བ་ལགས་སོ།
ཐོབ་ཐང་།
སྲིད་སྐྱོང་འོས་ལངས་ཐོབ་ཐང་རེད། །
སྤྱི་འཐུས་འོས་ལངས་ཐོབ་ཐང་རེད། །
དྲི་བ་བསྐོས་རྒྱུ་ཐོབ་ཐང་རེད། །
སྐྱོན་འཛུགས་བྱ་རྒྱུ་ཐོབ་ཐང་རེད། །