ཨ་འདུས་མིག་ཆུ།
མེས་པོ་ཚོའི་དཔའ་སྙིང་དོད་པོ་མ་ཉམས་ཤིང་།།
དཔའ་པོ་ཚོའི་མཛད་རྗེས་ངར་མ་མ་བརྗེད་པར།།
དྲག་དམག་གི་གདོང་ལ་ཅེར་ནས་ལ་རྒྱ་ཡི།།
གླུ་དབྱངས་དེ་ཤུགས་ཀྱིས་གྱེར་བའི་དཔའ་བོ་ཁྱོད།།
སྙིང་ཁམས་ཀྱི་དཀྱིལ་ན་ཁྱོད་ཉིད་ལྟེམས་ནས་ཡོད།།
སྙན་ངག་གི་རྒྱན་དུ་ཁྱོད་ཉིད་འཚེར་ནས་ཡོད།།
དཔའ་བོ་ཚོ་དབྱངས་ལ་གྱེར་མཁན་ཁྱོད་ཉིད་ཙམ།།
རྒྱ་གདོང་ལ་མཛུབ་མོ་ཀེར་མཁན་ཁྱོད་ཉིད་ཙམ།།
སྙན་ངག་གིས་ཁྱོད་ཉིད་གདངས་ལ་གྱེར་བཞིན་ཡོད།།
ཚོར་བ་ཡིས་ཁྱོད་ཉིད་དྲན་ནས་ངུ་བཞིན་ཡོད།།
དྲན་གདུང་གིས་སེམས་ཀྱི་མཁའ་དབྱིངས་བསྒྲིབས་པར་བྱས།།
མིག་ཆུ་ཡིས་མིག་གི་མཐོང་ལམ་འགག་པར་བྱས།།
ངུ་ངག་ཁྲོད་ཁྱོད་ཉིད་མིག་ཆུ་རྡོག་གཅིག་ཡིན།།
མིག་ཆུའི་ཁྲོད་ཉིད་འོད་ཐིགས་ཉག་གཅིག་ཡིན།།
མིག་ཆུ་དང་ངུ་ངག་ཁྲོད་ན་ཁྱོད་ཉིད་གླེངས།།
ཁྱོད་རང་དང་ཁྱོད་ཉིད་འདྲ་བ་རེ་གཉིས་ཙམ།།
གསེར་ནག་གི་རི་བོ་བརླགས་ཀྱང་མ་ཕངས་ཐལ།།
བྱམས་ལྡན་ཀྱི་ཕ་མ་གྲོངས་ཀྱང་མ་སྐྱོ་ཐལ།།
སྤྱི་སེམས་ལ་བློ་ཡིད་ཉེ་བའི་ཁྱོད་ཅག་ཀུན།།
གློག་རྡེག་ཏུ་བོར་བརླག་བྱུང་ན་ཕངས་པ་ལ།།
བླ་ཆེན་ཚོར་བསྟོད་ཚིག་འཐེན་མཁན་མང་ཚོད་ལ།།
ཕ་མ་ཚོ་དྲན་ཚུར་གྱེར་མཁན་མོད་ཚོད་ལ།།
དཔའ་བོ་ཚོ་བརྗེད་ནས་འགྲོ་བ་དེའི་ཚོད་ལ།།
བུ་རྒོད་ཁྱོས་དཔའ་བོ་དེ་ཚོ་གྱེར་བ་རེད།།
དམངས་ཁྲོད་ནས་ཁྱོད་ཉིད་སྙིང་ལ་ཉར་ནས་འདུག།།
དཔའ་བོ་ཚོས་ཁྱོད་ལ་ཕྱིར་མིག་འཕེན་ནས་འདུག།།
ཁྱོད་རང་དང་ཁྱོད་ཉིད་འདྲ་བ་ཉུང་ཉུང་དེས།།
བཙོན་ཁང་ནས་སྡུག་སྦྱོང་ཚད་མེད་མྱོང་ངེས་རེད།།
དཔའ་སྤོབས་ཀྱི་མགོ་བོ་ནང་ལ་མ་སྒུར་ཤིག།།
དཔའ་བོ་ཚོའི་མཛད་རྗེས་ནག་པོ་མ་བཟོས་ཤིག།།
ང་རང་དང་རང་ཉིད་འདྲ་བའི་སྐྱེ་བ་འགར།།
ཁྱོད་ཅག་གི་དཔའ་སྙིང་དེ་ལ་ཡིད་ཆེས་ཡོད།།
བརྩེ་དུང་གི་བཟི་གཏམ་ང་ཡིས་གླེང་བྱ་མིན།།
ཆོལ་ཞེན་གྱི་གད་སྙིགས་ང་ཡིས་བརྗོད་བྱ་མིན།།
སྙན་ངག་གི་འོད་ཁམས་ཆེན་པོའི་ནང་རིམ་ན།།
ཁྱོད་ཅག་ཀུན་བརྗོད་དོན་ཡིན་པ་མ་བརྗེད་ཨང།།
རླུང་འཁོར་གྱིས་ཁུར་བའི་ཤོག་གུའི་སྒྲ་སྐད་ཁྲོད།།
མིག་ཆུ་ཡི་རྡོག་པ་གཅིག་དེ་ལྷུང་བ་ན།།
ཁྱོད་ཉིད་ལ་ཕྱོགས་པའི་བདག་གི་སེམས་པ་འདི།།
ད་དུང་ཡང་ཕུང་པོ་ལྷན་དུ་ཡོད་པ་ཤེས།།