དགེ་བཤེས་འཕྲིན་ལས་རྒྱ་མཚོས།
ཀུན་ཏུ་རྨོངས་པའི་དྲི་མ་དག་ཅིང་སྐུ་བཞིའི་དཀྱིལ་འཁོརཡོངས་སུ་རྫོགས།།
མཁྱེན་དང་བརྩེ་བའི་འོད་ཀྱི་སྣང་བས་རྨོངས་པའི་སྨག་ཆེན་དབྱིངས་སུ་བཅིལ།།
བདག་བློ་དང་བའི་མཁའ་རུ་རྩེན་པའི་ལྷ་གཅིག་ཕྱག་ན་པདྨོ་ཡིས། །
བྱིན་རླབས་ཡེ་ཤེས་སྣང་བའི་ཟེར་བརྒྱས་བདག་ཡིད་འཆང་བ་ད་དགྲོལ་ཅིག།
སྐུ་ཡི་མཚན་དཔེ་མཐོང་ཐེངས་རེ་རེར་ལུས་ལ་དད་པའི་སྤུ་ལོང་གཡོ།།
གསུང་གི་དབྱངས་སྙན་ཐོས་ཐེངས་རེ་རེར་ཡིད་ཀྱི་གདུངས་པ་ཀུན་ནས་བཅིལ།།
ཐུགས་བསྐྱེད་ཟབ་མོའི་ཆ་ཤས་རེ་རེར་བསྟན་འགྲོའི་ཕན་བདེའི་རི་མོ་འཁྱིལ།།
ཅུང་ཟད་ཙམ་ཡང་ངལ་བ་མེད་པར་རྟག་ཏུ་གཞན་དོན་སྒྲུབ་ལ་བྲེལ།།
སྔོན་ཆད་བཙན་པོའི་དམག་དཔོན་དག་གིས་དགྲ་སྡེ་ཟིལ་གྱིས་གནོན་པའི་ས།།
ཀི་ཀི་བསྭོ་བསྭོའི་འབྲུག་སྟོང་ལྡིར་བས་གནམ་ས་གཡོ་བར་བྱེད་པའི་ཡུལ།།
བར་དུ་འཇམ་མགོན་རྒྱལ་བ་གཉིས་པས་ཐུགས་བསྐྱེད་གོ་ཆ་གྱོན་པའི་གནས།།
ད་ལྟའི་རྒྱལ་བསྟན་ཡོངས་ཀྱི་བདག་པོའི་མཚན་གྱི་མྱུ་གུའང་འདི་ནས་བཞད།།
བཀྲ་ཤིས་ལིམྦུའི་ཚལ་དུ་གྲགས་པའི་སྟག་མཚེར་ཞེས་བྱའི་གནས་མཆོག་ཏུ།།
རིགས་རུས་ཆོ་འབྲང་དད་པའི་ནོར་ལྡན་ཉམ་ཆུང་མི་ཚང་དཀྱུས་མ་ལ།།
བསམ་བཞིན་གཟིགས་པ་ལྔ་ཡིས་གཟིགས་ཏེ་འཇིག་རྟེན་འདི་རུ་བྱོན་པའི་ཚེ།།
ལྷ་དང་བཅས་པའི་འཇིག་རྟེན་ཀུན་ཏུ་དགེ་མཚན་བཀྲ་ཤིས་འབུམ་དུ་གཡོ།
།
ན་ཚོད་བྱིས་བའི་ལང་ཚོད་ཕྲ་ཡང་བཅོས་མིན་ངེས་འབྱུང་རྣལ་མ་འཁྲུངས།།
ལྷ་ལྡན་ཞིང་ནས་ཁྱེད་ཉིད་འཚོལ་བའི་སྟ་གོན་བརྟག་ཞིབ་རྒྱུད་རིམ་ཁྲོད།།
ལྷ་མོའི་བླ་མཚོར་ཨ་ཀ་མ་ཡིས་ཁྱེད་ཉིད་གསལ་བར་ལུང་བསྟན་བཞིན།།
ཚངས་ཆེན་འདྲ་བའི་མི་དྲག་སྟོང་གིས་ཁྱེད་ཉིད་སྐུ་འཁོར་དང་བཅས་པ།།
ཉི་མ་ལྷ་སའི་གྲུ་འཛིན་ཞིང་དུ་རྟ་བ་སྟོང་གི་ཕེབས་བསུ་བཅས།།
སྤྱན་དྲངས་གསེར་གྱི་ཁྲི་འཕང་མཐོན་པོར་འཁོར་ལོས་བསྒྱུར་བའི་རྒྱལ་བོ་བཞིན།།
བཀའ་ཡི་འབངས་སུ་གཏོགས་ཚད་ཀུན་ཀྱིས་ཞབས་ཀྱི་པདྨོ་སྤྱི་བོས་མཆོད།།
བཀྲ་ཤིས་རྟེན་འབྱུང་དགེ་ལེགས་འབུམ་གྱིས་འཇིག་རྟེན་ཀུན་དུ་སྣང་བར་བྱས།།
ཐོག་མེད་དུས་ནས་མངོན་སངས་རྒྱས་ཀྱང་འཇིག་རྟེན་མི་ཡི་ཚུལ་ལ་གནས།།
སྡོམ་པ་གསུམ་གྱི་གཏེར་དུ་གྱུར་ཀྱང་རབ་ཏུ་བྱུང་བའི་ཚུལ་ལ་གནས །།
བསྟན་པའི་ཡང་སྙིང་ཐུགས་སུ་ཆུད་ཀྱང་བཤེས་གཉེན་བསྟེན་པའི་ཚུལ་ལ་གནས།།
སྤངས་དང་རྟོགས་པའི་ཀློང་ཆེན་བརྡོལ་ཡང་སྒོམ་སྒྲུབ་ཉམས་ལེན་ཚུལ་ལ་གནས།།
མདོ་སྔགས་གཞུང་བརྒྱའི་དཀའ་བའི་གནད་ལ་སྒྲོ་འདོགས་མིང་གི་ལྷག་མེད་བཅད།།
ལྷ་ལྡན་མཁས་མང་འདུས་པའི་དབུས་སུ་བཀའ་པོད་གཞུང་ལ་ཐོགས་མེད་ཀྱིས།།
དམ་འཇོག་ཆོ་གས་རྟོག་གེ་འབུམ་གྱི་ཁེངས་པའི་རུ་མཚོན་ས་ལ་བསྙིལ།།
མཁས་པའི་བྱ་བ་གསུམ་གྱི་མཛད་བཟང་རྟག་ཏུ་ཉམས་པ་མེད་པར་བསྐྱངས།།
གོ་ཐོབ་ཆེད་དུ་རྭ་སྟག་འཁྲུགས་ཏེ་བཀའ་ཤག་དཀྱིལ་འཁོར་ཡོམ་ཡོམ་འདར།།
དམར་པོའི་དཔུང་གི་སྨྱོ་ཧམ་དྲག་པོས་མེ་ལྕེ་གངས་རིའི་ལྗོངས་སུ་མཆེད །།
དེ་ཚེ་བཀའ་ཡི་བློན་ཆེན་ཚོགས་ཀྱིས་ཆོས་སྲིད་འགན་དབང་ཁྱེད་ལ་བཀལ།།
ཤིན་ཏུ་ཉེན་ཁའི་དུས་ཚུགས་འདི་ལ་ཁྱེད་ཀྱི་སྐུ་རྣམ་ཕྲ་ནའང་། །
རྒྱལ་བའི་སྲས་པོའི་རང་རྟགས་ངོམས་ཏེ་སྙིང་སྟོབས་གོ་ཆ་ལྷུར་བཞེས་ཏེ།།
མ་འོས་ཁྲལ་ཁྲིམས་སྲོལ་ངན་དོར་ཏེ་དུས་དང་མཐུན་པའི་མང་གཙོ་ཡི། །
སྒྲིག་སྲོལ་བཟང་བོ་ནང་དུ་བསུས་ཏེ་ལུགས་མི་མཐུན་རྣམས་ལེགས་བཅོས་ཏེ།།
ཀུན་ལ་སྙོམས་པའི་སྒྲིག་གཞི་བཙུགས་ཏེ་ཆབ་འབངས་དགའ་བདེའི་དཔལ་ལ་སྦྱོར།།
ཁྲེལ་གཞུང་མེད་པའི་དམར་པོའི་དཔུང་གིས་རྒྱ་བོད་གཉིས་ཀྱི་སོ་འཚམས་སུ།།
བསླངས་བའི་རྡོ་རིང་ཆུ་ལ་བསྐྱུར་ཏེ་འདྲེ་ལག་ཆོས་ལྡན་ཞིང་ལ་བསྲིངས།།
བོད་ཀྱི་བསྟན་སྲིད་རྨང་ནས་བཤིག་ཏེ་ཁྱེད་ཀྱི་སྐུ་ལའང་བསྡོ་བའི་ཚེ། །
འགག་སྒོ་དུ་མ་ཐབས་ཀྱིས་བརྟོལ་ཏེ་འཕགས་པའི་ཡུལ་དུ་ཉེན་ཡོལ་བྱོན།།
དེ་ཚེ་འཕགས་ཡུལ་མཛད་གཙོ་དག་གིས་ཁྱེད་ཉིད་བསུས་ཤིང་ཁྱོད་ཉིད་ཀྱི།།
བཀའ་གསུང་སྤྱི་བོའི་རྒྱན་དུ་བླངས་ཏེ་ཤེས་ཡོན་བསྟི་གནས་སློབ་གླིང་དང་།།
རིས་སུ་མེད་པའི་ཆོས་སྡེ་དག་དང་དམངས་གཙོ་ཀ་བ་གསུམ་ལྡན་གྱི། །
འཕྲལ་སེལ་བྱེས་སུ་སྲིད་གཞུང་བཙུགས་ཏེ་འགྲོ་རྣམས་བདེ་དགའི་དཔལ་ལ་བཀོད།།
གང་གི་གསང་བ་གསུམ་གྱི་མཛད་བཟང་རྩིབས་སྟོང་གསེར་གྱི་འཁོར་ལོའི་མཐར།།
བྱམས་དང་བརྩེ་བ་འཁྱིལ་བའི་མུ་ཁྱུད་འགོག་མེད་རྟག་ཏུ་མཐའ་ཡས་པའི། །
གདུལ་བྱ་རྒྱ་མཚོའི་ཡིད་ཀྱི་མཁའ་རུ་སྤྲོས་པའི་སྤྲིན་པའི་ཚོགས་མཐའ་དག །
རིམ་གྱིས་མི་དམིགས་མཐའ་རུ་བསལ་ཏེ་བདེ་དགའ་རྒྱ་མཚོའི་དབུགས་དབྱུང་མཛད།།
གྲངས་མེད་མཁས་པའི་རྒྱུ་སྐར་དབུས་ན་ཁྱོད་ནི་ཉ་རྒྱས་ཟླ་བ་བཞིན། །
སྒོ་གསུམ་ལེགས་བསྡམས་བཙུན་པའི་ཁྲོད་ན་ཁྱོད་ཉིད་འཕགས་པ་ཉེ་བར་འཁོར།།
འཕགས་བོད་གཞུང་གི་དཀའ་གནད་འཆད་ཚེ་ཁྱེད་ཉིད་བློ་བཟང་རྒྱལ་བ་བཞིན།།
རྨད་བྱུང་མཁས་པའི་བྱ་བ་གསུམ་གྱིས་ཐུབ་བསྟན་དབུ་འཕང་དགུང་ལ་བསྟད།།
དྲི་མེད་མཁྱེན་དང་བརྩེ་བའི་བདག་ཉིད་མཚུངས་མེད་དཔལ་ལྡན་བླ་མ་ཡིས།།
མགོན་མེད་ཉམ་ཆུང་བོད་མིའི་ཚོགས་ལ་དམིགས་མེད་ཐུགས་རྗེ་གཞན་དབང་གིས།།
ཐུན་མིན་རིག་གཞུང་གཙོ་བོར་བྱས་པའི་ཕྱི་དང་ནང་གི་ཉམས་ཉེས་ཀུན། །
ཐུགས་ཀྱིས་མ་བཟོད་རྨང་ནས་གསོས་ཏེ་སྲོག་དང་དབུགས་ཀྱི་རྒྱུ་བ་སྩལ།།
ཁྱོད་ཀྱི་རྨད་བྱུང་ཐུགས་བསྐྱེད་གསུམ་གྱིས་རླབས་ཆེན་འགྲོ་དོན་བསྐྱངས་པའི་ཚེ།།
གཟུར་གནས་དཔྱོད་ལྡན་སྐྱེ་བོ་ཀུན་གྱི་དབང་མེད་ཡིད་སེམས་རབ་དྲངས་ཏེ།།
ཤར་ནུབ་རིས་མེད་འཇིག་རྟེན་ཀུན་ལ་སྤྱན་དྲངས་ཁྱོད་ཀྱིས་བདེན་གསུང་གི།།
ཤུགས་རྐྱེན་བཟང་བོའི་ནུས་སྟོབས་དེ་ཡིས་འཛམ་གླིང་མི་ཡི་ཏོག་དུ་གྱུར། །
ཁྱོད་ཀྱི་གསང་གསུམ་མཛད་པ་ཕྲ་མོ་འཇིག་རྟེན་འདི་ཡི་མཐོང་བར་དཀའ།།
འོན་ཀྱང་གསུང་གི་ལམ་སྟོན་ཟབ་མོས་འཇིག་རྟེན་འདི་ཡི་མིག་ཕྱེ་སྟེ ། །
ཆེར་རློམ་ཚན་རིག་མཁས་པ་དག་ཀྱང་ཁྱོད་ཀྱི་དྲུང་དུ་འཚང་ཁ་རྒོད།།
ཆོས་ལུགས་གཞན་གྱི་སྟོན་པར་གྲགས་པ་དག་ཀྱང་ཁྱོད་ལ་གུས་འདུད་བྱེད།།
ཁྱོད་ནི་མཆོག་དམན་འགྲོ་བ་ཡོངས་ཀྱི་མ་འདྲིས་མཛའ་བཤེས་ཆེན་པོ་སྟེ། །
ནོར་པེལ་ཞི་བདེའི་གཟེངས་རྟགས་དང་ནི་ཨ་རིའི་གསར་གྱི་རྟགས་མ་སོགས།།
གཟེངས་རྟགས་ཆེ་ཆུང་བརྒྱ་ཕྲག་མང་བོས་ཁྱེད་ཀྱི་ཆེ་མཐོང་ངོ་སྤྲོད་ཞུས།།
དེ་རིང་སེམས་ཀྱི་མཆོད་པ་འདི་ཀོ་མགོན་ཁྱོད་མཉེས་པའི་རྟེན་དུ་ཕུལ།།
འཇིག་རྟེན་ཞེས་བྱའི་གོ་ལའི་ཁྱོན་ན་སྐྱེས་སྦྱང་ལྷག་བསམ་ཉིན་བྱེད་བརྒྱའི། །
གཟི་བྱིན་ཉིན་ལྟར་བླ་ན་འབར་བའི་སྤྱན་རས་གཟིགས་དབང་བཅུ་བཞི་བ། །
བསྐལ་མང་བསགས་པའི་སྤྱི་མཐུན་དགེ་བས་ཁྱོད་སྐུ་འགྱུར་མེད་རྟག་བརྟན་ཞིང་། །
ཀུན་ཕན་རླབས་ཆེན་བཞེད་དོན་གེགས་མེད་ལྷུན་གྱིས་འགྲུབ་པར་སྨོན་ལམ་འདེབས། །
དགེ་བཤེས་འཕྲིན་ལས་རྒྱ་མཚོ་མཆོག
ཁྱེད་ཀྱི་རྒྱལ་བའི་དབང་པོར་བསྟོད་བསྔགས་བཀླགས་པས་ལེགས་པར་མཐོང་།
ལོ་ངོ་བཅུ་ཕྲག་སྔོན་དུ་བདག་གིས་བླ་མ་མཆོག་ལ་མཆོད་བརྗོད་ཅིག་བདག་གིས་བརྩམས་པའི་བོད་བརྡ་སྤྲོད་དུ་བྲིས་པ་འདི་ལྟར་ལགས།
ཆོས་དབྱིངས་ངང་ནས་མཁྱེན་བརྩེ་རང་བཞིན་དགེ་སྦྱོང་མི་ཡི་གཟུགས་སུ་རྣམ་པར་རོལ།
བསླབ་གསུམ་ལྷ་ལམ་ཡངས་པར་ཐེག་པ་ཆེན་པོའི་མདོ་སྔགས་ཟུང་འབྲེལ་རྟ་བདུན་གྱིས།
བོད་ཀྱི་རིག་གཞུང་སྣང་བྱེད་ནུབ་རིར་སོན་པ་སླར་ཡང་ཤར་རིར་རྣམ་པར་འདྲེན།
འགྲོ་བའི་བླ་མར་གུས་པས་ཕྱག་འཚལ་ཞབས་བརྟན་སྐྱེ་དགུར་དགེ་བའི་རྒྱལ་མཚན་སྒྲེངས།།
ཁྱེད་ཀྱི་ཡི་གེ་འགའ་་ལ་རང་རེའི་བློ་སྐྱེད་པའི་དཔྱད་དགོས་པར་མཐོང་། དེ་ཡང་། ཡིད་འཆང་བ་ ཞེས་པ་ཡིད་འཆིང་ངམ་ཡིད་བཅིངས་ཡིན་པ་ཐུགས་འབྲེལ་གྱིས་ཀི་གུ་ཆད་པ་འདྲ། ད་དགྲོལ་ཅིག། ཅེས་པ་ད་སྒྲོལ་ཅིག ཅེས་ཡིན་ངེས་བསམ། ཡིན་ན། ད་སྔོན་འཇུག་དེ། ས་དང་ར་རུ་འབོད་པ་འདུག་ཅེས་བདག་གིས་བྲིས་ཟིན། སོ་འཚམས་སུ། ཞེས་ས་མཚམས་སུ། ཞེས་དགོས་སྙམ། དེ་ལྟར་ཡིན་ཚེ། རྗེ་བཙུན་བསོད་ནམས་རྩེ་མོས་གསུངས་པ་ལྟར་རང་རེས་་ང་རོ་འབོད་སྟངས་དེ་དག་ལེགས་པར་སྦྱང་དགོས་པར་སྣང་། བཤིག་ཏེ། ཞེས་པར་ག་ལ་ཡང་འཇུག་ས་ཡོད་ན་ཏེ། ཞེས་པ་བརྡ་སྤྲོད་དང་མཐུན། དེ་མིན་རྗེས་འཇུག་ག་ལ་སྟེ་ཞེས་འབྲི་དགོས། དགུང་ལ་བསྟད། ཅེས་པའི་བསྟད་ཀྱི་དོན་མ་ཤེས། རྟ་བ་ རྒྱལ་བོ ་བཟང་བོ་ བཅུ་བཞི་བ ཞེས་པ་དག་གི་མིང་མཐའ་དེ་དག་བཀའ་བསྟན་ཀྱི་ལུགས་དང་མི་མཐུན། ཆེར་རློམ་ཚན་རིག་མཁས་པ་ ཞེས་པའི་ཆེར་རློམ་ ཞེས་པར་ཚིག་་དེ་མ་ཡིན་པར་གཞན་ཞིག་བཀོལ་ན་ལེགས། དེ་དག་ལ་རློམ་པ་མེད་པས་སྐུ་མདུན་དུ་བཅར། དེ་མིན་དེ་འདྲའི་རློམ་པ་ཅན་དག་སྐུ་མདུན་དུ་མཇལ་དཀའ་བར་སེམས། འཚང་ཁ་རྒོད། ཅེས་པ་དེ་བདག་གི་སྐད་དུ། ཚངས་ཀ་རྒྱབ། ཅེས་པའི་ དོན་ཡིན་ནམ་སྙམ། འཚང་ ཞེས་པ་ སངས་ཀྱི་ ད་ལྟ་དང་མ་འོངས་ལ་བཀའ་བསྟན་ན་གསལ་ལོ།།