རྔ་བ་ཀུན་བཟང་ནས།
དེ་རིང་ཉིན་གང་བོ་ཚ་གདུང་གི་དཀྱིལ་ནས་དཔེ་ཀློག་རེ་དང་གཞས་ཚིག་འགའ་ལ་མགོ་འཁོར་ནས་ཉི་མ་ཡང་ནུབ་ཚར་འདུག། དོ་ནུབ་ཕྱི་ལ་ཆར་བ་སིམ་སིམ་ཞིག་འབབ་ཅིང་ངོ་མ་ཞི་འཇམ་གྱི་ཚོར་བ་སྐྱིད་པོ་ཞིག་རེད། ད་དུང་ང་སྡོད་སའི་ཁང་ཆུང་དེ་དོ་ནུབ་རྣམ་ཀུན་དང་མི་འདྲ་བ་ཅི་འདྲའི་ཁ་ཁུ་སིམ་ཨང་། དོན་མེད་ལ་ཡར་འགྲོ་མར་འགྲོ་བྱེད་མཁན་གྱི་མི་རྣམས་ཕལ་ཆེ་བ་རྨི་ལམ་གྱི་ཞིང་ཁམས་ན་ཕེབས་པ་འདྲ། ད་ལྟའི་དུས་སུ་རྣམ་ཀུན་གྱི་གད་མོ་དགོད་པའི་སྒྲ་དང་། འཁྲུག་པ་རྒྱག་པའི་ཀུ་ཅོ། འཆལ་གཏམ་བཤད་པའི་སྐད་ཡོད་ཚད་མཚམས་ཆད་པས། ང་རང་ལུང་སྟོང་ཞིག་ན་ལྷུང་སོང་བའི་སྣང་བ་ལྟ་བུའི་ཡ་མཚན་ཞིག་སྐྱེས།
ང་མོ་ལོ་ཉེར་བདུན་ལ་སླེབས་ཡང་སེམས་པ་དེ་བྱིས་པ་ལོ་གསུམ་ཅན་དང་འདྲ་ཙམ་ཡོད་མོད། དེའི་ཁར་ད་ལྟ་ལྟ་བུའི་མུན་ནག་ཅིག་ན་རང་ཉིད་གཅིག་པུ་གཉིད་དགོས་དུས། རྣམ་ཀུན་གྱི་གཉིད་སོས་དལ་དེ་ཡང་སངས་ནས་སྙིང་ཁ་གཡུགས་ཤིང་ལུས་ཡོངས་འདར་ཏེ་མལ་ཆས་ནང་ནས་སྔར་སོང་གི་འཚོ་བ་དང་། འབྱུང་འགྱུར་གྱི་བུ་ནོར་བུ་ཁྱེད་ལ་བསམ་བློ་གཏོང་གིན་གཉིད་ཁུག་ཐབས་བྲལ། ངས་དེ་ལྟར་བསམ་བཞིན་ག་ལེར་བྱེད་ནས་སྒེའུ་ཁུང་ནས་ཕྱི་ལ་ཅི་ཞིག་ཡོད་མེད་ལ་ལྟ་འདོད་ཀྱང་བློ་ཁོག་ག་ལ་ཡོད།
གཅེས་ཕྲུག་ལགས། དུས་ཀྱི་འཁོར་ལོ་ནི་འགོག་མེད་དུ་འགྱུར་འགྲོ་བས། ཁྱེད་ནམ་ཞིག་གི་དུས་ན་མི་ཡུལ་ལ་སླེབས་དུས། ད་ལྟའི་འཚོ་བ་དང་དེའི་རྣམ་པ་ཡོད་ཚད་འགྱུར་ཡོད་སྲིད། ང་ཚོ་དང་འདྲ་བའི་རང་གི་ཕ་མ་དང་ཁ་བྲལ་ནས་མི་ཚེ་གཅིག་ལ་མི་ཡུལ་ལ་ལྷག་སྲིད། འོན་ཀྱང། འགན་སེམས་དང་ཧུར་སེམས་གཉིས་ཉམས་ཆགས་སྤུ་ཙམ་ཡང་འགྲོ་མི་ཉན། རང་ཉིད་ལ་ལས་བྲེལ་ཅི་འདྲ་ཆེ་ཡང་འགྲོ་ཞོར་སྡད་ཞོར་དུ་ཡར་དཀོན་མཆོག་གསུམ་ལ་གསོལ་བ་དང་སྨོན་ལམ་འདེབས་བའི་གོམས་གཤིས་དང་། རང་གི་ལྕེ་ཐོག་གི་ཕ་སྐད་དྭངས་མ་དེ་སྤུན་ཟླ་མང་པོའི་ཚེ་སྲོག་དང་འབྲེལ་བས་ནམ་ཡང་འབོར་མི་ཉན་།
གཅེས་ཕྲུག་ལགས། ངའི་མི་ཡུལ་གྱི་མི་ལོ་བཅུ་ཕྲག་ཁ་ཤས་དེར་ཕྱི་བལྟས་ཤིག་བྱས་ཚེ།བྱམས་སེམས་ཅན་གྱི་མ་ཡར་དང་། རེ་བ་གཅིག་པའི་སློབ་གྲོགས། ཤ་ཚ་ཆེ་བའི་དགེ་རྒན། ད་དུང་སྙན་ངག་འགའ་རེ་བྲིས་པའི་གྲུབ་འབྲས་ནི་ད་ལྟའི་སེམས་གསོ་ཁོ་ན་ལགས། གལ་ཏེ་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་གི་སེམས་གཏམ་བརྗོད་ས་ཞིག་མེད་ཚེ། དེ་རིང་ཁྱེད་དང་མཉམ་དུ་གསང་གཏམ་བརྗོད་པའི་སྐལ་བ་ཞིག་ག་ལ་ཡོད།
གཅེས་ཕྲུག་ལགས། སྤྱིར་ཡིན་ན་ང་ནི་འབྲོག་ཁྱིམ་ནས་འཚར་ལོངས་འབྱུང་ཞིང་། རྟ་ནོར་དང་མཉམ་དུ་མི་ལོ་དུ་མའི་མཛའ་གྲོགས་ཡིན་པས། ངས་ཡུལ་རིང་རེ་སྒུག་བྱེད་པའི་སྦྲ་ནག་གི་ལྷས་འདབས་ན་ཁྱེད་མགྲོན་དུ་བསུ་འདོད། ད་དུང་རྟག་ཏུ་དྲན་པའི་ཕ་མ་གཉིས་ཀྱི་བཞིན་རས་དང་རྩྭ་ཐང་གི་མཛེས་པ་ཡོད་ཚད་ཁྱེད་ལ་ལོངས་སུ་སྤྱོད་པའི་གོ་སྐབས་ཤིག་བསྐྲུན་དགོས་ཡང་། རྨི་ལམ་དེ་ཚེ་འདི་ལ་ངས་གྲུབ་ཐུབ་མ་སོང་། འོན་ཀྱང། ཁྱེད་ལ་གཤིས་རྒྱུད་བཟང་བའི་ཨ་ཕ་ཞིག་དང་། བརྩེ་དུང་ལྡན་པའི་ཨ་མ་ཞིག་གི་མི་ཡུལ་ནས་རེ་སྒུག་བྱེད་བཞིན་ཡོད།
ཕྱི་ལོ་༢༠༡༩་ཟླ་བ་༩་ཚེས་༩་ལ་བྲིས།
ཚང་མ་ལ་བཀའ་དྲིན་ཆེ། ཁ་བརྡ་ཚང་ཁ་དྲོད།
འདི་ན་མྱི་སྐད་གསོན་པོ་ཞིག་འདུག་མོད། མྱིའི་འཚོ་བ་རོལ་མ་མྱོང་པའི་མི་དག་ལ་ཅི་ཡང་མིན་པ་འདྲ། མཆན་ཅི་ཡང་མི་འདུག ངས་རང་ཉིད་མྱི་ཞིག་ཡིན་མདོག་བསྟན་པ་མིན་མོད། རང་ཉིད་བརྩམས་སྒྲུང་ལ་དགའ་བའི་དབང་གིས་ཚིག་འདི་དག་ཤོར་སོང་། ཚིག་ཕྲད་འགའ་དེ་ཙམ་བློ་ལ་མ་བདེ་ནའང་སྤྱིའི་ཆ་ནསམྱི་སྐད་གསོན་པོ་ཞིག་བྲིས་འདུག་པས་མཆན་འདི་འདེབས་འདོད་བྱུང་།
བོད་ཡིག་གིས་ལྟོ་མི་རྙེད་ཅེས་ངུ་སྐད་རྒྱག་སའི་ཁོར་ཡུག་ཅིག་ནས་བོད་ཡིག་གིས་རང་གི་བུ་ལ་་བོད་ཡིག་སྦྱོངས་་ཞེས་ཁ་བརྡ་བྱེད་པ་འདི་ཁོ་ནས་ང་རང་ཡིད་ཚིམས་སོང་། དེ་དང་མཉམ་དུ་གྲོད་ཁོག་ཅུང་ཙམ་འབིར་བའི་རྣམ་པ་ཞིག་ཀྱང་བོད་ཡིག་གི་ནང་ནས་མཐོང་སོང་། ཁྱོད་ལ་དེ་ཙམ་གྱིས་མི་ཆོག་པ་ཅི།